ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།(དྲུག་པ)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་བརྒྱ་དང་བརྒྱད་ཅུ་པ། འགོག་ཐབས་མེད་པའི་དབང་གིས་དམངས་དོན་འོས་འགན་འཁུར་མ་ཐུབ་ན། དམངས་དོན་འགན་འཁྲི་འཁུར་མི་དགོས་པ་དང་། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།

འགོག་ཐབས་མེད་པའི་དབང་གིས་ཤེས་པ་ནི་སྔོན་དཔག་བྱེད་མི་ཐུབ་པ་དང་། གཡོལ་ཐབས་མེད་པར་མ་ཟད་སེལ་ཐབས་བྲལ་བའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་གོ།

དོན་ཚན་བརྒྱ་དང་གྱ་གཅིག་པ། ལུགས་མཐུན་འགོག་སྲུང་གི་དབང་གིས་གྱོང་གུན་བཟོས་ན། དམངས་དོན་འགན་འཁྲི་འཁུར་མི་དགོས།

ལུགས་མཐུན་འགོག་སྲུང་ཚད་ལས་བརྒལ་བའི་དབང་གིས། དགོས་མེད་ཀྱི་གྱོང་གུན་བཟོས་ན། ལུགས་མཐུན་འགོག་སྲུང་བྱེད་མཁན་གྱིས་ཚད་མཐུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་གཉིས་པ། འཕྲལ་མྱུར་ཉེན་ཁར་གཡོལ་ཆེད་གྱོང་གུན་བཟོས་ན། ཉེན་ཁ་བཟོ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས།

ཉེན་ཁ་དེ་རང་བྱུང་རྒྱུ་རྐྱེན་གྱིས་བསླངས་ན། འཕྲལ་མྱུར་ཉེན་ཁར་གཡོལ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས་པར། ཁ་གསབ་འོས་འཚམ་བྱིན་ན་ཆོག

འཕྲལ་མྱུར་ཉེན་ཁར་གཡོལ་བའི་ཐབས་ལམ་མི་འགྲིག་པའམ་ཡང་ན་ཚད་ལས་བརྒལ་བའི་དབང་གིས། དགོས་མེད་ཀྱི་གྱོང་གུན་བཟོས་ན། འཕྲལ་མྱུར་ཉེན་ཁར་གཡོལ་མཁན་གྱིས་ཚད་མཐུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་གསུམ་པ། མི་གཞན་གྱི་དམངས་དོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཐེབས་ན། གནོད་འཚེ་གཏོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཚབ་འཇལ་ཆོག གནོད་འཚེ་གཏོང་མཁན་མེད་པའམ་གནོད་འཚེ་གཏོང་མཁན་བྲོས་པ། ཡང་ན་གནོད་འཚེ་གཏོང་མཁན་ལ་དམངས་དོན་འགན་འཁྲི་འཁུར་བའི་ནུས་པ་མེད་པ་དང་། གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ན། ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཚབ་འཇལ་དགོས།

དོན་ཚན་བརྒྱ་དང་གྱ་བཞི་པ། རང་འཐད་སྒོས་ཛ་དྲག་རོགས་སྐྱོར་བྱས་པ་ལས་རོགས་སྐྱོར་བྱ་ཡུལ་ལ་གནོད་འཚེ་བཏང་ན། རོགས་སྐྱོར་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས།

