ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2004ལོའི་ཟླ4བའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས49བའི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བ་དང་།  2004ལོའི་ཟླ4བའི་ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང405བས་སྤྱི་བསྒྲགས་བྱས་ཏེ།  2004ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

དང་པོ།    སྤྱིའི་རྩ་དོན།

དོན་ཚན་དང་པོ།   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》(གཤམ་ནས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཞེས་བརྗོད་རྒྱུ)གཞིར་བཟུང་ནས།   སྲོལ་ཡིག་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རླངས་འཁོར་ཁ་ལོ་པ་དང་།    ལམ་འགྲོ་པ།   རླངས་འཁོར་དུ་སྡོད་པའི་མི།   འགྲིམ་འགྲུལ་བྱ་འགུལ་དང་འབྲེལ་བ་ཡོད་པའི་ལས་ཁུངས་སམ་མི་སྒེར་སུ་ཡིན་རུང་།    ཚང་མས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་སྲོལ་ཡིག་འདི་བརྩི་སྲུང་བྱེད་དགོས་པ་ཡིན།

དོན་ཚན་གསུམ་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་བའི་སྙོམས་སྒྲིག་ལས་ཁུངས་འཛུགས་པ་དང་ཆ་ཚང་དུ་བཏང་སྟེ།   འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིར་འགྲིམ་འགྲུལ་གྱི་ཤུགས་རྐྱེན་ཚོད་དཔག་བྱས་ཏེ།   བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་འཆར་འགོད་གཏན་ཁེལ་བྱེད་པ་དང་།   དོ་དམ་གྱི་དམིགས་འབེན་ཐག་གཅོད་བྱས་ནས་ལག་བསྟར་འཆར་གཞི་གཏན་ཁེལ་བྱ་དགོས།

གཉིས་པ།     རླངས་འཁོར་དང་ཁ་ལོ་བ།

གཅིག   སྒུལ་སྐྱོད་རླངས་འཁོར།

དོན་ཚན་བཞི་བ།  སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་ལ།    ཡིག་ཐོག་ཐོ་འགོད་དང་།    གཞི་བསྒྱུར་ཐོ་འགོད།    བརྗེ་སྤོར་ཐོ་འགོད།      གཏའ་མར་འཇོག་པའི་ཐོ་འགོད།    ཐོ་བསུབས་ཐོ་འགོད་བཅས་སུ་དབྱེ་ཡོད།

དོན་ཚན་ལྔ་བ།  ཐོག་མར་སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་དང་།    བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་ལེན་པར།   སྒུལ་སྐྱོད་རླངས་འཁོར་གྱི་བདག་པོ་གནས་སའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཡིག་ཐོག་ཐོ་འགོད་བྱེད་པར་རེ་བ་ཞུ་དགོས།

སྒུལ་སྐྱོད་རླངས་འཁོར་ཡིག་ཐོག་ཏུ་ཐོ་འགོད་བྱེད་པར་རེ་བ་ཞུ་བར།   སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱ་དགོས་པར་མ་ཟད།    ད་དུང་གཤམ་གྱི་འཛིན་ཡིག་དང་དཔང་ཡིག་ཀྱང་མཁོ་སྤྲོད་བྱ་དགོས་ཏེ།

གཅིག  སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་ལག་འཁྱེར།

གཉིས།  རླངས་འཁོར་ཉོས་པའི་འཛིན་ཡིག་སོགས་སྒུལ་སྐྱོད་རླངས་འཁོར་གྱི་ཡོང་ཁུངས་དཔང་ཡིག

གསུམ།  སྒུལ་སྐྱོད་རླངས་འཁོར་ཆ་ཚང་བཟོ་གྲྭ་ནས་ཐོན་པའི་ཚད་ལྡན་དཔང་ཡིག་གམ་ཡང་ན་ནང་འདྲེན་སྒུལ་སྐྱོད་རླངས་འཁོར་གྱི་ནང་འདྲེན་དཔང་ཡིག

