ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱ་བ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། སྤྱིའི་བླང་བྱ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་སོ་སོ། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་།ཐིང་།ཅུས་སོ་སོ།

ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།རྩྭ་ཐང་འཁོར་རྒྱུག་ཞབས་ཞུ་དང་དོ་དམ་ལྟ་སྐུལ་བྱ་བར་ཤུགས་སྣོན་ཆེད།ཞིང་ལས་པུའུ་ཡི《ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་འཁོར་རྒྱུག་དོ་དམ་བྱེད་ཐབས》དང 《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་འཁོར་་རྒྱུག་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ཆེན་སྲིད་གཞུང་གིས་འཐད་པ་བྱུང་བ་བརྒྱུད་དེ་ད་ལྟ་གཤམ་གྱི་མཛུབ་སྟོན་བསམ་འཆར་བཏོན་པ་སྟེ།

(གཅིག)མཛུབ་སྟོན་བསམ་བློ། 

ཀྲུང་དབྱང་གི་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་དགོངས་དོན་རབས་དང་རིམ་པ་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་དང་ཞིང་ཕྱུགས་ལས་ལ་ཕན་འབྲས་ཐོབ་པ་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་བ་དམིགས་འབེན་དུ་བརྩིས་ནས།རྩྭ་ཐང་ནི་རྒྱལ་ཁབ་ལ་དབང་བ་རྒྱུན་འཁྱོངས་དང་།བདག་དབང་དང་འགན་གཙང་ལེན་གྱི་དབང་ཆ།བདག་གཉེར་དབང་ཆ་གསུམ་སོ་སོར་དབྱེ་བ་དང་།རོང་འབྲོག་ཁྱིམ་ཚང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་རང་དབང་གི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པ།རྩྭ་ཐང་གི་འཁོར་རྒྱུག་ཞབས་ཞུ་མ་ལག་འཛུགས་ཤིང་འཐུས་ཚང་དུ་གཏོང་བ།རྩྭ་ཐང་གི་འཁོར་རྒྱུག་ཞབས་ཞུ་དང་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། རོང་འབྲོག་པའི་སྣེ་ཁྲིད་དེ་རྩྭ་ཐང་གི་བདག་གཉེར་དབང་ཆ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་ཅིང་།རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ།ཕྱུགས་ལས་ལ་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་འཕེལ་རྒྱས་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་འཕྲོད་མཐུན་ཡོང་བར་སྐུལ་འདེད་བྱེད་པ་དང་།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་གོང་སྤེལ་མཐུན་སྦྱོར་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

(གཉིས།)གཞི་རྩའི་རྩ་དོན།

——རྩྭ་ཐང་ནི་རྒྱལ་ཁབ་ལ་དབང་བ་རྒྱུན་འཁྱོངས་དང་།རོང་འབྲོག་ཁྱིམ་ཚང་གི་འགན་གཙང་ལེན་དབང་ཆ་སྲ་བརྟན་དུ་གཏོང་བ།རྩྭ་ཐང་གི་བདག་གཉེར་དབང་ཆ་ལྷོད་ཡངས་སུ་བཏང་ནས།ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་བདག་གཉེར་རྨང་གཞི་བྱས་ནས་ཁྱིམ་ཚང་གི་བདག་གཉེར་དང་ཐུན་མོང་གི་བདག་གཉེར།མཉམ་ལས་བདག་གཉེར།ཁེ་ལས་ཀྱི་བདག་གཉེར་ལ་སོགས་པའི་བདག་གཉེར་བྱེད་སྟངས་སྣ་ཚོགས་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

——ཁྲིམས་ལྟར་དང་རང་འདོད།རིན་དོད་ཡོད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རོང་འབྲོག་ཁྱིམ་ཚང་གཙོ་གཞི་བྱས་ཏེ་སྲིད་གཞུང་གིས་ཚད་ལྡན་གྱིས་སྣེ་ཁྲིད་པ་དང་ཚོང་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པ་བཅས་ཀྱིས། རྩྭ་ཐང་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པ་དེ་འགན་གཙང་ལེན་བྱས་པའི་རོང་འབྲོག་ཁྱིམ་ཚང་གི་འདོད་བློ་དང་རྒྱབ་འགལ་བྱེད་མི་ཆོག་ལ། རོང་འབྲོག་པའི་ཁེ་དབང་ལ་གནོད་པ་བཟོ་མི་རུང་།རྩྭ་ཐང་གི་སྤྱོད་ཡུལ་བསྒྱུར་མི་ཆོག ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་མི་ཆོག

