ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་པའི་

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་པའི་སྐོར་གྱི་བསམ་འཆར།

2017ལོའི་ཟླ་དང་པོའི་ཚེས23ཉིན།

2016ལོར། རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ནང་སྒོས་སུ་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བྱས་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་པ། མཁོ་འདོན་ཁག་ཐེག་དང་ཡོང་སྒོ་ཁག་ཐེག སྐྱེ་ཁམས་ཁག་ཐེག་བཅས་སྤྱིའི་ལས་འགན་དུ་བརྩིས་པ་དང་། གཅིག་འདུས་ཅན་དང་སྐྱེ་ལྡན་ཅན། ཆས་རྟགས་ཅན་བཅས་ཁ་ཕྱོགས་བྱས་ཏེ། གྲུབ་ཚུལ་ལེགས་སྒྲིག་དང་རྣམ་པ་བསྒྱུར་བ། བཅོས་བསྒྱུར་སྐུལ་འདེད། རྨང་གཞི་སྲ་བརྟན། མི་འདང་ས་ཁ་གསབ་བཅས་ཀྱིས་ཞིང་ཕྱུགས་ལས་བདག་གཉེར་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་གང་ཡོད་བཏོན་པ་དང་། ཞིང་ཕྱུགས་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་དང་ཞིང་ཕྱུགས་ལས་ཀྱི་འཕར་སྣེ་གསར་པ་སྐྱེད་སྲིང་། ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་དང་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་ལག་བསྟར་བྱེད་པ་བཅས་ལ་ཤུགས་གང་ཡོད་བཏོན་པས། རོང་འབྲོག་ཁུལ་གྱི་དཔལ་འབྱོར་བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང5%ཡན་འཕར་ལ། རོང་འབྲོག་ཁུལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་སྒོ9%ཡན་འཕར་བ་དང་། བསྟུད་མར་ལོ7རིངGDPཡི་འཕར་ཚད་ལས་མཐོ་བ་བཅས“ལྔ་བཅུ་གསུམ”ལ་མགོ་བཟང་པོ་བརྩམས་པ་མངོན་འགྱུར་བྱུང་།

མིག་སྔར། རང་ཞིང་གི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་སླེབས་ཏེ། ཞིང་ཕྱུགས་ཐོན་རྫས་ཁ་ཤས་ཀྱི་མཁོ་འདོན་གྲུབ་ཚུལ་དོ་མི་སྙོམས་པ་དང་གྲུབ་ཆའི་སྡེབ་སྒྲིག་ལུགས་དང་མི་མཐུན་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཇེ་ཆེར་འགྲོ་བ་སོགས་གནད་དོན་དང་། མ་རྩ་ཇེ་མཐོ་དང་རིན་གོང་ཇེ་དམའ། གཞི་ཁྱོན་ཇེ་ཆུང་དང་རྒྱུ་སྤུས་ཞན་པ། ཐོན་སྐྱེད་ཆུང་བ་དང་ཚོང་ར་ཆེན་པོ་བར་གྱི་མཐུད་འབྲེལ་མི་དམ་པ། ཐོན་ལས་མཉམ་འདྲེས་དང་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བ་མི་འདང་བ། འཕར་འབྲས་དང་ཡོང་འཕར་གྱི་དཀའ་ཚད་ཇེ་ཆེ་ཡིན་པ་སོགས་འགལ་བར་འཕྲད་ཡོད། དེའི་ཕྱིར་ངེས་པར་དཀའ་གནད་དང་འགྲན་སློང་ལ་གདོང་གཏོད་པ་དང་། གནས་བབ་གསར་པའི་བླང་བྱ་གསར་པར་མཐུན་པའི་སྒོ་ནས། ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ་དང་། གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་བ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པ་དེ་ཤུགས་འདོན་ཕྱོགས་གཙོ་བོར་བརྩི་བ་བཅས་བྱས་ཏེ། སྒྲིག་གཞི་ནང་རྐྱེན་གསར་སྐྲུན་དང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་ལེགས་སྒྱུར། ཞིང་སའི་ཐོན་རིན་དང་ཐོན་ཁུངས་བེད་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་ཚད་མཐོར་འདེགས་བྱེད་པ། ཞིང་ཕྱུགས་ལས་ཐད་ནས་བསྟུད་མར་ལྗང་མདོག་སྐྱེ་ཁམས་ཀྱི་ཕྱོགས་སུ་སྙེག་པ་དང་སྤུས་ཀའི་དགོས་མཁོ་བསྐང་བར་སྔར་ལས་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས།

2017ལོའི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་ཟབ་མོ་བྱེད་པ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང“བསྒྱུར་བ་བཞི”ཇེ་མགྱོགས་སུ་གཏོང་བ། ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོར་འཛིན་པ། ཞིང་ཕྱུགས་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་འཕར་བ། རོང་འབྲོག་པ་ལས་ཀར་སྤྲོ་ཞིང་ཡོང་སྒོ་འཕར་བ། རོང་འབྲོག་ཁུལ་ལྗང་མདོག་འཕེལ་རྒྱས་འབྱུང་བ་བཅས་ལ་དམིགས་ནས། ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། ཞིང་ཕྱུགས་ལས་བདག་གཉེར་བྱེད་པའི་སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་བའི་ནང་རྐྱེན་བཟོ་བ་བཅས་བྱས་ཏེ། ཐོན་སྐྱེད་ཀྱི་ཕན་འབྲས་མཐོ་ཞིང་ལྷད་མེད་སྤུས་ལེགས་ཡིན་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཛའ་མཐུན་གྱི་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་དགོས། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་རིན་ཐང5%ཡན་དང་རོང་འབྲོག་ཁུལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ9%ཡན་འཕར་བར་བྱེད་དགོས།

གཅིག གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། མུ་མཐུད་དུ་ཞིང་ཕྱུགས་ལས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ།

ཐོན་རྫས་ཀྱི་ཐོན་ལས་གྲུབ་ཚུལ་གྱིས་མཁོ་འདོན་གྱི་གྲུབ་ཚུལ་ཐག་གཅོད་བྱེད་པས། ངེས་པར་ཞིང་ཆེན་ཕྱི་ནང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་འདོན་བྱེད་སྟངས་ལ་དམིགས་པ་དང་། ཚོང་རའི་དགོས་མཁོ་ཕྱོགས་སྟོན་དུ་བརྩི་བ། ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་པ་དང་ཐོན་ནུས་འཕར་བར་བྱེད་པ། ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་སྒྲིག་སྦྱོར་བྱེད་དགོས།