དོན་ཚན་བརྒྱ་དང་གྱ་ལྔ་པ། སྔོན་གཤེགས་དཔའ་བོ་སོགས་ཀྱི་མིང་དང་འདྲ་པར།མཚན་སྙན། གཟི་བརྗིད་བཅས་ལ་གནོད་འཚེ་བཏང་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ན། ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་དྲུག་པ། དོ་བདག་པ་ཕྱོགས་གཅིག་གི་ཁ་ཆད་དང་འགལ་བའི་བྱ་སྤྱོད་ཀྱིས། ཅིག་ཤོས་ཀྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་ན། གནོད་འཚེ་ཐེབས་མཁན་ལ་གདམ་གསེས་ཀྱིས་ཁ་ཆད་དང་འགལ་བའི་འགན་འཁྲི་དང་ཡང་ན་གནོད་འཚེ་བཏང་བའི་འགན་འཁྲི་འཇལ་དགོས་པའི་རེ་འདུན་ཞུ་རྒྱུའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་གྱ་བདུན་པ། དམངས་དོན་བྱེད་པོས་བྱ་སྤྱོད་གཅིག་གི་དབང་གིས་དམངས་དོན་འགན་འཁྲི་དང་།སྲིད་འཛིན་འགན་འཁྲི། ཉེས་དོན་འགན་འཁྲི་བཅས་མཉམ་དུ་འཁུར་དགོས་ན།སྲིད་འཛིན་འགན་འཁྲི་དང་ཉེས་དོན་འགན་འཁྲི་འཁུར་བ་ཡིས་དམངས་དོན་འགན་འཁྲི་འཁུར་བར་གནོད་པ་མི་བྱེད་ལ།དམངས་དོན་བྱེད་པོའི་རྒྱུ་ནོར་གྱིས་མི་འདང་ན། དམིགས་བསལ་གྱིས་དམངས་དོན་འགན་འཁྲི་འཁུར་བར་སྤྱོད་དགོས།

ལེའུ་དགུ་པ། གཏུག་བཤེར་གོ་ཆོད་དུས་ཡུན།

དོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་ཞུ་བའི་གཏུག་བཤེར་གོ་ཆོད་དུས་ཡུན་ནི་ལོ་གསུམ་ཡིན་ལ། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་བྱས་ཡོད་ན། གཏན་འཁེལ་དེ་ལ་བསྟུན་དགོས།

གཏུག་བཤེར་གོ་ཆོད་དུས་ཡུན་ནི་ཁེ་དབང་ཡོད་པའི་མིས་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་པའམ་ཤེས་འོས་པ་དང་ཡང་ན་འོས་འགན་ཡོད་པའི་ཉིན་དེ་ནས་བཟུང་བརྩི་དགོས། བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས་མོད།འོན་ཀྱང་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཉིན་དེ་ནས་བཟུང་སྟེ་ལོ་ཉི་ཤུ་བརྒལ་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་ཡིན།དམིགས་བསལ་གྱི་གནས་ཚུལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་ཡོད་པའི་མིའི་རེ་འདུན་ལྟར་ཡུན་བསྲིང་ཆོག

དོན་ཚན་བརྒྱ་དང་གྱ་དགུ་པ། དོ་བདག་པས་བུ་ལོན་སྐོར་གཅིག་ཐེངས་འགར་དབྱེ་ནས་སྐྱིན་ཚབ་འཇལ་རྒྱུའི་ཐག་བཅད་ན། གཏུག་བཤེར་གོ་ཆོད་དུས་ཡུན་ནི་ཐེངས་ཆེས་རྗེས་མ་སྤྲད་ཚར་བའི་ཉིན་དེ་ནས་བཟུང་བརྩི་དགོས།

དོན་ཚན་བརྒྱ་དང་དགུ་བཅུ་པ།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་དེའི་ཁྲིམས་བཀོད་འཐུས་ཚབ་པའི་རེ་ཞུ་དབང་ཆའི་གཏུག་བཤེར་གོ་ཆོད་དུས་ཡུན་ནི།ཁྲིམས་བཀོད་འཐུས་ཚབ་པ་དེའི་འཐུས་ཚབ་མཚམས་བཞག་པའི་ཉིན་དེ་ནས་བཟུང་སྟེ་བརྩི་དགོས།

དོན་ཚན་བརྒྱ་དང་གོ་གཅིག་པ། ནར་མ་སོན་པའི་མི་ལ་འདོད་ཆགས་འཆལ་རྩེད་ཀྱི་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་རྒྱུའི་རེ་འདུན་ཞུ་བའི་གོ་ཆོད་དུས་ཡུན་ནི།གནོད་འཚེ་ཐེབས་མཁན་ལོ་བཅོ་བརྒྱད་ལ་བུད་པའི་ཉིན་དེ་ནས་བཟུང་བརྩི་དགོས།