——ཞབས་ཕྱི་དང་སྣེ་ཁྲིད། ཁྲིམས་ལྟར་ཚད་ལྡན་དུ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྩྭ་ཐང་གི་འཁོར་རྒྱུག་ཞབས་ཞུ་མ་ལག་མྱུར་དུ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྩྭ་ཐང་གི་འཁོར་རྒྱུག་ཞབས་ཞུ་དང་རྩྭ་ཐང་སྲུང་སྐྱོབ་དང་ལྟ་སྐུལ།དོ་དམ་བྱེད་པར་ཤུགས་སྣོན་དགོས། རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་གོ་རིམ་དང་འཁོར་རྒྱུག་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། རོང་འབྲོག་པའི་སྣེ་ཁྲིད་དེ་རྩྭ་ཐང་གི་བདག་གཉེར་དབང་ཆ་ཁྲིམས་ལྟར་གོ་རིམ་ཡོད་པའི་ངང་འཁོར་རྒྱུག་བྱེད་དགོས། འཁོར་རྒྱུག་གན་རྒྱའི་དོ་དམ་ནན་མོ་བྱེད་པ་དང་། རྩྭ་ཐང་གི་རྩོད་གླེང་འདུམ་འགྲིག་ལེགས་པོ་བྱས་ཏེ་གཏན་འཇགས་ངང་རྩྭ་ཐང་ལ་གཞི་ཁྱོན་འོས་འཚམ་གྱིས་བདག་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས།

——བཅོས་བསྒྱུར་སྒུལ་ཤུགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རོང་འབྲོག་པའི་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱེད་ཅིང་། རྩྭ་ཐང་གི་འཁོར་རྒྱུག་རྣམ་པ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་ཉམས་མྱོང་ཕྱོགས་སྡོམ་དང་ཡུལ་དེའི་དོན་དངོས་དང་མཐུན་པའི་འཁོར་རྒྱུག་དཔེ་དབྱིབས་དང་ནུས་ཡོད་ཀྱི་ཞབས་ཞུ་དང་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་ནས།རྩྭ་ཐང་བདག་གཉེར་དབང་ཆའི་འཁོར་རྒྱུག་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

