ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།(གཉིས་བ།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་སོ་ལྔ་པ། ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་དགོས། ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་མ་གཏོགས། ལྟ་སྐྱོང་བྱ་ཡུལ་གྱི་རྒྱུ་ནོར་ཐག་གཅོད་བྱེད་མི་ཆོག

ནར་མ་སོན་པའི་མིའི་ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱས་ན། ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་དང་འབྲེལ་བའི་བློ་ཐག་གཅོད་སྐབས། ལྟ་སྐྱོང་བྱ་ཡུལ་གྱི་ལོ་ཚོད་དང་རིག་སྟོབས་ཀྱི་གནས་བབ་ལ་བལྟས་ནས། ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།

མི་དར་མའི་ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་སྐབས། ཚད་ཆེས་མཐོན་པོའི་སྒོ་ནས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་ལ་དེའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་རོགས་བྱེད་དགོས་པར་མ་ཟད་འགན་སྲུང་བྱེད་དགོས། ལྟ་སྐྱོང་བྱ་ཡུལ་ལ་རང་ཚུགས་ཀྱིས་བསྒྲུབ་རྒྱུའི་ནུས་པ་ཡོད་པའི་དོན་དག་ལ་ལྟ་སྐྱོང་པས་ཐེ་གཏོགས་བྱེད་མི་ཆོག

དོན་ཚན་སོ་དྲུག་པ། ལྟ་སྐྱོང་པར་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་དང་ཡང་ན་རྩ་འཛུགས་ཀྱི་རེ་ཞུ་ལྟར། དེའི་ལྟ་སྐྱོང་པའི་ཐོབ་ཐང་བླངས་ནས། དགོས་ངེས་ཀྱི་གནས་སྐབས་ལྟ་སྐྱོང་པ་བཀོད་སྒྲིག་བྱེད་དགོས་པར་མ་ཟད། ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས།

⑴ ལྟ་སྐྱོང་བྱ་ཡུལ་གྱི་ལུས་སེམས་བདེ་ཐང་ལ་གནོད་པའི་བྱ་སྤྱོད་ཚབས་ཆེན་བསྒྲུབས་པ།

⑵ ལྟ་སྐྱོང་འགན་འཁྲི་ལག་བསྟར་བཟང་པོ་མི་བྱེད་པ་དང་། ཡང་ན་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་ཐབས་མེད་པའམ། ལྟ་སྐྱོང་འགན་འཁྲིའི་ཆ་ཤས་དང་ཡང་ན་ཡོངས་རྫོགས་མི་གཞན་ལ་སྤྲད་དེ། ལྟ་སྐྱོང་བྱ་ཡུལ་ཉེན་ཁ་དང་དཀའ་ངལ་གྱི་གནས་སུ་བཅུག་པ།

⑶ ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་གཞན་དག་ལ་གནོད་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་གཞན་པ་ཡོད་པ་བཅས་སོ། །

གཏན་འཁེལ་འདིའི་ནང་གི་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཀྱི་ནང་དུ། ཁྲིམས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ལྡན་པའི་མི་གཞན་པ་དང་། གཞིས་དམངས་ཨུ་ཡོན་ལྷན་ཁང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་རྒན་པའི་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་འདུས་ཡོད།

ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་སྒེར་དང་དམངས་སྲིད་སྡེ་ཁག་ཕུད་པའི་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་དུས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ཕྱིར་འཐེན་དགོས་པའི་རེ་འདུན་མ་ཞུས་ན། དམངས་སྲིད་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས།

དོན་ཚན་སོ་བདུན་པ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ལྟ་སྐྱོང་པར་སྙོར་སྐྱོང་གྲོན་དངུལ་དང་གུས་སྐྱོང་གྲོན་དངུལ། རོགས་སྐྱོར་གྲོན་དངུལ་སོགས་སྤྲོད་ཀྱིན་པའི་ཕ་མ་དང་བུ་ཕྲུག བཟའ་ཟླ་བཅས་ཀྱི་ལྟ་སྐྱོང་ཐོབ་ཐང་བླངས་ན་ཡང་། གྲོན་དངུལ་སྤྲོད་པའི་འོས་འགན་མུ་མཐུད་དུ་འཁུར་དགོས།