1.ཞིང་ཕྱུགས་ལས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས། “ཁུལ་གསུམ་རྒྱུད་གཅིག”གི་གྲུབ་ཚུལ་འཛུགས་གང་ཐུབ་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་གཙོ་བོ་ཡིན་པའི་ཤར་རྒྱུད་ཁྱད་ལྡན་འདེབས་གསོ་ཕན་མཐོ་དཔེ་སྟོན་ཁུལ་དང་། མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ་བཅས་ཁུལ་གསུམ་གཙོ་བོ་ཡིན་པའི་མཚོ་སྐོར་ཞིང་ཕྱུགས་སྣོལ་འདྲེས་ཀྱིས་འཁོར་རྒྱུག་བྱེད་པའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་ཁུལ་གསུམ་གཙོ་བོ་ཡིན་པའི་མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་འོས་འཚམ་སྒོས་གསར་སྤེལ་བྱེད་པའི་མུ་རྒྱུད་བཅས་བསྐྲུན་གང་ཐུབ་བྱེད་དགོས། ཁྱབ་ཁོངས་ཀྱི་བསྡུར་བའི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་སྔར་ལས་འབུར་དུ་ཐོན་པར་བྱས་ཏེ། གཙོ་བོ་ཞོག་ཁོག་དང་ལོག་དཀར། ནས། རྒྱ་སྲན། སིལ་ཏོག་དང་སྔོ་ཚོད། སྐམས་ལུག་ཤ། བཞོན་མ། ཆུ་འཁྱགས་ནང་གསོས་པའི་ཉ་དང་གཟན་རྩྭ་བཅས་ཁྱད་ལྡན་ཐོན་ལས་མུ་རྒྱུད་བཅུ་གཙོ་གནད་དུ་བཞག་ནས་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ལྡན་དང་ལྗང་མདོག སྤྱི་གནོད་མེད་པའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། ས་གནས་སོ་སོས་ལྡུམ་རའི་ལག་རྩལ་གྱི་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུའི་ཐོན་རྫས། 

ནགས་ཐོན་ཁྱད་ལྡན་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་ལྡན་པའི་ཁུལ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། འབྲུ་རིགས་དཀྱུས་མ་དང་སྲན་མ་དཀྱུས་མ། སྔོ་ཚོད་དང་སིལ་ཏོག མེ་ཏོག་དང་སྡོང་ཕྲུག བཟའ་བྱའི་ཤ་མོ། ཀྲུང་ལུགས་སྨན་རྫས་དང་ཁྱད་ལྡན་གསོ་སྤེལ་སོགས་ཐོན་ལས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བཏང་སྟེ། ས་གནས་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་དང་དངོས་རྫས་ཆུང་རིགས་དེ་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐོན་ལས་ཆེན་པོར་བཟོ་དགོས།

2.འདེབས་གསོ་གྲུབ་ཚུལ་གཅིག་གྱུར་གྱིས་ལེགས་སྒྱུར་བྱེད་དགོས། འབྲུ་སྣུམ་འདེབས་འཛུགས་དང་ཕྱུགས་བྱ་གསོ་སྤེལ། སིལ་ཏོག་དང་སྔོ་ཚོད། འདྲེ་ཚེར་མ་དང་སྟར་བུ་བཅས“སྒོར་དུང་ཕྱུར་བརྒྱ”ཡི་ཐོན་ལས4པོ་བསྐྲུན་གང་ཐུབ་བྱེད་དགོས། “འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག གཟན་རྩྭ”བཅས་སྣེ་གསུམ་གྲུབ་ཚུལ་བརྟན་བརླིང་ཡོང་བར་བྱས་ཏེ། གསོ་བའི་ཆེད་དུ་འདེབས་པ་དང་འདེབས་གསོ་ཟུང་འབྲེལ་བྱེད་དགོས། འདེབས་འཛུགས་ལས་རིགས་ཐད་ནས་ལོག་དཀར་དང་ཞོག་ཁོག་ཐོན་སྐྱེད་བརྟན་བརླིང་ཡོང་བར་བྱེད་པ་དང་། འབྲུ་རིགས་དང་གཟན་རྩྭ་གཉིས་སྤྱོད་ཅན་གྱི་ནས་དང་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་ཚད་འོས་འཚམ་གྱིས་ཇེ་མང་དུ་གཏོང་བ། རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་དང་མཚོ་ནུབ་སོགས་ས་ཁུལ་གྱི་སྔོ་ཚོད་རྟེན་གཞིའི་ཐོན་ནུས་མཐོར་འདེགས་བྱས་ཏེ། “ཚོད་སླེ”ཡི་བཟོ་འགོད་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཁྱད་ལྡན་སིལ་ཏོག་རིགས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པ་དང་། ཚྭ་འདམ་གཞོང་གི་འདྲེ་ཚེར་མ་སོགས་ཀྲུང་བོད་སྨན་རྫས་གསར་སྤེལ་གཏིང་ཟབ་བྱེད་དགོས། ཕྱུགས་ལས་ཀྱི་ཐད་ནས་གཞི་ཁྱོན་ཅན་གྱི་བདག་གཉེར་དང་ཚད་གཞི་ཅན་གྱི་གསོ་སྤེལ། ལྗང་མདོག་ཅན་གྱི་འཕེལ་རྒྱས། ཞིབ་གཉེར་ཅན་གྱི་དོ་དམ་བཅས་ཕྱོགས་སྟོན་དུ་བརྩིས་ཏེ། འབྲོག་ཁུལ་ནས་མུ་མཐུད་དུ་རྒྱལ་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ་དང་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཞག་སྟེ། རྩྭ་གཟན་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཁུལ་དུ་ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་གཙོ་གནད་དུ་བཞག་སྟེ། “བསྐྱུར་བ་གསུམ་དང་སྐུལ་སྤེལ་གསུམ། ཟུང་འབྲེལ་གསུམ”ལ་སྐུལ་འདེད་བཏང་སྟེ། བྱ་སྒོང་དང་ཕག་ཐོན་སྐྱེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཟན་རྩྭ་ཇེ་མང་དང་གཟན་ཆས་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། བཤའ་ནོར་བཤའ་ལུག་གི་རང་སྤེལ་རང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བཞོན་མ་རྒྱུད་བཟང་ཅན་དུ་འགྱུར་བའི་བསྡུར་ཚད་མཐོར་འདེགས་དང་དམིགས་བསལ་གསོ་སྤེལ་འོས་འཚམ་གྱིས་འཕེལ་རྒྱས་སུ་གཏོང་དགོས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་འོས་འཚམ་སྒོས་གསར་སྤེལ་བྱེད་པའི་མུ་རྒྱུད་སྐྲུན་པ་དང་། ཆུ་འཁྱགས་ནང་གི་ཉ་བདེ་ཐང་ངང་གསོ་སྤེལ་བྱེད་པའི་རྟེན་གཞིར་རོགས་སྐྱོར་དང་ཇེ་རྒྱས་སུ་གཏོང་དགོས། ཞིང་ཕྱུགས་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་བྱེད་པའི་འདེབས་འཛུགས་གྲུབ་ཚུལ་ཆགས་པར་བྱས་ཏེ། འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