གཉིས་པ། བྱ་བའི་གཙོ་གནད། 

(གསུམ།)རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། 

རྩྭ་ཐང་གི་འགན་གཙང་ལེན་གན་རྒྱ་ལེན་པའི་དབང་ཆ་དང་ཐོ་འགོད་བྱེད་པའི་དབང་ཆ། དཔང་ཡིག་ར་སྤྲོད་དབང་ཆ་བཅས་ཀྱི་རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་ནི། རྩྭ་ཐང་གི་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་བྱེད་པ་དང་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་ཡོང་བར་སྐུལ་འདེད། གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་གོང་དུ་སྤེལ་བའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་རེད། རྩྭ་ཐང་གི་བདག་གཉེར་གན་རྒྱ་འཐུས་ཚང་དུ་གཏོང་བ་དང་རྩྭ་ཐང་གི་ཟིན་ཐོ་འཐུས་ཚང་དུ་གཏོང་བ།རྩྭ་ཐང་དབང་བའི་དབང་ཡིག་གནང་བ།རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་དང་དངོས་པོའི་བདག་དབང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།རྩྭ་ཐང་གི་འཁོར་རྒྱུག་སྤེལ་བ་དང་།རྩྭ་ཐང་གི་རྩོད་གླེང་འདུམ་སྒྲིག་བྱེད་པ།རྩྭ་ཐང་གི་ཁ་གསབ་དང་བྱ་དགའ་གནང་བའི་སྲིད་ཇུས་དངོས་འབེབས།རྩྭ་ཐང་སྡུད་ལེན་ཁ་གསབ་དང་གཏའ་མ་བཞག་ནས་འགན་ལེན་བཅས་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་དགོས། ཞང་གྲོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་འཁོར་རྒྱུག་ཞབས་ཞུ་ལས་ཁུངས་ཀྱིས་ནན་ཏན་སྒོས་རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་མཐའ་གཅིག་ཏུ་ངོས་བཟུང་དབང་ཆའི་ཐོ་འགོད་ལམ་ལུགས་དངོས་འབེབས་བྱེད་དགོས་པར་མ་ཟད།ཧུར་ཐག་གིས་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་ཐོ་འགོད་སྙན་སེང་ཞུ་བའི་བྱ་བ་སྤེལ་དགོས།རྩྭ་ཐང་འགན་གཙང་ལེན་དང་རོང་འབྲོག་ཁྱིམ་ཚང་གི་ཆ་འཕྲིན་གཞི་གྲངས་ཀྱི་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས།རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་གི་རྨང་གཞི་བྱ་བ་ལེགས་སྒྲུབ་བྱེད་དགོས།རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆའི་ཆ་འཕྲིན་བེད་སྤྱོད་སྟེགས་བུ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།མང་ཚོགས་ཀྱིས་འདྲི་རྩད་བྱེད་པར་སྟབས་བདེ་བཟོ་བ་དང་ཞབས་ཞུ་དོ་དམ་ལ་ཕན་ཐོགས་པར་བྱ་དགོས།རྩྭ་ཐང་འགན་གཙང་ལེན་བྱེད་པ་མཐའ་གཅིག་ཏུ་ངོས་འཛིན་པའི་དབང་ཆའི་བྱ་བ་ཡོངས་འགྲུབ་བྱས་ཟིན་པའི་ས་ཁུལ་གྱིས་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་དུས་མཐའ་གཅིག་ཏུ་ངོས་བཟུང་བའི་དབང་ཆས་ཞིབ་བཤེར་གཏན་འབེབས་བྱས་པའི་རྒྱ་ཁྱོན་དང་ཕྱོགས་བཞིའི་ས་མཚམས་སོགས་གཞི་འཛིན་ས་བྱེད་དགོས།མཐའ་གཅིག་ཏུ་ངོས་འཛིན་མ་བྱས་པའི་དབང་ཆ་ལ་རྩྭ་ཐང་འགན་གཙང་ལེན་བྱས་ནས་གནང་བའི“དབང་ཡིག་གཉིས་དང་གན་རྒྱ་གཅིག”གནས་སྐབས་སུ་གཞི་འཛིན་ས་བྱས་ཏེ། མཐའ་གཅིག་ཏུ་ངོས་འཛིན་བྱེད་པའི་དབང་ཆ་ཡོངས་འགྲུབ་བྱས་རྗེས་དུས་ཐོག་ཏུ་བསྒྱུར་བཅོས་བྱེད་དགོས།

(བཞི།)རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་གན་རྒྱ་འཇོག་པའི་མཛུབ་སྟོན་དང་དབྱེ་གསལ་ར་སྤྲོད་ལམ་ལུགས་དངོས་འབེབས་བྱེད་དགོས།