དོན་ཚན་སོ་བརྒྱད་པ། མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་ཕ་མ་དང་བུ་ཕྲུག་གི་ལྟ་སྐྱོང་ཐོབ་ཐང་བླངས་རྗེས། ལྟ་སྐྱོང་བྱ་ཡུལ་ལ་བསམ་བཞིན་དུ་ཉེས་པ་བསགས་པ་ཕུད། རང་ཉེས་འགྱོད་བཤགས་བྱེད་ཀྱིན་ཡོད་ན། རེ་འདུན་ཞུས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་པའི་བསམ་འཆར་ངོ་མ་སྡུད་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་ཚུལ་ལ་བལྟས་ནས་དེའི་ལྟ་སྐྱོང་པའི་ཐོབ་ཐང་སླར་གསོ་བྱེད་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་ལྟ་སྐྱོང་པ་དང་ལྟ་སྐྱོང་བྱ་ཡུལ་གྱི་ལྟ་སྐྱོང་འབྲེལ་བ་དེ་དུས་མཉམ་དུ་མཚམས་འཇོག་དགོས།

དོན་ཚན་སོ་དགུ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། ལྟ་སྐྱོང་འབྲེལ་བ་མཚམས་འཇོག་དགོས།

⑴ ལྟ་སྐྱོང་བྱ་ཡུལ་གྱི་དམངས་དོན་བྱ་སྤྱོད་ནུས་པ་ཡོངས་རྫོགས་སླར་གསོ་བྱུང་བ།

⑵ ལྟ་སྐྱོང་པའི་ལྟ་སྐྱོང་ནུས་པ་ཤོར་བ།

⑶ ལྟ་སྐྱོང་བྱ་ཡུལ་དང་ཡང་ན་ལྟ་སྐྱོང་པ་ཚེ་ལས་འདས་པ།

⑷ མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་འབྲེལ་བ་མཚམས་འཇོག་དགོས་པར་འདོད་པའི་གནས་ཚུལ་གཞན་དག་བཅས་སོ། །

ལྟ་སྐྱོང་འབྲེལ་བ་མཚམས་བཞག་རྗེས། ལྟ་སྐྱོང་བྱ་ཡུལ་ལ་སྔར་བཞིན་ལྟ་སྐྱོང་བྱེད་དགོས་ན། ངེས་པར་ཁྲིམས་ལྟར་ལྟ་སྐྱོང་པ་གཞན་པ་གཏན་འཁེལ་བྱེད་དགོས།

ས་བཅད་གསུམ་པ། གར་སོང་ཆ་མེད་དུ་གྱུར་པའམ་ཡང་ན་ཚེ་ལས་འདས་པ་བསྒྲགས་པ།

དོན་ཚན་བཞི་བཅུ་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་འགོར་ན། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་གར་སོང་ཆ་མེད་དུ་གྱུར་པར་བསྒྲག་དགོས་པའི་རེ་འདུན་བཏོན་ཆོག

དོན་ཚན་ཞེ་གཅིག་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་པའི་ཉིན་ནི་གོ་ཐོས་གང་ཡང་མེད་པའི་ཉིན་དེ་ནས་བཟུང་རྩི་དགོས་པ་དང་། འཐབ་འཁྲུག་གི་སྐབས་སུ་གར་སོང་ཆ་མེད་དུ་གྱུར་ན། གར་སོང་ཆ་མེད་དུ་གྱུར་པའི་ཉིན་ནི་འཐབ་འཁྲུག་མཇུག་རྫོགས་པའི་ཉིན་དང་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་གཏན་འཁེལ་བྱས་པའི་ཉིན་དེ་ནས་བཟུང་བརྩི་དགོས།

དོན་ཚན་ཞེ་གཉིས་པ། གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་ལ་དེའི་བཟའ་ཟླ་དང་ནར་སོན་ཏེ་དར་མར་གྱུར་ཡོད་པའི་བུ་ཕྲུག ཕ་མ་བཅས་དང་ཡང་ན་རྒྱུ་ནོར་དོ་དམ་ཚབ་བྱེད་ལ་འཐད་པའི་མི་གཞན་པར་དོ་དམ་བྱེད་དུ་འཇུག་དགོས།