3.བདག་གཉེར་བྱེད་མཁན་གསར་པ་སྐྱེད་སྲིང་བྱེད་དགོས། ལས་རིགས་གསར་པའི་རོང་འབྲོག་པ་སྐྱེད་སྲིང་དང་ཞིང་པ་ལས་བཟོ་པའི་ལས་རིགས་རྩལ་ནུས་མཐོར་འདེགས་བྱེད་པར་དམིགས་ནས། ཐབས་ལམ་སོ་སོའི་གསོ་སྦྱོང་མ་དངུལ་གྱི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་རམ་འདེགས། གཅིག་གྱུར་བཀོད་སྒྲིག ཐོན་ལས་ཀྱིས་སྐུལ་ཁྲིད་བྱེད་པ་བཅས་ཀྱི་གསོ་སྦྱོང་ནང་རྐྱེན་འཛུགས་དགོས། ཞིང་ཕྱུགས་ལས་ཀྱི་ལས་ཞུགས་པའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཞིང་བདག་གསོ་སྦྱོང་འཆར་གཞི་དང་ཞིང་ཕྱུགས་ལས་བདག་གཉེར་མཁན་གསར་པའི་སྣེ་ཁྲིད་པ་རེས་སྐོར་གསོ་སྦྱོང་བྱེད་པའི་འཆར་གཞི་འགོད་པར་སྐུལ་སྤེལ་གཏིང་ཟབ་བྱེད་དགོས། ཞིང་ཕྱུགས་ལས་ལས་རིགས་བདག་གཉེར་དོ་དམ་མཁན་འཚོལ་ཞིབ་སྐྱེད་སྲིང་དང་། དེང་རབས་ཞིང་ཕྱུགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཞིང་པ་གསར་པ་སྐྱེད་སྲིང་བྱེད་དགོས། ཆེད་ལས་འཇོན་མི་སྐོར་ཞིག་གསོ་སྐྱོང་དང་། ཞིང་སྡེའི་ལག་བཟོ་པ་སྐོར་ཞིག་ལ་རོགས་སྐྱོར་བྱེད་དགོས། བདག་གཉེར་མཁན་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། འདེབས་གསོ་ཁྱིམ་ཆེན། ཞིང་ཕྱུགས་ལས་ཀྱི་སྣེ་ཁྲིད་ཁེ་ལས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཆགས་པའི་གཏན་འཇགས་རྒྱུ་ནོར་དེ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་སྤྲད་དེ་བདག་འཛིན་དོ་དམ་བྱེད་དུ་འཇུག་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས། བདག་གཉེར་མཁན་གསར་པས་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་སྤེལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་། ཆེད་ཚན་སློབ་གྲྭ་ཆེ་འབྲིང་ནས་མཐར་ཕྱིན་པའི་སློབ་མ་དང་སྡེ་དཔོན་སློབ་ཆེན་པ། གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣ་བཅས་ཀྱིས་རོང་འབྲོག་པའི་མཉམ་ལས་ཁང་སྣེ་ཁྲིད་དེ་འཛུགས་པ་དང་ཡང་ན་གསར་དུ་འཛུགས་པར་སྐུལ་མ་གཏོང་བ། དཔེ་སྟོན་ཁེ་ལས་དང་དཔེ་སྟོན་མཉམ་ལས་ཁང་། དཔེ་སྟོན་ཁྱིམ་ཚང་གི་ཞིང་ཕྱུགས་ར་བཅས་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་གང་ཐུབ་བྱེད་དགོས།

4.ཞིང་ཕྱུགས་ལས་ཀྱི་སྤུས་ཀ་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་དགོས། ཞིང་ལས་ཚད་གཞི་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས། སིལ་ཏོག་དང་སྔོ་ཚོད་ཐོན་སྐྱེད་ར་བ་དང་ཕྱུགས་བྱ་ཆུ་ཐོན་གསོ་སྤེལ་ར་བ། གནས་གཏན་འཁེལ་བྱེད་པའི་བཤས་ར། འོ་མའི་ས་ཚིགས། ཁྱད་ལྡན་ནགས་ཐོན་སིལ་ཏོག་གི་ཐོན་རྫས་སོགས་ཐོན་སྐྱེད་ཁེ་ལས་དང་རོང་འབྲོག་པའི་མཉམ་ལས་ཁང་དང་དམ་དུ་སྦྲེལ་ནས། ཞིང་ཕྱུགས་ལས་ཚད་གཞི་ཅན་གྱི་ཐོན་སྐྱེད་སྐུལ་སྤེལ་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་བྱེད་པའི་ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་། ལྟ་བཤེར་ནུས་པ་འཛུགས་པར་ཤུགས་སྣོན་པ། ཞིང་ཕྱུགས་ལས་ཐད་གཏོང་བའི་རྒྱུ་རྫས་ཀྱི་ཐོན་ཁུངས་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། སྲོག་ཆགས་དང་སྐྱེ་དངོས་ལ་ནད་འབུས་གནོད་འཚེ་ཐེབས་པར་ཆེད་ལས་དང་ལྡན་པའི་སྒོ་ནས་གཅིག་གྱུར་གྱིས་འགོག་བཅོས་བྱེད་པའི་བྱ་བ་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་རྫོང་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ཁུངས་འདེད་བྱེད་པའི་སྟེགས་བུ་བཙུགས་ཏེ། གྲོང་ཁྱེར་དང་ཁུལ་གྱི་ཤ་དང་སྔོ་ཚོད་འཁོར་རྒྱུག་ཁུངས་འདེད་མ་ལག་དང་མཐུད་སྦྲེལ་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ཐད་ནས་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་དགོས། ཕྱུགས་བྱ་བདེ་ཐང་སྒོས་གསོ་སྤེལ་བྱེད་སྟངས་ཁྱབ་གདལ་དུ་གཏོང་བ་དང་། བཙན་ཐབས་ཀྱིས་རིམས་འགོག་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པ། རིམས་འགོག་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་པ། མྱུར་བསྟུན་ཐག་གཅོད་དང་གནོད་མེད་ཅན་དུ་ཐག་གཅོད་པའི་ནུས་པ་མཐོར་འདེགས་བྱེད་པ་བཅས་ཀྱིས། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ཤུགས་གང་ཡོད་བཏོན་ནས་འགན་སྲུང་བྱེད་དགོས།