ཞང་གྲོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་འཁོར་རྒྱུག་ཞབས་ཞུ་ལས་ཁུངས་ཀྱིས་ནན་ཏན་སྒོས་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་གན་རྒྱ་འཇོག་པའི་མཛུབ་སྟོན་དང་གན་རྒྱ་དབྱེ་གསལ་ར་སྤྲོད་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་དགོས། འཁོར་རྒྱུག་གན་རྒྱ་མ་བཞག་སྔོན་གཙོ་བོར་རྩྭ་ཐང་གི་འཁོར་རྒྱུག་གཞི་ཁྱོན་དང་འཁོར་རྒྱུག་སྤྱོད་ཡུལ།འཁོར་རྒྱུག་བྱེད་སྟངས།འཁོར་རྒྱུག་དུས་ཡུན་བཅས་དང་དེ་མིན་རྩྭ་ཐང་འཁོར་རྒྱུག་གཙོ་གཞི་ཁྲིམས་མཐུན་ཡིན་མིན་ལ་ཞིབ་བཤེར་བྱེད་དགོས།རྩྭ་ཐང་གི་བདག་གཉེར་དབང་ཆ་བཤུག་ལེན་བྱེད་མཁན་ལ་ཕྱུགས་ལས་ཐོན་ལས་བདག་གཉེར་གྱི་ནུས་པ་ཡོད་མེད་དང་།འཚོ་བཀག་རྩྭ་ཐང་ཡིན་མིན་ལ་སོགས་པར་ཞིབ་བཤེར་གཏན་འབེབས་བྱས་ནས།རྩྭ་ཐང་འཁོར་རྒྱུག་བྱེད་པ་དེ་འགན་གཙང་ལེན་བྱེད་པའི་ཡུན་ཚད་ལས་བརྒལ་བ་དང་།འཁོར་རྒྱུག་བྱེད་སྟངས་དང་འཁོར་རྒྱུག་གཙོ་གཞི་བཅས་ཁྲིམས་དང་མི་མཐུན་པ།འཁོར་རྒྱུག་བྱས་རྗེས་རྩྭ་ཐང་གི་ཕྱུགས་ལས་སྤྱོད་ཡུལ་བསྒྱུར་བ་དང་ཁྲིམས་འགལ་གྱིས་ཕྱུགས་བཀག་རྩྭ་ཐང་འཁོར་རྒྱུག་བྱེད་པ་སོགས་ཀྱི་གནས་ཚུལ་སྔོན་འགོག་བྱེད་ཅིང་། རྩྭ་ཐང་འཁོར་རྒྱུག་གི་གན་རྒྱ་དབྱེ་གསལ་ར་སྤྲོད་བྱེད་པ་དངོས་འབེབས་ནན་མོ་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་ཁ་ཆད་དུས་ལྟར་ཡོ་བསྲང་བྱེད་དགོས། བཟོ་ཚོང་ཁེ་ལས་ཀྱིས་རྩྭ་ཐང་འཁོར་རྒྱུག་བྱེད་དུས། ངེས་པར་ཕྱུགས་ལས་ཐོན་སྐྱེད་བྱེད་པའི་ནུས་པ་ཡོད་པ་དང་། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འོས་འགན་ལག་བསྟར་བྱས་ཏེ།རྩྭ་ཐང་ལ་བརྟེན་ནས་ཕྱུགས་ལས་ཐོན་སྐྱེད་མ་ཡིན་པའི་བདག་གཉེར་བྱ་འགུལ་སྤེལ་མི་ཆོག ཞིང་ཆེན་ཞིང་ཕྱུགས་ལས་སྡེ་ཁག་གིས་ཐོབ་ཐང་ཞིབ་བཤེར་དང་ལས་གཞི་ཞིབ་བཤེར་གཏན་འབེབས།ཉེན་ཁ་འགན་སྲུང་མ་དངུལ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།རྩྭ་ཐང་འཁོར་རྒྱུག་ཆ་རྐྱེན་དང་བདག་གཉེར་ཁྱབ་ཁོངས་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པར་མ་ཟད། ཁྲིམས་དང་འགལ་ནས་རྩྭ་ཐང་གི་སྤྱོད་ཡུལ་བསྒྱུར་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་དགོས།

(ལྔ) རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་རྣམ་པ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་བ།

འགན་གཙང་ལེན་རོང་འབྲོག་ཁྱིམ་ཚང་གིས་ཁྲིམས་ལྟར་ལག་བརྒྱུད་འགན་ལེན་དང་བོགས་མར་གཏོང་བ། ཕན་ཚུན་བརྗེ་རེས། ནང་བཤུག་གཏོང་བ།དེ་མིན་མ་རྐང་ནང་ཞུགས་པ་སོགས་རྣམ་པས་རྩྭ་ཐང་འཁོར་རྒྱུག་འགན་ལེན་བྱེད་པར་སྐུལ་མ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་རོགས་སྐྱོར་སྲིད་ཇུས་གཏན་འབེབས་བྱས་ཏེ་རོང་འབྲོག་པས་ཡུན་རིང་པོར་རྩྭ་ཐང་འཁོར་རྒྱུག་འགན་གཙང་ལེན་བྱེད་པར་སྣེ་ཁྲིད་བྱེད་ཅིང་།ལས་རྐང་སྤོ་བར་སྐུལ་འདེད་གཏོང་རྒྱུར་སྐུལ་མ་གཏོང་དགོས།ཆ་རྐྱེན་མཚུངས་པའི་འོག་ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གི་ཁོངས་མིར་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པའི་དམིགས་བསལ་དབང་ཆ་ཡོད། ནང་བཤུག་རྣམ་པས་རྩྭ་ཐང་འཁོར་རྒྱུག་འགན་གཙང་ལེན་བྱེད་ན།རྩ་དོན་སྟེང་ནས་ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གི་ཁོངས་མིའི་བར་བྱེད་ན་འགྲིག་ཅིང་།འགན་གཙང་སྤྲོད་བྱེད་མཁན་འཐད་པ་འབྱུང་དགོས། རྣམ་པ་གཞན་པས་འཁོར་རྒྱུག་བྱེད་ན། ཁྲིམས་ལྟར་འགན་གཙང་སྤྲོད་བྱེད་མཁན་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་སྙན་སེང་ཞུ་དགོས།