དོ་དམ་ཚབ་བྱེད་ཐད་རྩོད་གཞི་ཡོད་པ་དང་། ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་མེད་པའམ་ཡང་ན་ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་ལ་ཚབ་བྱེད་ནུས་པ་མེད་ན། མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་མིས་དོ་དམ་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རྒྱུ་ནོར་ཚབ་བྱེད་དོ་དམ་པས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་དོ་དམ་ལེགས་པོ་བྱས་ཏེ། དེའི་རྒྱུ་ནོར་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

གར་སོང་ཆ་མེད་དུ་གྱུར་པའི་མིས་ཆད་པའི་ཁྲལ་དངུལ་ལམ་བུ་ལོན་དང་ཡང་ན་སྤྲོད་དགོས་པའི་འགྲོ་སྒོ་གཞན་དག ཚབ་བྱེད་དོ་དམ་པས་གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་གྱི་ནང་ནས་སྤྲོད་དགོས།

ཚབ་བྱེད་དོ་དམ་པས་བསམ་བཞིན་དང་ཡང་ན་ནོར་འཁྲུལ་ཆེན་པོའི་དབང་གིས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་གྱོང་གུན་བཟོས་ན། སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།

དོན་ཚན་ཞེ་བཞི་པ། རྒྱུ་ནོར་ཚབ་བྱེད་དོ་དམ་པས་དོ་དམ་འགན་འཁྲི་ལེགས་པོ་མ་ཁུར་པ་དང་། གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཚབ་བྱེད་དོ་དམ་གྱི་ནུས་པ་ཤོར་ན། གར་སོང་ཆ་མེད་དུ་གྱུར་པའི་མི་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེ་དགོས་པའི་རེ་འདུན་བཏོན་ཆོག

རྒྱུ་ནོར་ཚབ་བྱེད་དོ་དམ་པར་དོན་དང་མཐུན་པའི་གནས་ལུགས་ཡོད་ན། མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེ་དགོས་པའི་རེ་འདུན་བཏོན་ཆོག

མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེས་ན། བརྗེས་རྗེས་ཀྱི་རྒྱུ་ནོར་ཚབ་བྱེད་དོ་དམ་པས་སྔོན་གྱི་རྒྱུ་ནོར་ཚབ་བྱེད་དོ་དམ་པར་འབྲེལ་ཡོད་རྒྱུ་ནོར་དུས་ལྟར་བརྒྱུད་སྤྲོད་བྱེད་དགོས་པར་མ་ཟད། རྒྱུ་ནོར་ཚབ་བྱེད་དོ་དམ་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་པའི་རེ་འདུན་བཏོན་ཆོག

དོན་ཚན་ཞེ་ལྔ་པ། གར་སོང་ཆ་མེད་དུ་གྱུར་པའི་མི་དེ་ཕྱིར་ཡོང་རྗེས། ཁོ་རང་ཉིད་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའི་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་གིས་གར་སོང་ཆ་མེད་དུ་གྱུར་པའི་བསྒྲགས་ཡིག་ཕྱིར་འཐེན་བྱེད་དགོས།

གར་སོང་ཆ་མེད་དུ་གྱུར་པའི་མི་དེ་ཕྱིར་ཡོང་ན། རྒྱུ་ནོར་ཚབ་བྱེད་དོ་དམ་པར་འབྲེལ་ཡོད་རྒྱུ་ནོར་དུས་ལྟར་བརྒྱུད་སྤྲོད་བྱེད་དགོས་པར་མ་ཟད་རྒྱུ་ནོར་ཚབ་བྱེད་དོ་དམ་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་པའི་རེ་འདུན་བཏོན་ཆོག

དོན་ཚན་ཞེ་དྲུག་པ། རང་བྱུང་མི་ལ་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་ཚེ་ལས་འདས་པར་བསྒྲག་དགོས་པའི་རེ་འདུན་བཏོན་ཆོག