བཞི།  རླངས་འཁོར་ཉོས་པའི་དཔྱ་ཁྲལ་གྱི་ཁྲལ་འཇལ་དཔང་ཡིག་དང་།   ཡང་ན་དཔྱ་ཁྲལ་མེད་པར་བཏང་བའི་དབང་ཡིག

ལྔ།   སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་གི་འཛིན་ཡིག

དྲུག  བཅའ་ཁྲིམས་དང་།   སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་སྒུལ་སྐྱོད་རླངས་འཁོར་ལ་ཡིག་ཐོག་ཐོ་འགོད་བྱེད་པའི་སྐབས་སུ་སྤྲོད་དགོས་པའི་འཛིན་ཡིག་དང་དཔང་ཡིག་གཞན་དག་བཅས་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་བྱ་མི་དགོས་པར་གཏན་ཁེལ་བྱས་པའི་རིམ་གྲས་ལ།   ད་དུང་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ཚད་ལྡན་གྱི་དཔང་ཡིག་ཀྱང་མཁོ་སྤྲོད་བྱ་དགོས།

དོན་ཚན་དྲུག་པ།  ཡིག་ཐོག་ཐོ་འགོད་བྱས་ཟིན་པའི་སྒུལ་སྐྱོད་རླངས་འཁོར་ལ་གཤམ་གསལ་གྱི་སྣང་ཚུལ་ཉག་ཅིག་མཆིས་པ་ལ།  སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་སྒུལ་སྐྱོད་རླངས་འཁོར་དེ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གཞི་བསྒྱུར་ཐོ་འགོད་བྱ་བའི་རེ་བ་ཞུ་དགོས།

གཅིག  སྒུལ་སྐྱོད་རླང་འཁོར་གྱི་བདག་པོའི་ཐོབ་ཐང་ལག་འཁྱེར།

གཉིས།   རླངས་འཁོར་ཉོས་པའི་འཛིན་ཡིག་སོགས་སྒུལ་སྐྱོད་རླངས་འཁོར་གྱི་ཡོང་ཁུངས་དཔང་ཡིག

གསུམ།  སྒུལ་སྐྱོད་རླངས་འཁོར་ཆ་ཚང་བཟོ་གྲྭ་ནས་ཐོན་པའི་ཚད་ལྡན་དཔང་ཡིག་གམ་ཡང་ན་ནང་འདྲེན་སྒུལ་སྐྱོད་རླངས་འཁོར་གྱི་ནང་འདྲེན་དཔང་ཡིག

བཞི།    རླངས་འཁོར་ཉོས་པའི་དཔྱ་ཁྲལ་གྱི་ཁྲལ་འཇལ་དཔང་ཡིག་དང་།   ཡང་ན་དཔྱ་ཁྲལ་མེད་པར་བཏང་བའི་དབང་ཡིག

ལྔ།     སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་གི་འཛིན་ཡིག

དྲུག   བཅའ་ཁྲིམས་དང་།    སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་སྒུལ་སྐྱོད་རླངས་འཁོར་ལ་ཡིག་ཐོག་ཐོ་འགོད་བྱེད་པའི་སྐབས་སུ་སྤྲོད་དགོས་པའི་འཛིན་ཡིག་དང་དཔང་ཡིག་གཞན་དག་བཅས་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་བྱ་མི་དགོས་པར་གཏན་ཁེལ་བྱས་པའི་རིག་གྲས་ལ།  ད་དུང་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ཚད་ལྡན་གྱི་དཔང་ཡིག་ཀྱང་མཁོ་སྤྲོད་བྱ་དགོས།

དོན་ཚན་བདུན་པ།  ཡིག་ཐོག་ཐོ་འགོད་བྱས་ཟིན་པའི་སྒུལ་སྐྱོད་རླངས་འཁོར་ལ་གཤམ་གསལ་གྱི་སྣང་ཚུལ་ཉག་ཅིག་མཆིས་པ་ལ།  སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་སྒུལ་སྐྱོད་རླངས་འཁོར་དེ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གཞི་བསྒྱུར་ཐོ་འགོད་བྱ་བའི་རེ་བ་ཞུ་དགོས།