(དྲུག)རྩྭ་ཐང་འཁོར་རྒྱུག་བྱེད་པའི་བྱ་སྤྱོད་ནན་མོར་ཚད་ལྡན་དུ་གཏོང་དགོས། 

རྩྭ་ཐང་འགན་གཙང་ལེན་བདག་གཉེར་བྱེད་པའི་དབང་ཆ་རོང་འབྲོག་པར་དབང་བས། རྩྭ་ཐང་འཁོར་རྒྱུག་བྱེད་མིན་དང་། འཁོར་རྒྱུག་རིན་གོང་ཇི་ལྟར་གཏན་འཁེལ་བྱེད་པ། འཁོར་རྒྱུག་རྣམ་པ་ཅི་ཞིག་འདེམ་པ་སོགས་འགན་གཙང་ལེན་བྱེད་པའི་རོང་འབྲོག་ཁྱིམ་ཚང་རང་གིས་ཐག་བཅད་ཆོག་ལ། འཁོར་རྒྱུག་བྱས་པའི་ཕན་འབྲས་དེ་འགན་གཙང་ལེན་བྱས་པའི་རོང་འབྲོག་ཁྱིམ་ཚང་ལ་དབང་།འཁོར་རྒྱུག་དུས་ཡུན་ལ་འཁོར་རྒྱུག་ཕྱོགས་གཉིས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཁྱབ་ཁོངས་ནང་གྲོས་མོལ་བྱས་རྗེས་གཏན་འཁེལ་བྱེད་ཆོག རོང་འབྲོག་ཁྱིམ་ཚང་གིས་ཡིག་ཐོག་གི་མངག་བཅོལ་མེད་ན་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱིས་བྱེད་སྟངས་གང་དང་གང་སྤྱད་དེ་འཁོར་རྒྱུག་རོང་འབྲོག་ཁྱིམ་ཚང་གིས་འགན་གཙང་ལེན་བྱས་པའི་རྩྭ་ཐང་ཐག་གཅོད་བྱེད་མི་ཆོག་ཅིང་། ལྷག་ཏུ་མང་ཁ་ཉུང་ལེན་གྱི་མིང་ཐོག་ནས་སྡེ་བ་དང་ཧྲེ་ཧྲིལ་པོ་རོང་འབྲོག་ཁྱིམ་ཚང་གིས་འགན་ལེན་བྱས་པའི་རྩྭ་ཐང་ལ་གཅིག་བསྡུས་ཀྱིས་ཕྱི་ནས་ཚོང་འགུག་བདག་གཉེར་བྱས་མི་ཆོག གཞི་རིམ་ལས་བྱེད་པ་ཉུང་ཤས་ཀྱིས་ལྐོག་ཏུ་འཁོར་རྒྱུག་བྱས་ཏེ་རང་དོན་བསྒྲུབ་པ་སྔོན་འགོག་བྱེད་དགོས། ལས་འགན་གཏན་འཁེལ་དང་དམིགས་ཚད་གཏན་འཁེལ་དང་ཡང་ན་འཁོར་རྒྱུག་རྒྱ་ཁྱོན་དང་འཁོར་རྒྱུག་གི་བསྡུར་ཚད་དེ་བྱ་བ་སྒྲུབ་པའི་འབྲས་བུར་བརྩི་བ་སོགས་ཀྱི་རྣམ་པས་རྩྭ་ཐང་འཁོར་རྒྱུག་བྱེད་པར་སྐུལ་བ་གཏན་འགོག་བྱེད་དགོས།