5.དེང་རབས་ཞིང་ཕྱུགས་ལས་ར་བ་འཛུགས་སྐྲུན་སྐུལ་སྤེལ་བྱེད་དགོས། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཞིང་ལས་ཚན་རྩལ་ར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གང་ནུས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཞིང་ཕྱུགས་ལས་ཚན་རྩལ་གྲུབ་འབྲས་ནང་འདྲེན་དང་གཅིག་བསྡུས། ཁྱབ་གདལ་དུ་གཏོང་བ་བཅས་ཀྱིས། འཕེལ་རྒྱས་སྔོན་ཐོན་དང་གསར་སྐྲུན་ཧུར་པོ། བསྐྱར་དཔར་དང་ཁྱབ་གདལ་གཏང་ཆོག་པའི་དཔེར་འོས་མཚོན་དཔེ་གསར་དུ་བསྐྲུན་ནས། ཐོན་ལས་ཁྱབ་ཚུལ་ལུགས་དང་མཐུན་པ་དང་རྩ་འཛུགས་བྱེད་སྟངས་སྔོན་ཐོན་ཡིན་པ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་ནུས་མཐོ་བ། མཁོ་འདོན་འགན་སྲུང་བདེ་འཇགས་ཡིན་པ། ཕྱོགས་བསྡུས་ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་ས་ཁོངས་རང་བཞིན་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ས་ཁུལ་ཆགས་སུ་བཅུག་སྟེ། ཞིང་ལས་ར་བ་སྣ་ཚོགས་ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་པ་དང་རིགས་སྣ་གསར་པ། དཔེ་དབྱིབས་གསར་པ་བཅས་ནང་འདྲེན་དང་འགྲེམ་སྟོན་ཁྱབ་གདལ་གཏོང་བའི་རྟེན་གཞི་དང་བློ་རིག་ལྡན་པའི་ཞིང་ལས། གནད་ཁེལ་ཞིང་ལས་དཔེ་སྟོན་རྟེན་གཞི་རུ་འགྱུར་དུ་འཇུག་དགོས། ཕྱུགས་ལས་དཔེ་སྟོན་ར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ས་རྒོད་གསར་སྦོལ་ཁེ་ལས་ཀྱི་སྣེ་ཁྲིད་དེ་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་དུ་བསྒྱུར་དགོས། སྣེ་ཁྲིད་ཁེ་ལས་དང་ཚན་ཞིབ་ལས་ཁུངས་ཀྱིས་འཁོར་སྐྱོད་ཚོང་གཉེར་ཐོན་ལས་ར་བ་འདྲེན་འགུག་བྱེད་པར་སྐུལ་མ་གཏོང་བ་དང་། སྒྲིག་བཀོད་ཞིང་ཕྱུགས་ལས་དང་གནད་ཁེལ་ཞིང་ཕྱུགས་ལས། ལས་སྣོན་ཞིབ་མོ་བྱེད་པ་དང་དེང་རབས་ཚོང་གཉེར་བཅས་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཕྱུགས་ལས་བདག་གཉེར་མཁན་གསར་པ་དང་ཞིང་ཕྱུགས་ཁྱིམ་ཚང་གིས་ཆེད་ལས་ཅན་དང་ཚད་གཞི་ཅན། གཅིག་འདུས་ཞིབ་གཉེར་ཅན་བཅས་ཀྱི་ཐོན་སྐྱེད་བྱེད་པར་སྐུལ་ཁྲིད་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་སོ་སོ་ནས་རིམ་པ་སྤར་བ་དང་མུ་འབྲེལ་ཧྲིལ་པོའི་རིན་ཐང་འཕར་བར་སྐུལ་འདེད་གཏོང་དགོས། འཐུས་ཚབ་རང་བཞིན་དྲག་པ་དང་རིགས་སྣ་མང་བ། ཐབས་ལམ་གསལ་པོོ་ཡིན་པའི་འཛུགས་སྐྲུན་བྱེད་སྟངས་སྐོར་ཞིག་ཆགས་སུ་བཅུག་སྟེ། ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།

གཉིས། ལྗང་མདོག་འཕེལ་རྒྱས་ལ་བསྙེགས་ཏེ། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཁྲོད་ཐག་གཅོད་བྱེད་དགོས་པའི་གནད་དོན་འབུར་ཐོན་ཞིག་ཡིན་པས། ངེས་པར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་ལེན་ནན་མོ་དང་། སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྔར་ལས་དོ་སྣང་། 

གོ་རིམ་ཡོད་པའི་སྒོ་ནས་ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་ནུས་ལྡན་བྱེད་པའི་ཡུན་ཕན་ནང་རྐྱེན་འཛུགས་པ་བཅས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་བསྟུད་མར་འཕེལ་འཐུས་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