⑴ གར་སོང་ཆ་མེད་དུ་གྱུར་ཏེ་ལོ་བཞི་འགོར་བ།

⑵ དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཉིས་འགོར་བ།

དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ན། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གཞེས་བྱེད་མི་སྲིད་པར་བདེན་དཔང་བྱས་པ་བརྒྱུད། ཚེ་ལས་འདས་པར་བསྒྲགས་པའི་རེ་འདུན་ལ་ལོ་གཉིས་ཀྱི་དུས་ཡུན་གྱི་ཚོད་འཛིན་མི་ཐེབས་པ་ཡིན།

དོན་ཚན་ཞེ་བདུན་པ། རང་བྱུང་མི་གཅིག་ལ། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ཁ་ཤས་ཀྱིས་ཚེ་ལས་འདས་པར་བསྒྲགས་དགོས་པའི་རེ་འདུན་བཏོན་པ་དང་། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ཁ་ཤས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་བསྒྲག་དགོས་པའི་རེ་འདུན་བཏོན་པ་དེ་བཅའ་ཁྲིམས་འདིའི་གཏན་འཁེལ་ནང་གི་ཚེ་ལས་འདས་པར་བསྒྲགས་པའི་ཆ་རྐྱེན་དང་མཐུན་ན།

དོན་ཚན་ཞེ་བརྒྱད་པ། ཚེ་ལས་འདས་པ་བསྒྲགས་ན། མི་དམངས་ཁྲིམས་ཁང་གིས་ཚེ་ལས་འདས་པར་བསྒྲག་རྒྱུའི་ཐག་བཅད་པའི་ཉིན་དེ་ཚེ་ལས་འདས་པའི་ཉིན་མོར་ངོས་འཛིན་དགོས་པ་དང་། དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཏེ་ཚེ་ལས་འདས་པར་བསྒྲགས་ན། དོན་རྐྱེན་བྱུང་བའི་ཉིན་དེ་ནི་དེའི་ཚེ་ལས་འདས་པའི་ཉིན་མོར་ངོས་འཛིན་དགོས།

དོན་ཚན་ཞེ་དགུ་པ། རང་བྱུང་མི་ཚེ་ལས་འདས་པར་བསྒྲགས་མོད། འོན་ཀྱང་ཚེ་ལས་འདས་མེད་ན། རང་བྱུང་མི་དེ་ཚེ་ལས་འདས་པར་བསྒྲགས་པའི་སྐབས་སུ་ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པར་གནོད་པ་མི་ཐེབས་པ་ཡིན།

དོན་ཚན་ལྔ་བཅུ་པ། ཚེ་ལས་འདས་པར་བསྒྲགས་པའི་མི་དེ་ཕྱིར་ཡོང་ན། མི་རང་ཉིད་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱེད་དགོས།

དོན་ཚན་ང་གཅིག་པ། ཚེ་ལས་འདས་པར་བསྒྲགས་པའི་མིའི་གཉེན་སྒྲིག་འབྲེལ་བ་ནི་ཚེ་ལས་འདས་པར་བསྒྲགས་པའི་ཉིན་དེ་ནས་བཟུང་མེད་པར་གྱུར་པ་དང་། ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་ན། གཉེན་སྒྲིག་འབྲེལ་བ་དེ་ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་པའི་ཉིན་དེ་ནས་བཟུང་རང་འགུལ་གྱིས་སླར་གསོ་བྱུང་བ་ཡིན་མོད། འོན་ཀྱང་དེའི་བཟའ་ཟླས་ཡང་བསྐྱར་གཉེན་སྒྲིག་བྱས་ཟིན་པའམ་ཡང་ན་གཉེན་འབྲེལ་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་སླར་གསོ་བྱེད་རྒྱུ་མི་འཐད་པ་གསལ་བསྒྲགས་བྱས་ཡོད་པ་ཕུད་དགོས།