(བདུན།) རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཁྲོད་ཀྱི་དོ་དམ་དང་ཞབས་ཞུ་ལ་ཤུགས་སྣོན་དགོས།

 ཞིང་ཆེན་ཞིང་ཕྱུགས་ཐིང་གིས་རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཚོང་རའི་འཁོར་སྐྱོད་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་རྩྭ་ཐང་གི་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པའི་ཚོང་ར་སྤེལ་བར་སྐུལ་འདེད་གཏོང་དགོས། རྫོང་དང་ཞང་མི་དམངས་སྲིད་གཞུང་གིས་ས་ཞིང་འཁོར་རྒྱུག་ཞབས་ཞུ་ལས་ཁུངས་དང་ཡང་ན་ཞིང་སྡེ་བདག་གཉེར་དོ་དམ་ལས་ཁུངས་བརྒྱུད་དེ་རྩྭ་ཐང་འཁོར་རྒྱུག་བྱེད་པའི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། རྫོང་ཞང་སྡེ་གསུམ་རིམ་པའི་ཞབས་ཞུ་དང་དོ་དམ་དྲ་བ་ཆ་ཚང་དུ་གཏོང་ཞིང་རྩྭ་ཐང་འཁོར་རྒྱུག་བྱེད་པའི་ལྟ་ཞིབ་ཚད་ལེན་ལམ་ལུགས་འཛུགས་པ་དང་། རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཆ་འཕྲིན་ཡིག་ཚགས་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་འཁོར་རྒྱུག་བྱེད་པའི་ཕྱོགས་གཉིས་ལ་དུས་ཐོག་ཏུ་ཆ་འཕྲིན་བསྒྲགས་པ་དང་། སྲིད་ཇུས་ཀྱི་བློ་འདྲི་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། འགན་གཙང་ལེན་རོང་འབྲོག་ཁྱིམ་ཚང་དང་འགན་གཙང་ལེན་བྱེད་མཁན་བར་ལ་ཡིག་ཐོག་གི་འཁོར་རྒྱུག་གན་རྒྱ་འཇོག་པར་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་གན་རྒྱའི་མ་དཔེ་ཡིག་ཆ་བཀོལ་དགོས། ཁྲིམས་ལྟར་འགན་གཙང་ལེན་བྱེད་མཁན་གྱི་རྩྭ་ཐང་བདག་གཉེར་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། འཁོར་རྒྱུག་གན་རྒྱའི་དུས་ཡུན་ལོངས་རྗེས་འགན་གཙང་ལེན་བྱེད་མཁན་ལ་ཆ་རྐྱེན་མཚུངས་པའི་འོག་མུ་མཐུད་དུ་གན་རྒྱ་འཇོག་པའི་དམིགས་བསལ་དབང་ཆ་ཡོད། རྩྭ་ཐང་འགན་གཙང་ལེན་བདག་གཉེར་བྱེད་པའི་ཁྲོད་ཀྱི་རྩོད་གླེང་འདུམ་འགྲིག་དང་རྩད་གཅོད་པའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།རྩོད་གླེང་འདུམ་འགྲིག་དང་ཐག་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས།རྩྭ་ཐང་འགན་གཙང་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པའི་ཁྲོད་ཀྱི་རྩོད་གླེང་འོས་ཤིང་འཚམ་པའི་སྒོ་ནས་ཞི་ལྷོད་དུ་གཏོང་དགོས།

(བརྒྱད།) རྩྭ་ཐང་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཁྲོད་ཀྱི་དོ་དམ་ལ་ཤུགས་སྣོན་དགོས། 