དོན་ཚན་བརྒྱ་དང་གོ་གཉིས་པ། གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་ན། འོས་འགན་ཡོད་པའི་མིས་འོས་འགན་མི་འཁུར་བའི་དག་འབུད་བྱེད་ཆོག

གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་རྗེས། འོས་འགན་མི་ལག་བསྟར་བྱེད་པར་འཐད་ན། གཏུག་བཤེར་དུས་ཡུན་ལོངས་པར་ཁ་གཡར་ཏེ་དག་འབུད་བྱེད་མི་ཆོག་པ་དང་། འོས་འགན་མིས་རང་འཐད་སྒོས་ལག་བསྟར་བྱས་ཟིན་ན། ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་མི་ཆོག

དོན་ཚན་བརྒྱ་དང་གོ་གསུམ་པ། མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་དེ་རང་འགུལ་སྒོས་བཀོལ་སྤྱོད་བྱེད་མི་ཆོག

དོན་ཚན་བརྒྱ་དང་གོ་བཞི་པ། གཏུག་བཤེར་གོ་ཆོད་དུས་ཡུན་མ་ལོངས་པའི་སྔོན་གྱི་ཟླ་དྲུག་གི་ནང་། གཤམ་གྱི་བཀག་རྐྱེན་འདི་དག་གི་དབང་གིས་རེ་ཞུ་དབང་ཆ་ལག་བསྟར་བྱེད་མ་ཐུབ་ན། གཏུག་བཤེར་གོ་ཆོད་དུས་ཡུན་གྱི་མཚམས་བཞག་པ་ཡིན།

⑴ འགོག་ཐབས་མེད་པའི་རྒྱུ་རྐྱེན།

⑵ དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ཁྲིམས་བཀོད་འཐུས་ཚབ་པ་མེད་པ་དང་། ཡང་ན་ཁྲིམས་བཀོད་འཐུས་ཚང་པ་ཤི་བའམ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཤོར་བ་དང་། ཡང་ན་འཐུས་ཚབ་དབང་ཆ་ཤོར་བ།

⑶ རྒྱུན་འཛིན་བྱེད་མགོ་བརྩམས་རྗེས་ད་རུང་རྒྱུན་འཛིན་མཁན་དང་ཡང་ན་རྒྱུ་ནོར་དོ་དམ་མཁན་གཏན་འཁེལ་བྱས་མེད་པ།

⑷ དབང་ཆ་ཡོད་པའི་མི་དེ་འོས་འགན་ཡོད་པའི་མི་དང་ཡང་ན་མི་གཞན་པས་ཚོད་འཛིན་བྱེད་པ།

⑸ དབང་ཆ་ཡོད་པའི་མིས་རེ་ཞུ་དབང་ཆ་ལག་བསྟར་བྱེད་པར་བཀག་རྐྱེན་ཐེབས་པའི་གནས་ཚུལ་གཞན་པ།

གོ་ཆོད་དུས་ཡུན་མཚམས་འཇོག་པའི་རྒྱུ་རྐྱེན་མེད་པར་བཟོས་པ་ནས་བཟུང་བའི་ཟླ་དྲུག་འགོར་ན། གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་པ་ཡིན།

དོན་ཚན་བརྒྱ་དང་གོ་ལྔ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། གཏུག་བཤེར་གོ་ཆོད་དུས་ཡུན་གྱི་མཚམས་ཆད་པ་ཡིན། མཚམས་ཆད་པ་དང་འབྲེལ་ཡོད་གོ་རིམ་མཚམས་བཞག་པ་ནས་བཟུང་སྟེ། གཏུག་བཤེར་གོ་ཆོད་དུས་ཡུན་བསྐྱར་དུ་བརྩི་དགོས།

⑴ དབང་ཆ་ཡོད་པའི་མིས་འོས་འགན་ཡོད་པའི་མི་ལ་ལག་བསྟར་བྱེད་དགོས་པའི་རེ་འདུན་ཞུས་པ།

⑵ འོས་འགན་ཡོད་པའི་མི་དེ་འོས་འགན་ལག་བསྟར་བྱེད་པར་འཐད་པ།

⑶ དབང་ཆ་ཡོད་པའི་མིས་གཏུག་བཤེར་བྱེད་པའམ་ཡང་ན་འདུམ་སྒྲིག་བྱེད་རྒྱུའི་རེ་འདུན་ཞུས་པ།