དོན་ཚན་ང་གཉིས་པ། ཚེ་ལས་འདས་པར་བསྒྲགས་པའི་མི་དེ་ཚེ་ལས་འདས་པར་བསྒྲགས་པའི་སྐབས་སུ། དེའི་བུ་ཕྲུག་མི་གཞན་གྱིས་ཁྲིམས་ལྟར་ཉར་གསོ་བྱས་ན། ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་རྗེས། མི་རང་ཉིད་འཐད་པ་བྱུང་མེད་པར་ཁ་གཡར་ཏེ་ཉར་གསོ་འབྲེལ་བ་ནུས་མེད་དུ་གཏོང་མི་ཆོག

དོན་ཚན་ང་གསུམ་པ། ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་པའི་མི་ལ་རྒྱུན་འཛིན་བཅའ་ཁྲིམས་ལྟར་ཁོའི་རྒྱུ་ནོར་གྱི་དམངས་དོན་གཙོ་བདག་ཕྱིར་བླངས་ནས་རྒྱུ་ནོར་ཕྱིར་སློག་བྱེད་རྒྱུའི་རེ་བ་འདོན་པའི་དབང་ཆ་ཡོད་ལ། ཕྱིར་སློག་བྱེད་ཐབས་མེད་ན། འོས་འཚམ་གྱི་ཁ་གསབ་སྟེར་དགོས།

ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་གནས་ཚུལ་ངོ་མ་སྦ་གསང་བྱས་ཏེ། མི་གཞན་པ་ཚེ་ལས་འདས་པ་བསྒྲག་ཏུ་བཅུག་ནས་དེའི་རྒྱུ་ནོར་ལེན་ཐབས་བྱས་ཡོད་ན། རྒྱུ་ནོར་ཕྱིར་སློག་བྱེད་དགོས་པར་མ་ཟད་ད་རུང་དེ་ལས་བཟོས་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས།

ས་བཅད་བཞི་པ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་།

དོན་ཚན་ང་བཞི་པ། རང་བྱུང་མིས་བཟོ་ཚོང་ལས་བདག་གཉེར་བྱེད་ན། ཁྲིམས་ལྟར་སྒེར་གྱི་བཟོ་ཚོང་ཁྱིམ་ཚང་ཡིན་པར་ཐོ་འགོད་བྱེད་དགོས་པ་དང་། སྒེར་གྱི་བཟོ་ཚོང་ཁྱིམ་ཚང་གིས་ཚོང་ཁང་ལ་མིང་འདོགས་ཆོག

དོན་ཚན་ང་ལྔ་པ། ཞིང་སྡེའི་ཐུན་མོང་བདག་གཉེར་རྩ་འཛུགས་ཀྱི་ཁོངས་མིས། ཁྲིམས་ལྟར་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་བླངས་ནས། ཁྱིམ་ཚང་གི་འགན་གཙང་ལེན་བདག་གཉེར་བྱས་ན། ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་ཡིན།

དོན་ཚན་ང་དྲུག་པ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་བུ་ལོན་ནི། སྒེར་གྱིས་བདག་གཉེར་བྱེད་ཀྱིན་ཡོད་ན། སྒེར་གྱི་རྒྱུ་ནོར་ལས་འགན་འཁུར་དགོས་པ་དང་། ཁྱིམ་ཚང་གིས་བདག་གཉེར་བྱེད་ཀྱིན་ཡོད་ན། ཁྱིམ་ཚང་གི་རྒྱུ་ནོར་ལས་འགན་འཁུར་དགོས། དབྱེ་བ་དགར་མི་ཐུབ་ན། ཁྱིམ་ཚང་གི་རྒྱུ་ནོར་ལས་འགན་འཁུར་དགོས།

ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་གི་བུ་ལོན་ནི། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་བྱེད་ཀྱིན་ཡོད་པའི་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འགན་འཁུར་དགོས་པ་དང་། དོན་དངོས་སུ་ཞིང་ཁྱིམ་གྱི་ཁོངས་མི་ཁ་ཤས་གྱིས་བདག་གཉེར་བྱེད་ཀྱིན་ཡོད་ན། ཁོངས་མི་ཆ་ཤས་དེའི་རྒྱུ་ནོར་གྱིས་འཁུར་དགོས།