རྩྭ་ཐང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་བྱེད་དགོས། རྩྭ་ཐང་འཁོར་རྒྱུག་བྱེད་པའི་མིང་ཐོག་ནས་སྒྲིགས་ཁྲིམས་དང་འགལ་ཏེ་ཕྱུགས་ལས་དང་འབྲེལ་བ་མེད་པའི་འཛུགས་སྐྲུན་བྱེད་རྒྱུར་གཏན་འགོག་བྱེད་དགོས། འཁོར་རྒྱུག་བྱེད་པའི་རྩྭ་ཐང་སྟེང་ཡུལ་སྐོར་སྤྲོ་གསེང་བྱེད་ས་འཛུགས་པ་དང་ཡང་ན་རྣམ་པ་བསྒྱུར་བའི་འཛུགས་སྐྲུན་གཏན་ནས་བྱེད་མི་ཆོག རྩྭ་ཐང་སྟེང་སྡོང་པོ་འཛུགས་པ་དང་ཕྱུགས་ལས་ཐོན་སྐྱེད་གཏོར་བརླག་བྱེད་པའི་བྱ་སྤྱོད་གཏན་ནས་ཡོད་མི་ཆོག རྩྭ་ཐང་ལ་གཏོར་བརླག་དང་སྦགས་བཙོག་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་པ་དང་། རྩྭ་ཐང་སྟེང་གི་རྨང་གཞིའི་སྒྲིག་བཀོད་གཏོར་བརླག་བྱེད་མི་ཆོག རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་རྩྭ་ཐང་ལྟ་སྐུལ་དོ་དམ་བྱེད་པའི་འགན་ནུས་ཁྲིམས་ལྟར་ལག་ལེན་ནན་མོ་བྱེད་ཅིང་། རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཁྲོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རྩྭ་ཐང་བེད་སྤྱོད་བྱེད་པའི་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཁྲིམས་ལྟར་སྒྲིགས་ཁྲིམས་དང་འགལ་བའི་བྱ་སྤྱོད་དག་ལ་རྩད་གཅོད་བྱེད་དགོས། འཁོར་རྒྱུག་རྩྭ་ཐང་སྟེང་ཕྱུགས་ལས་གཉེར་བར་ཁག་ཐེག་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། “བོགས་མར་གཏོང་བའི་མིང་ཐོག་ནས་གཞུང་སྡུད”བྱེད་པའི་སྒྲིགས་ཁྲིམས་དང་འགལ་ཞིང་ཕྱུགས་ལས་དང་གཏན་ནས་འབྲེལ་བ་མེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྩད་གཅོད་བྱེད་པ་དང་། རང་འདོད་དུ་རྩྭ་ཐང“ཕྱུགས་ལས་དང་འབྲེལ་མེད”བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས།

གསུམ་པ།རྩ་འཛུགས་ཀྱི་འགན་ལེན།

(དགུ།) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་དགོས། 

རྩྭ་ཐང་གི་འགན་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པ་དེ་རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་བརྟན་འཇགས་ཀྱི་ཁྱོན་ཡོངས་དང་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས།ས་གནས་སོ་སོས་གཙིགས་མཐོང་བྱས་ཏེ།མགོ་ཁྲིད་ལ་ཤུགས་སྣོན་པ་དང་རྩྭ་ཐང་གི་འགན་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པའི་དོ་དམ་ཞབས་ཞུ་ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་། རྩྭ་ཐང་འཁོར་རྒྱུག་གི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ།སྲིད་ཇུས་དང་བྱེད་ཐབས་གཏན་འབེབས། བྱ་བ་དངོས་འབེབས་བྱེད་པར་དམ་འཛིན་བཅས་ཀྱིས་རྩྭ་ཐང་འགན་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་དང་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་ལ་མཛུབ་སྟོན་དང་།མཐུན་སྦྱོར།ལྟ་སྐུལ་སོགས་བྱ་བ་ལེགས་སྒྲུབ་ནན་ཏན་བྱེད་དགོས།

(བཅུ།) དྲིལ་སྒྲོག་ཤུགས་ཚད་ཇེ་ཆེ་དང་ལས་སྒོའི་གསོ་སྦྱོང་ཇེ་དྲག་ཏུ་གཏོང་དགོས། 

རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་ཁྱབ་ཆེ་བའི་ངང་རྩྭ་ཐང་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ།སྲིད་ཇུས་བཅས་དྲིལ་སྒྲོག་བྱས་ཏེ། རོང་འབྲོག་པ་མང་ཚོགས་ཀྱི་རྩྭ་ཐང་འཁོར་རྒྱུག་ཚད་ལྡན་དུ་གཏོང་བའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།རྩྭ་ཐང་འཁོར་རྒྱུག་བྱེད་པའི་ཞབས་ཞུ་དོ་དམ་ལས་ཁུངས་ཀྱི་མི་སྣར་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རྩྭ་ཐང་འཁོར་རྒྱུག་བྱེད་པ་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ།སྒྲིགས་ཁྲིམས། འབྲེལ་ཡོད་སྲིད་ཇུས། རྩྭ་ཐང་འཁོར་