⑷ གཏུག་བཤེར་བྱེད་པའམ་འདུམ་སྒྲིག་བྱེད་རྒྱུའི་རེ་འདུན་ཞུས་པ་དང་འདྲ་མཚུངས་ཀྱི་ནུས་པ་ཡོད་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་བརྒྱ་དང་གོ་དྲུག་པ། གཤམ་གྱི་རེ་ཞུ་དབང་ཆ་འདི་དག་གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་ཐད་བཀོལ་ན་མི་འོས་པ་ཡིན།

⑴གནོད་འཚེ་གཏོང་མཚམས་འཇོག་པ་དང་བཀག་རྐྱེན་མེད་པར་བཟོ་བ།ཉེན་ཁ་མེད་པར་བཟོ་བ་བཅས་ཀྱི་རེ་ཞུ།

⑵གཏན་འཇགས་དངོས་དབང་དང་ཐོ་འགོད་བྱས་ཟིན་པའི་གཏན་འཇགས་མ་ཡིན་པའི་དངོས་དབང་གི་དབང་ཆ་ཡོད་པའི་མིས་རྒྱུ་ནོར་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུ་བ།

⑶སྙོར་སྐྱོང་གྲོན་དངུལ་དང་གུས་སྐྱོང་གྲོན་དངུལ། རོགས་སྐྱོང་གྲོན་དངུལ་བཅས་སྟེར་དགོས་པའི་རེ་འདུན་ཞུ་བ།

དོན་ཚན་བརྒྱ་དང་གོ་བདུན་པ། གཏུག་བཤེར་གོ་ཆོད་དུས་ཡུན་གྱི་བརྩི་སྟངས་དང་མཚམས་འཇོག་པ། མཚམས་ཆད་པ་བཅས་ཀྱི་དོན་བྱ་ཡོངས་རྫོགས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བསྒྲུབ་པ་ལས། དོ་བདག་པའི་ཁ་ཆད་ནི་ནུས་མེད་ཡིན།

དོ་བདག་པས་གཏུག་བཤེར་གོ་ཆོད་དུས་ཡུན་ཐད་ཀྱི་ཁེ་ཕན་སྔོན་དཔག་སྒོས་དོར་ན་ནུས་མེད་ཡིན།

དོན་ཚན་བརྒྱ་དང་གོ་བརྒྱད་པ། བཅའ་ཁྲིམས་སྟེང་འདུམ་སྒྲིག་གོ་ཆོད་དུས་ཡུན་ཐད་གཏན་འཁེལ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས་པ་དང་། གཏན་འཁེལ་ཅི་ཡང་མེད་ན། གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་གོ་དགུ་པ། བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའམ་ཡང་ན་དོ་བདག་པས་ཁ་ཆད་བཞག་ཡོད་པའི་ཕྱིར་འཐེན་དབང་ཆ་དང་མེད་པར་བཟོ་བའི་དབང་ཆ་སོགས་ཀྱི་དབང་ཆ་ཡོད་པའི་སྐབས་སུ། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་པ་མ་གཏོགས། དབང་ཆ་ཡོད་པའི་མིས་དབང་ཆ་ཡོད་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བརྩི་དགོས་པ་ལས། འབྲེལ་ཡོད་གཏུག་བཤེར་གོ་ཆོད་དུས་ཡུན་མཚམས་བཞག་པ་དང་མཚམས་ཆད་པ། ཇེ་རིང་དུ་བཏང་བ་སོགས་ཀྱི་གཏན་འཁེལ་སྤྱོད་མི་འཚམ།དབང་ཆའི་དུས་ཡུན་ལོངས་རྗེས། ཕྱིར་འཐེན་དབང་ཆ་དང་མེད་པར་བཟོ་བའི་དབང་ཆ་སོགས་ཀྱང་མེད་པར་འགྲོ་བ་ཡིན།