ལེའུ་གསུམ་པ། ཁྲིམས་མི།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་ང་བདུན་པ། ཁྲིམས་མི་ནི་དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོད་ལ། ཁྲིམས་ལྟར་སྒེར་ཚུགས་ཀྱིས་དམངས་དོན་ཁེ་དབང་ལོངས་སྤྱོད་དང་དམངས་དོན་འོས་འགན་འཁུར་དགོས་པའི་རྩ་འཛུགས་ཤིག་ཡིན།

དོན་ཚན་ང་བརྒྱད་པ། ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས་པ་ཞིག་ཡིན།

ཁྲིམས་མི་ལ་རང་ཉིད་ཀྱི་མིང་དང་རྩ་འཛུགས་ལས་ཁུངས། སྡོད་གནས། རྒྱུ་ནོར་རམ་གྲོན་དངུལ་བཅས་ཡོད་དགོས། ཁྲིམས་མི་འཛུགས་པའི་བྱེ་བྲག་གི་ཆ་རྐྱེན་དང་གོ་རིམ་ནི། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཡིན།

ཁྲིམས་མི་འཛུགས་ན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས་པར་གཏན་འཁེལ་བྱས་ཡོད་ན། དེའི་གཏན་འཁེལ་ལྟར་བསྒྲུབ་དགོས།

དོན་ཚན་ང་དགུ་པ། ཁྲིམས་མིའི་དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ནུས་པ་ནི་ཁྲིམས་མི་བཙུགས་པ་ནས་བཟུང་བྱུང་བ་དང་། ཁྲིམས་མིའི་མཚམས་བཞག་རྗེས་མེད་པར་གྱུར་པ་ཡིན།

དོན་ཚན་དྲུག་ཅུ་པ། ཁྲིམས་མིས་ཁོའི་རྒྱུ་ནོར་ཡོངས་རྫོགས་ལ་སྒེར་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་དང་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར། ཁྲིམས་མིའི་ཚབ་བྱས་ཏེ་དམངས་དོན་བྱ་འགུལ་སྤེལ་བའི་འགན་ཁུར་པ་ནི། ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།

ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱ་འགུལ་སྤེལ་ན། དེའི་བཅའ་ཁྲིམས་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས།

ཁྲིམས་མིའི་སྒྲིག་ཡིག་དང་ཡང་ན་ཁྲིམས་མིའི་དབང་ཆའི་ལས་ཁུངས་ཀྱིས་ཁྲིམས་མི་འཐུས་ཚབ་པའི་འཐུས་ཚབ་དབང་ཆའི་ཚོད་འཛིན་ལ། བསམ་པ་བཟང་བའི་ལྟོས་བཅས་ཀྱི་མི་ལ་རྒོལ་ལན་སྤྲད་མི་ཆོག

དོན་ཚན་རེ་གཉིས་པ། ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་ལག་བསྟར་བྱེད་ཆེད་མི་གཞན་ལ་གནོད་འཚེ་བཏང་ན། ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་དགོས།

ཁྲིམས་མིས་དམངས་དོན་འགན་འཁྲི་ཁུར་རྗེས། བཅའ་ཁྲིམས་དང་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར། ནོར་འཁྲུལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པའི་ལག་ནས་སྐྱིན་ཚབ་བདའ་འདེད་བྱེད་ཆོག

དོན་ཚན་རེ་གསུམ་པ། ཁྲིམས་མིས་རང་ཉིད་ཀྱིས་བྱ་བ་སྒྲུབ་ཀྱིན་པའི་ལས་ཁུངས་གནས་ས་དེ་སྡོད་གནས་སུ་འཇོག་དགོས། ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་དགོས་ན། བྱ་བ་སྒྲུབ་ཀྱིན་པའི་ལས་ཁུངས་གནས་ས་དེ་སྡོད་གནས་སུ་ཐོ་འགོད་བྱེད་དགོས།

དོན་ཚན་རེ་བཞི་པ། ཁྲིམས་མི་ཡོད་པའི་སྐབས་སུ་ཐོ་འགོད་དོན་བྱར་འགྱུར་ལྡོག་བྱུང་ན། ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བསྒྱུར་དགོས་པའི་རེ་འདུན་ཞུ་དགོས།