6.སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་འགོད་ཆེ་རིགས་འཛུགས་པར་སྐུལ་འདེད་གཏོང་དགོས། རི་ཆུ་རྩྭ་ནགས་ཞིང་མཚེའུ་སོགས་ཀྱི་རང་བྱུང་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་དགོས། “སྐྱེ་ཁམས་ཁུལ་ཆེན་པོ་ལྔ”གཙོ་བོར་བཟུང་སྟེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་དང་། ཚྭ་འདམ་གཞོང་དང་མཚོ་སྔོན་པོ། རྨ་ཙོང་འབབ་རྒྱུད་ས་ཁུལ་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། རང་བྱུང་ནགས་སྲུང་སྐྱོབ་དང་འགོག་སྲུང་ནགས་ཀྱི་མ་ལག་འཛུགས་སྐྲུན། ཕྱུགས་བསྐྱུར་རྩྭ་སྐྱོང་། རྨོ་བསྐྱུར་ནགས་སྐྱོང(རྩྭ་སྐྱོང)། ས་ཆུ་སྲུང་འཛིན། བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་ཀྱི་བཟོ་འགོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། རྒྱལ་ཁབ་མངའ་ཁོངས་ཀྱི་ལྗང་མདོག་དང་ཞན་འགྱུར་རྩྭ་ས་བཅོས་སྐྱོང་བྱེད་པ།ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་དང་ཉམས་གསོ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། ཁྱབ་ཁོངས་གཙོ་བོ་དང་རི་ཞིང་། ཤུར་གྲོག་སོགས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཟི་ལིང་དང་ཡུས་ཧྲུའུ། མཚོ་ཤར་སོགས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཙོང་ཆུ་སོགས་ཀྱི་འབབ་རྒྱུད་དང་བཞུར་རྒྱུན་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དམ་འཛིན་བྱེད་དགོས།

7.སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་སྤྱི་ཕན་ནགས་ཀྱི་སྐྱེ་ཁམས་ཕན་ནུས་ཁ་གསབ། བརླན་སའི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་སོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་དང་། རྩྭ་ཐང་དོ་དམ་བྱས་པ་བཟང་མིན་ལྟར་བྱ་དགའ་དང་ཁ་གསབ་གནང་བ་ཁྱབ་གདལ་དུ་གཏོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་རྩྭའི་ཕྱུགས་ལས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་ཀྱིས། འདེབས་གསོ་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁ་གསབ་བྱ་དགའ་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ཁེ་ཕན་ནང་རྐྱེན་ལ་བརྟེན་ནས་ཕྱུགས་འགོག་པ་དང་གནས་སྐབས་སུ་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་རེས་མོས་ཀྱིས་འཚོ་བ་དང་གཞན་ད་རུང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དངོས་འབེབས་ཡོང་བར་སྐུལ་འདེད་བཏང་ནས། རྩྭ་ལ་བལྟས་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དང་ཕྱུགས་ཟོག་ཉུང་འཕྲི་བྱེད་པ་མངོན་འགྱུར་བྱེད་དགོས། ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་།ལག་གསོ་དང་ལག་གསོ་ཕྱེད་མའི་གསོ་ཐབས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། རང་བྱུང་རྩྭ་རའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་བཟོ་འགོད་ལག་བསྟར་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། རེས་སྐོར་སྔོན་མའི་རྨོ་བསྐྱུར་ནགས་སྐྱོང་གི་ཁ་གསབ་སྲིད་ཇུས་དུས་ཡུན་ལོངས་རྗེས་ཀྱི་ཆ་རྐྱེན་དང་མཐུན་པའི་རྨོ་བསྐྱུར་སྐྱེ་ཁམས་ནགས་སྐྱོང་རྣམས་ནགས་ཚལ་སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་མངའ་ཁོངས་ནང་འཇོག་དགོས། ནགས་ལས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། བརླན་སའི་སྐྱེ་ཁམས་ཕན་ནུས་ཁ་གསབ་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས།

8.ཞིང་ཕྱུགས་ལས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ། ཁྲིམས་སྐྱོང་བའི་ཚད་ཇེ་ཆེར་གཏོང་བ་བཅས་ཀྱིས། རྩྭ་ཐང་དང་ཞིང་ས་སོགས་ཀྱི་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་གཏོར་བརླག་གཏོང་བའི་ཁྲིམས་འགལ་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་དགོས། རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། རྩྭ་ཐང་གི་ཁྲིམས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། རྩྭ་ཐང་གི་སྐྱེ་ཁམས་དོ་དམ་མཁན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལྟ་སྐུལ་དཔྱད་ཞིབ་ཇེ་དྲག་ཏུ་བཏང་ནས། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོས་བཀོལ་སྤྱོད་དང་ཆུའི་ཐོན་ཁུངས་དོ་དམ། ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། བྱས་འབྲས་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་སྣོན་དགོས།

9.ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་པོ་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རྫས་ལུད་དང་ཞིང་སྨན་གཏན་ནས་མི་འཕར་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་ཚོད་ལྟ་བྱས་ཏེ།ཞིང་ཕྱུགས་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཕྱོགས་ཀྱི་སྦགས་བཙོག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། རྨོ་ཞིང་རེས་མོས་ཀྱིས་འདེབས་པ་དང་གནས་སྐབས་སུ་འདེབས་མཚམས་འཇོག་པའི་ཚོད་ལྟ་བྱེད་པ་དང་། ལུགས་མཐུན་སྒོས་ཁ་གསབ་ཚད་གཞི་གཏན་འཁེལ་བྱེད་དགོས་ལ། འགྱིག་ཤོག་རྙིང་པ་ཕྱིར་བསྡུ་བྱེད་པའི་ཚད་ཇེ་ཆེར་བཏང་ནས། ཞིང་སྤྱོད་འགྱིག་ཤོག་རྙིང་པ་ཕྱིར་བསྡུ་ལས་སྣོན་བྱེད་སར་རོགས་སྐྱོར་བྱེད་དགོས། སོག་མ་བསྡུ་བ་དང་ཉར་གསོག སྐྱེལ་འདྲེན་བཅས་བྱེད་པའི་མ་ལག་བཙུགས་ནས། སོག་མ་ཕྱིར་ཞིང་ནང་དུ་འཇོག་པ་སོགས་ཀྱི་ཕྱོགས་བསྡུས་བེད་སྤྱོད་བཟོ་འགོད་ལག་བསྟར་བྱེད་པ་དང་། སོག་མ་སྣ་མང་ཅན་གྱི་བེད་སྤྱོད་ཁ་གསབ་ཚོད་ལྟ་བྱེད་དགོས། ཕྱུགས་ཟོག་དང་བྱ་རིགས་ཀྱི་རྟུག་པ་ཕྱོགས་བསྡུས་བེད་སྤྱོད་དང་། ནད་ཀྱིས་ཤི་བའི་ཕྱུགས་ཟོག་དང་བྱ་རིགས་གནོད་མེད་ཐག་གཅོད་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྱབ་གདལ་དུ་གཏོང་དགོས། རྫོང་ཡོངས་སུ་ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་རྫས་བེད་སྤྱོད་བྱེད་པའི་དཔེ་སྟོན་བཟོ་འགོད་ལག་བསྟར་བྱས་ནས། ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་རྫས་བེད་སྤྱོད་དང་གནོད་མེད་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་དགོས།