རྒྱུག་བྱེད་པའི་ཐོ་འགོད།གན་རྒྱར་མིང་རྟགས་འགོད་པ། སྙན་སེང་ཐོ་འགོད།འཁོར་རྒྱུག་བྱས་པའི་སྡོམ་རྩིས་གྲངས་ཀ་ཡར་ཞུ་སོགས་ལས་སྒོའི་གསོ་སྦྱོང་སྤེལ་གང་ཐུབ་བྱས་ཏེ།རྩྭ་ཐང་གི་འགན་གཙང་ལེན་བདག་གཉེར་དབང་ཆ་ཚད་ལྡན་ངང་འཁོར་རྒྱུག་བྱེད་པར་འཇོན་མིའི་ཐད་ནས་འགན་ལེན་བྱེད་དགོས།

(བཅུ་གཅིག) ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་བྱ་བ་སྒྲུབ་པའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།

རིམ་པ་སོ་སོའི་རྒྱལ་ཁབ་མངའ་ཁོངས་དང་ཞིང་ཕྱུགས་སྡེ་ཁག་གིས་རྩྭ་ཐང་གི་སྤྱོད་སྒོ་འཁོར་རྒྱུག་བྱེད་པར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཞིང་། རྩྭ་ཐང་གི་འགན་གཙང་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་མ་བྱས་སྔོན་གྱི་ཆ་འཕྲིན་ལ་ཞིབ་བཤེར་དང་།འགན་གཙང་ལེན་བྱེད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར། འཁོར་རྒྱུག་གན་རྒྱ་ཐོ་འགོད།སྙན་སེང་ཐོ་འགོད། འཁོར་རྒྱུག་བྱས་རྗེས་ཀྱི་རྗེས་འདེད་ཞབས་ཞུ་སོགས་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས། ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཁྲིམས་འགལ་དུ་རྩྭ་ཐང་འཁོར་རྒྱུག་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱེད་དགོས།དུས་ཐོག་ཏུ་གནས་ཚུལ་གསར་པ་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། རྩྭ་ཐང་གི་འགན་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་བྱེད་པ་དང་རིན་གོང་ཆགས་པའི་ནང་རྐྱེན་ཆ་ཚང་དུ་བཏང་ནས།རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

(བཅུ་གཉིས།) ཆ་འཕྲིན་ཡར་སྐྱེལ་གང་ལེགས་བྱས་ཏེ་ཆ་འཕྲིན་གང་སར་འབྱོར་བར་ཁག་ཐེག་བྱེད་དགོས།

རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་རྩྭ་ཐང་འགན་གཙང་ལེན་བདག་གཉེར་དབང་ཆ་འཁོར་རྒྱུག་གཞི་ཁྱོན་དང་སྒྲུབ་ཚད། བདག་གཉེར་སོགས་གནས་ཚུལ་སྡོམ་རྩིས་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་ཤིང་།རྩྭ་ཐང་གི་འཁོར་རྒྱུག་དོ་དམ་ཞབས་ཞུ་ལས་ཁུངས་ཀྱིས་ཟླ་རེ་དང་དུས་ཚིགས་རེ། ལོ་ཕྱེད།ལོ་རེ་བཅས་ལྟར་སྡོམ་རྩིས་བྱས་ཏེ། རིམ་པ་ལྟར་ཞིང་ཕྱུགས་སྲིད་འཛིན་གཙོ་བདག་སྡེ་ཁག་ལ་ཡར་ཞུ་བྱས་ནས་སྙན་སེང་ཞུས་ནས་ཐོ་འགོད་བྱེད་དགོས།

བསམ་འཆར་འདི2016ལོའི་ཟླ12པའི་ཚེས9ཉིན་ནས་བཟུང་ལག་བསྟར་བྱེད་པ་དང་།2021ལོའི་ཟླ12པའི་ཚེས8ཉིན་བར་གོ་ཆོད་པ་ཡིན། །

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས2016ལོའི་ཟླ11པའི་ཚེས10ཉིན། (མཚོ་སྔོན་ཞིང་ཆེན་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚིགས་ཀྱིས་བསྒྲགས།)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།