ལེའུ་བཅུ་པ། དུས་ཡུན་བརྩི་ཐབས།

དོན་ཚན་ཉིས་བརྒྱ་ཐམ་པ། དམངས་ཁྲིམས་ནང་བརྗོད་ཀྱིན་པའི་དུས་ཡུན་ནི་སྤྱི་ལོའི་ལོ་ཟླ་ཚེས་གྲངས་དང་དུས་ཚོད་ལྟར་བརྩི་དགོས།

དོན་ཚན་ཉིས་བརྒྱ་དང་གཅིག ལོ་ཟླ་ཚེས་གྲངས་ལྟར་བརྩི་བའི་སྐབས་སུ། མགོ་རྩོམ་པའི་ཉི་མ་དེ་མི་བརྩི་བར་ཕྱི་ཉིན་ནས་བཟུང་བརྩི་དགོས།

དུས་ཚོད་ལྟར་བརྩི་བའི་སྐབས་སུ། བཅའ་ཁྲིམས་སྟེང་གི་གཏན་འཁེལ་དང་ཡང་ན་དོ་བདག་པའི་ཁ་ཆད་བཞག་ཡོད་པའི་དུས་ཚོད་ལྟར་བརྩི་དགོས།

དོན་ཚན་ཉིས་བརྒྱ་དང་གཉིས་པ། ལོ་ཟླ་ལྟར་དུས་ཡུན་བརྩི་སྐབས། དུས་ཡུན་ལོངས་པའི་ཟླ་བ་དེའི་ཁ་གཏད་ཉིན་མོ་ནི་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན་པ་དང་། ཁ་གཏད་ཉིན་མོ་མེད་ན། ཟླ་མཇུག་གི་མཇུག་མཐའི་ཉིན་མོ་ནི་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན།

དོན་ཚན་ཉིས་བརྒྱ་དང་གསུམ་པ། དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་དེ་ཁྲིམས་བཀོད་ཀྱི་ངལ་གསོའི་ཉིན་མོར་ཁེལ་ཡོད་ན། ཁྲིམས་བཀོད་ཀྱི་ངལ་གསོ་ཉིན་མོ་ལོངས་པའི་ཉིན་དེ་ནས་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན།

དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོའི་མཚམས་འཇོག་པའི་དུས་ཡུན་ནི་དུས་ཚོད་ཉེར་བཞི་ཡིན། བྱེད་སྒོའི་དུས་ཚོད་དང་ཁེལ་ཡོད་ན། བྱེད་སྒོའི་བྱ་འགུལ་མཚམས་འཇོག་པའི་དུས་ཚོད་དེ་ནི་མཚམས་འཇོག་པའི་དུས་ཚོད་ཡིན།

དོན་ཚན་ཉིས་བརྒྱ་དང་བཞི་པ། དུས་ཡུན་བརྩི་ཐབས་ནི་བཅའ་ཁྲིམས་འདིའི་གཏན་འཁེལ་དང་བསྟུན་དགོས་མོད། འོན་ཀྱང་བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་པའམ་ཡང་ན་དོ་བདག་པར་ཁ་ཆད་གཞན་པ་ཡོད་པ་ཕུད་དགོས།

ལེའུ་བཅུ་གཅིག་པ། ཞར་བྱུང་།

དོན་ཚན་ཉིས་བརྒྱ་དང་ལྔ་པ། དམངས་ཁྲིམས་ནང་བརྗོད་ཀྱིན་པའི“ཡན”དང“མན།” “ནང”དང“ཚད་ལོངས།”སོགས་ཀྱི་ནང་དུ་གྲངས་ཀ་དེ་ཉིད་འདུས་པ་དང་། “མི་ལོངས་པ”དང“བརྒལ་བ།”“དེ་ལས་འདས་པ”སོགས་ཀྱི་ནང་དུ་གྲངས་ཀ་དེ་ཉིད་མི་ཐེ།

དོན་ཚན་ཉིས་བརྒྱ་དང་དྲུག་པ། བཅའ་ཁྲིམས་འདི2017ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།