10.སྡེ་བ་ཧྲིལ་པོའི་ཁོར་ཡུག་ལེགས་བཅོས་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྫོང〔གྲོང་ཁྱེར〕ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་དང་ཡུལ་གྲོང་འཛུགས་སྐྲུན་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་བཟོ་དང་རྩ་འཛུགས་ལག་བསྟར་བྱེད་དགོས། “བྱ་དགའ་བྱིན་ནས་སྐུལ་འདེད་གཏོང་བ”ཡི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་དགོས། ཡུལ་གྲོང་ལྗང་བསྒྱུར་བཟོ་འགོད་མུ་མཐུད་དུ་ལེགས་པར་བསྒྲུབ་པ་དང་། སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་ནུས་ཁུངས་གསར་པའི་འགུལ་སྐྱོད་ལག་བསྟར། ཞིང་སྡེའི་གློག་ནུས་ཚབ་བྱེད་དང་འོད་ཧྥུ་གློག་འདོན་ལ་སྐུལ་འདེད་བཅས་བྱས་ཏེ། རིམ་གྱིས་ཞིང་སྡེའི་གློག་ནུས་དང་རླངས་འབར། གཙང་དག་ཅན་གྱི་རྡོ་སོལ་བཅས་ཀྱི་མཁོ་འདོན་རྒྱ་བསྐྱེད་དགོས། ལྷད་མ་འདྲེས་པའི་ཨར་ལས་རྒྱུ་ཆ་ཁྱབ་གདལ་དུ་བཏང་ནས། ནུས་གྲོན་ཅན་གྱི་ཞིང་པའི་ཁང་པ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་ཇེ་མཐོར་གཏོང་བའི་བཟོ་འགོད་ཤུགས་ཆེན་པོས་དམ་འཛིན་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ཆུ་ཁུངས་དང་འབབ་རྒྱུད་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། ཡུལ་གྲོང་གི་ཁོར་ཡུག་གཙང་སྦྲ་དང་ལེགས་བཅོས་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཀྱི་རིགས་བགོ་བ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ། ཡོངས་ཁྱབ་ཀྱི་ཡུལ་གྲོང་གཙང་དག་བྱེད་པའི་ལམ་ལུགས་འཛུགས་པ། རོང་འབྲོག་ཁྱིམ་གྱི་སྤྱོད་ཁང་ཞིག་གསོ་བྱེད་པར་སྐུལ་འདེད་གཏོང་བ། གནོད་པ་མེད་པའི་སྤྱོད་ཁང་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱས་ནས་འཛུགས་དགོས། སྐྱེ་ཁམས་གཙང་དག་གི་འབབ་རྒྱུད་ཆུང་རིགས་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་བཏང་ནས། རོང་འབྲོག་ཁུལ་གྱི་ཆུ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞུང་ལམ་དོ་དམ་དང་ཉམས་གསོ་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཏུ་བསྒྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་པའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤར་བཟོ་འགོད་ལག་བསྟར་བྱེད་དགོས། འོད་འགྱེད་ཚི་སྐུད་སྡེ་བ་རུ་འཐེན་པར་སྐུལ་འདེད་བྱས་ཏེ། 4Gདྲ་བ་ཞིང་སྡེ་ཡོངས་སུ་ཁེབས་པ་མྱུར་དུ་མངོན་འགྱུར་བྱེད་དགོས། སྒྲིག་གཞི་ཚང་བའི་སྡེ་བར་ཐད་ཀར་སྦྲག་སྲིད་ཐོན་པར་སྐུལ་འདེད་གཏོང་དགོས། རིག་གནས་དམངས་ཕན་གཙོ་གནད་ལས་གཞི་གཅིག་གྱུར་སྒོས་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གསར་སྐྲུན་བྱེད་པ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། སྲོལ་རྒྱུན་སྡེ་བ་དང་རིག་གནས་སྡེ་བ་གྲགས་ཅན། རིག་གནས་གྲོང་རྡལ་གྲགས་ཅན་སྲུང་སྐྱོབ་བྱེད་ཚད་ཇེ་ཆེར་གཏོང་དགོས། 

གསུམ། ཞིང་ཕྱུགས་ལས་ཀྱི་རིག་གནས་ཤུལ་བཞག་གལ་ཆེན་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། “མཐོ་སྒང་གི་མཛེས་པའི་ཡུལ་གྲོང”300བསྐྲུན་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་དཔེ་སྟོན་སྡེ་བ་གསར་སྐྲུན་བྱེད་དགོས།

མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ལེགས་བཅོས་དང་ཞིང་ཕྱུགས་ལས་ཀྱི་བྱེད་ནུས་རྒྱ་སྐྱེད་པ། རོང་འབྲོག་པའི་ཡོང་སྒོ་ཐབས་ལམ་རྒྱ་སྐྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་ཞིང་ཕྱུགས་ལས་ཀྱི་བྱེད་ནུས་སྣ་མང་སྔོག་འདོན་ལེགས་པོ་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་མྱུར་དུ་བསྐྲུན་པ། ལས་སྐྲུན་དང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་སྐྱེད་སྲིང་བྱེད་པ་དང་རྒྱ་སྐྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མུ་རྒྱུད་དང་རིན་ཐང་མུ་རྒྱུད་རྒྱ་སྐྱེད་པ་བཅས་བྱེད་དགོས།