དོན་ཚན་རེ་ལྔ་པ། ཁྲིམས་མིའི་དོན་དངོས་གནས་ཚུལ་དང་ཐོ་འགོད་གནས་ཚུལ་གཅིག་མཐུན་མིན་ན། བསམ་པ་བཟང་བའི་ལྟོས་བཅས་ཀྱི་མི་ལ་རྒོལ་ལན་སྤྲད་མི་ཆོག

དོན་ཚན་རེ་དྲུག་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དང་དུས་ལྟར་ཁྲིམས་མི་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་རེ་བདུན་པ། ཁྲིམས་མི་ཟླ་སྒྲིལ་བྱས་ན། དེའི་ཁེ་དབང་དང་འོས་འགན་ནི་ཟླ་སྒྲིལ་བྱས་རྗེས་ཀྱི་ཁྲིམས་མིས་ལོངས་སྤྱོད་བྱེད་པ་དང་འཁུར་དགོས།

ཁྲིམས་མི་ཁ་གྱེས་ན། དེའི་ཁེ་དབང་དང་འོས་འགན་ནི་ཁ་གྱེས་རྗེས་ཀྱི་ཁྲིམས་མིས་འབྲེལ་ཐེབས་བུན་དབང་ལོངས་སྤྱོད་བྱེད་པ་དང་། འབྲེལ་ཐེབས་བུ་ལོན་འཇལ་བའི་འགན་འཁུར་དགོས་མོད། འོན་ཀྱང་བུན་དབང་ལོངས་སྤྱོད་བྱེད་མཁན་དང་བུ་ལོན་འཇལ་མཁན་ཐད་ནས་གཏན་འཁེལ་གཞན་པ་ཡོད་པ་ཕུད་དགོས།

དོན་ཚན་རེ་བརྒྱད་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་པར་མ་ཟད། ཁྲིམས་ལྟར་རྩིས་བརྒྱབ་སྟེ་ཐོ་ཁུངས་ནས་བསུབས་ཡོད་ན། ཁྲིམས་མིའི་མཚམས་འཇོག་དགོས།

⑴ ཁྲིམས་མི་ཐོར་བ།

⑵ ཁྲིམས་མི་མ་རྩ་བརྡིབས་པར་བསྒྲགས་པ།

⑶ བཅའ་ཁྲིམས་སྟེང་གཏནའ་འཁེལ་བྱས་ཡོད་པའི་རྒྱུ་རྐྱེན་གཞན་པ་བཅས་སོ། །

ཁྲིམས་མི་མཚམས་འཇོག་དགོས་ན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས་པར་གཏན་འཁེལ་བྱས་ན། གཏན་འཁེལ་དེ་ལྟར་བསྒྲུབ་དགོས།

དོན་ཚན་རེ་དགུ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། ཁྲིམས་མི་ཐོར་བ་ཡིན།

⑴ ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་དུས་ཡུན་ལོན་པའམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་ཁ་ཐོར་བའི་གནས་ཚུལ་གཞན་པ་བྱུང་བ།

⑵ ཁྲིམས་མིའི་དབང་ཆའི་ལས་ཁུངས་ཀྱིས་ཐོར་རྒྱུའི་ཐག་བཅད་པ།

⑶ ཁྲིམས་མི་ཟླ་སྒྲིལ་དང་ཡང་ན་ཁ་གྱེས་པའི་དབང་གིས་ཐོར་དགོས་པ།

⑷ ཁྲིམས་མིས་ཁྲིམས་ལྟར་བདག་གཉེར་དཔང་ཡིག་དང་ཐོ་འགོད་དཔང་ཡིག་རྩིས་མེད་དུ་བཏང་བ་དང་། ཡང་ན་སྒོ་རྒྱག་དགོས་པའི་བཀའ་ཕབ་པའམ་ཕྱིར་བསྡུ་བྱེད་པ།

⑸ བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་གཞན་པ་བཅས་སོ། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།