11.རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། “ཁུལ་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་རྣམ་པ་དང་སྦྲེལ་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་རྒྱ་སྐྱེད་པ་དང་། ཐོན་ལས་དང་པོའི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཐོན་ལས་གཉིས་པར་སྤུས་ལེགས་ཀྱི་ཐོག་མའི་རྒྱུ་ཆ་འདོན་སྤྲོད་བྱེད་པར་འགན་སྲུང་དང་། ཐོན་ལས་གསུམ་པའི་ལས་སྐྲུན་བྱེད་པར་འཕེལ་རྒྱས་ལ་སྙེག་པ་དང་ལས་བརྩོན་བྱེད་པའི་གོ་སྐབས་འདོན་སྤྲོད་བྱེད་དགོས། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣ་མང་གཙོ་བདག་ཤུགས་ཆེན་པོས་སྐྱེད་སྲིང་བྱས་ཏེ། གཙོ་བོ་རོང་འབྲོག་པའི་ཐོན་ལས་གཉིས་པ་དང་གསུམ་པའི་འཕར་རིན་དང་ཕན་ནུས་ལ་སྐུལ་ཁྲིད་བྱེད་ཐུབ་པའི་བདག་གཉེར་མཁན་གསར་པར་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་མཉམ་འདྲེས་ཚོད་ལྟའི་དཔེ་སྟོན་སྤེལ་ཏེ། རོང་འབྲོག་པའི་ཐོན་ལས་གཉིས་པ་དང་གསུམ་པ་རྫོང་མཁར་དང་། གཙོ་གནད་ཞང་དང་གྲོང་རྡལ། ཐོན་ལས་ར་བ་བཅས་ལ་འདུ་བར་སྣེ་ཁྲིད་དགོས། ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་མང་པོ་འཚོལ་ཞིབ་བྱེད་དགོས། ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་ལ་དམིགས་ཏེ།གཙོ་བོ་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་སྐོར་ཞིག་སྐྱེད་སྲིང་དང་། ཁེ་ཕན་མཉམ་འབྲེལ་ནང་རྐྱེན་དམ་པོ་བཙུགས་ནས། རོང་འབྲོག་པ་རྣམས་ལ་རིན་འཕར་གྱི་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་དགོས།

12.ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་མྱུར་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་དེ་གཙོ་ཐོན་ཁུལ་དང་ལེགས་ཐོན་ཁུལ། ཐོན་ལས་ར་བ་བཅས་སུ་བསྡུ་བར་སྣེ་ཁྲིད་དེ། ལེགས་ཆ་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་དུ་ལས་སྣོན་ཐོན་ལས་ཚོམ་འཛུགས་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་ནས། སྐམས་ལུག་གི་ཤ་གསིལ་བའི་ཚད་གཞི་མྱུར་དུ་གཏན་འབེབས་བྱེད་པ་དང་། ཚན་རྩལ་གྱི་འདུས་ཚད་དང་རང་བདག་གསར་སྐྲུན་གྱི་ནུས་པ་བསྟུད་མར་ཇེ་མཐོར་བཏང་ནས། མྱུར་དུ་འཕེལ་སྟངས་བསྒྱུར་བ་དང་རིམ་པ་ཇེ་མཐོར་གཏོང་དགོས། གསར་སྐྲུན་བྱེད་ཚད་ཇེ་ཆེར་བཏང་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ཞིབ་ཕྲའི་ལས་སྣོན། ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་བསྒྱུར་ཚད་དང་ཟུར་གཏོགས་རིན་ཐང་ཇེ་མཐོར་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་ཁུངས་བཙུགས་ཏེ། ཁྱད་ལྡན་ལེགས་ཆ་ཐོན་ལས་ལ་བརྟེན་ནས་ཚོང་རར་འཚམ་ཞིང་བྲིན་པའི་ཐོན་རྫས་གསར་པ་གསར་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། ཐོན་རྫས་གྲུབ་ཚུལ་བསྟུད་མར་ལེགས་སྒྲིག་བྱས་ཏེ། ཚོང་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བསམ་འཆར་སྡུད་ལེན་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རོང་འབྲོག་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ཕྱུགས་ར་ཡིས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཐོན་ཡུལ་གྱི་མཛོད་ཉར་དང་གསོས་ཉར།རིམ་པ་དགར་བ།ཕྱི་ཐུམ་རྒྱག་པ། སྐྱེལ་འཚོང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

13.སྤྲོ་གསེང་ཞིང་ཕྱུགས་ལས་དང་ཞིང་གྲོང་གི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས། རབ་མཛེས་མཚོ་སྔོན་གྱི་ཆས་རྟགས་དང་ཡུལ་སྐོར་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བརྟེན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་དང་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་སྤྲོ་གསེང་དང་ཡུལ་སྐོར་ལྗོངས་གཟིགས། རིག་གནས་སློབ་གསོ་སོགས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་བརྗོད་གཞི་ར་བ་དང་གྲོང་ཁྱེར་གྱི་སྤྲོ་གསེང་ལྗོངས་གཟིགས་ཞིང་ལས། དེང་རབས་ཞིང་ཁྱིམ་སོགས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཐབས་ལམ་མང་པོ་ནས་འཛུགས་སྐྲུན་མ་དངུལ་རུབ་བསྡུ་བྱས་ཏེ། སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར། ནགས་ཚལ་ཁམས་གསོ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་རྐྱེན་ཤུགས་ཆེན་པོས་ལེགས་བཅོས་བྱེད་པ་དང་། གཙོ་གནད་སྡེ་བ་རུ་དམིགས་བསལ་སྒོས་ཡངས་དྲ་ཁེབས་སུ་འཇུག་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ལོ་རྒྱུས་དང་ས་ཁུལ། མི་རིགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་ཡུལ་སྐོར་སྡེ་བ་དང་གྲོང་རྡལ་སྐོར་ཞིག་འཛུགས་རོགས་བྱེད་པ་དང་། “ཞིང་པའི་སྤྲོ་སྐྱིད་ཁང”དང“འབྲོག་པའི་སྤྲོ་སྐྱིད་ཁང་།” “ནགས་ཚལ་སྤྲོ་སྐྱིད་ཁང་།” རླངས་འཁོར་སྐོར་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཞིང་སྡེའི་ཡུལ་སྐོར་སྤྲོ་གསེང་ཐོན་རྫས་སྐོར་ཞིག་བསྐྲུན་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་བཏང་ནས། ཟས་རིགས་བདེ་འཇགས་དང་མེ་འགོག་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་བགྲོད་ལམ་དང་ཡངས་དྲ། རླངས་འཁོར་འཇོག་ས། སྤྱོད་ཁང་། གད་སྙིགས་དང་སྦགས་ཆུ་ཐག་གཅོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཤུགས་ཆེན་པོས་ཇེ་ལེགས་སུ་བཏང་ནས། སྤྲོ་གསེང་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་སྡེ་བ་གསར་སྐྲུན་བྱེད་པ་དང་། “སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་ཁྱད་ལྡན་ཡུལ་སྐོར་དང་དབྱར་ཁའི་སྤྲོ་གསེང་ཡུལ་སྐོར་གྱི་བྱ་འགུལ་སྤེལ་ཏེ། རྩྭ་ཐང་ཆེན་མོའི་དཔལ་འབྱོར་ཡུལ་སྐོར་འཛུགས་དགོས། གྲོང་གསེབ་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྡོད་ཁང་དང་ལུས་གསོ་ཁམས་གསོ་རྟེན་གཞི་འཕེལ་རྒྱས་སུ་གཏོང་དགོས།

14.ཆས་རྟགས་མཐོར་འདེགས་སུ་གཏོང་བའི་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། མིང་གྲགས་ཅན་དང་ཁྱད་ལྡན་ཅན། སྤུས་ལེགས་ཅན། གསར་པ་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཆས་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་དགོས། “ནོག་གནག་གི་ཕ་ས”དང“འབྲོག་ལུག་གི་ཐོན་ཡུལ།”“འདྲེ་ཚེར་མའི་ཕ་ཡུལ།” “སེ་མོད་ས་ཁུལ”སོགས་ཤུགས་ཆེན་པོས་བསྐྲུན་དགོས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་རྒྱ་བསྐྱེད་དེ། ཧུར་ཐག་གིས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་བྱས་ཏེ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཆས་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་གཉིས་བེད་སྤྱོད་གང་ལེགས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཞུགས་སུ་འཇུག་པ་དང་། ཆ་རྐྱེན་ཡོད་པའི་ཁེ་ལས“ཕྱིར་འགྲོ་བར”སྐུལ་མ་བཏང་ནས། མིང་གྲགས་དང་ཁྱད་ཆོས་ལྡན་པ། སྤུས་ཀ་ལེགས་པའི་ཞིང་ཕྱུགས་ལས་ཐོན་རྫས་རྒྱལ་སྤྱིའི་ཚོང་རར་ཞུགས་པར་སྐུལ་འདེད་གཏོང་དགོས། ཞིང་ལས་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་ལྗང་མདོག་དངོས་མང་འགྲེམ་སྟོན་ཚོགས་འདུ། མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ། དབྱི་སི་ལན་གྱི་ཟས་རིགས་འགྲེམ་སྟོན་ཚོགས་འདུ། བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་སོགས་མཉམ་ལས་བརྗེ་རེས་སྟེགས་བུར་བརྟེན་ནས་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཆའི་ཞིང་ཕྱུགས་ལས་ཐོན་རྫས་འགྲེམ་སྟོན་དང་འགྲེམ་འཚོང་བྱེད་པ་དང་། མིང་དུ་གྲགས་ཚད་དང་ཚོང་རའི་གཞི་ཁྱོན་རྒྱ་བསྐྱེད་དགོས།

15.ཞིང་ཕྱུགས་ལས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། “དྲ་འབྲེལ+”དེང་རབས་ཞིང་ཕྱུགས་ལས་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་ལག་ཏུ་བསྟར་དགོས། ཆ་འཕྲིན་ཐོན་ཁུངས་ཧྲག་སྡེབ་བྱེད་པ་དང་། མཚོ་སྔོན་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་སྒྲིག་འཛུགས་བྱས་ཏེ། བློ་རིག་ལྡན་པའི་ཞིང་ཕྱུགས་ལས་ཀྱི་རྨང་གཞི་འདིང་དགོས། དངོས་སྦྲེལ་དྲ་བ་དང་རིག་ནུས་སྒྲིག་སྦྱོར་ཁྱབ་གདལ་དང་བེད་སྤྱོད་པར་ཤུགས་སྣོན་དགོས། ཁྱད་ལྡན་ཐོན་ལས་ལ་དམིགས་ནས་བློ་རིག་ལྡན་པའི་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ར་བ་སྐོར་ཞིག་འཛུགས་སྐྲུན་བྱེད་ཅིང་། ཕྲ་ཞིང་ཞིབ་པའི་དོ་དམ་བྱེད་དགོས། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་སྐྱེལ་བའི་བཟོ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང“12316”གི་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལག་ཁྱེར་ཁ་པར་ལ་བརྟེན་ནས་ཞིང་ཕྱུགས་ལས་ལ་ཞབས་འདེགས་ཞུ་དགོས། ཞིང་ཕྱུགས་ལས་ཀྱི་རྒྱང་ཚོར་ལྟེ་གནས་བཙུགས་ནས། གཟིགས་མཐོང་ཅན་གྱི་དོ་དམ་ལག་བསྟར་བྱེད་དགོས། ཞིང་ཕྱུགས་ལས་བདག་གཉེར་གཙོ་བདག་གསར་པ་དང་ལས་སྣོན་རྒྱུན་འཁོར་ཁེ་ལས་དང་གློག་ཚོང་ཁེ་ལས་གཉིས་ཁྱོན་ཡོངས་ནས་མཐུད་པ་དང་མཉམ་འདྲེས་ཡོང་བ། དྲ་ཐོག་དང་དྲ་བར་ཞུགས་མེད་པ་གཉིས་ཕན་ཚུན་འབྲེལ་མཐུད་ཡོང་བའི་ངང་གོང་དུ་འཕེལ་བ་བཅས་ལ་སྐུལ་སྤེལ་གཏོང་དགོས།     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།