གཅིག  སྒུལ་སྐྱོད་རླངས་འཁོར་གྱི་ཕྱིའི་ཁ་དོག་བསྒྱུར་བར་བྱེད་པ་ལ།

གཉིས།  ཤེད་སྒྲུལ་འཕྲུལ་ཆས་བརྗེ་བར་བྱེད་པ་ལ།

གསུམ།  རླངས་འཁོར་གྱི་ཕྱི་ཤུན་དང་འཁོར་སྒྲོམ་བརྗེ་བར་བྱེད་པ་ལ།

བཞི།     སྤུས་ཀ་ལ་གནད་དོན་ཡོད་པས། རླངས་འཁོར་བཟོ་གྲྭ་རུ་རླངས་འཁོར་བརྗེ་བར་བྱེད་པ་ལ།

ལྔ།       སྐྱེལ་འདྲེན་སྒུལ་སྐྱོད་རླངས་འཁོར་དེ་སྐྱེལ་འདྲེན་སྒུལ་སྐྱོད་རླངས་འཁོར་མ་ཡིན་པར་བསྒྱུར་བའམ།  ཡང་ན་སྐྱེལ་འདྲེན་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་སྐྱེལ་འདྲེན་སྒུལ་སྐྱོད་རླངས་འཁོར་དུ་བསྒྱུར་བར་བྱེད་པ་ལ།

དྲུག    སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་སྡོད་གནས་སྤོར་བའམ།   ཡང་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་མངའ་ཁོངས་སུ་སྤོར་ཡོང་བ་ལ།

སྒུལ་སྐྱོད་རླངས་འཁོར་ལ་གཞི་བསྒྱུར་རེ་བ་ཞུ་བར།   གཤམ་གྱི་དཔང་ཡིག་དང་།   འཛིན་ཡིག་སྤྲོད་དགོས་ལ།   ཚན་པ་གོང་མའི་དོན་ཚན་དང་པོ་དང་དོན་ཚན་གཉིས་པ།    དོན་ཚན་གསུམ་པ།    དོན་ཚན་བཞི་བ།  དོན་ཚན་ལྔ་བའི་སྣང་ཚུལ་ཉག་ཅིག་མཆིས་པ་ལ།   ད་དུང་དུས་མཚུངས་སུ་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ཚད་མཐུན་གྱི་དཔང་ཡིག་ཀྱང་སྤྲོད་དགོས།

གཅིག    སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་ལག་འཁྱེར།

གཉིས།   སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག

གསུམ།   སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་སྐྱོད་བྱེད་ཆོགཔའི་འཛིན་ཡིག

སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་སྡོད་གནས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་མངའ་ཁོངས་ལས་སྤོར་བར་བྱེད་པ་དང་།    སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་མིང(ལས་ཁུངས་ཀྱི་མིང)ངམ་ཡང་ན་འབྲེལ་གཏུག་བྱེད་ཐབས་གཞི་བསྒྱུར་བྱ་བ་ལ།  སྒུལ་སྐྱོད་རླངས་འཁོར་དེ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་ཕྱིན་ནས་ཡིག་ཚགས་སུ་འཇུག་དགོས།

དོན་ཚན་བརྒྱད་པ།   ཡིག་ཐོག་ཐོ་འགོད་བྱས་པའི་སྒུལ་སྐྱོད་རླངས་འཁོར་གྱི་བདག་དབང་བརྗེ་སྤོར་བྱ་དགོས་བྱུང་བར།   དུས་ཐོག་ཏུ་བརྗེ་སྤོར་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།

སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་བརྗེ་སྤོར་བྱེད་པར་རེ་བ་ཞུ་བར།   དོ་བདག་གིས་སྒུལ་སྐྱོད་རླངས་འཁོར་དེ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ།    སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱ་དགོས་ལ།   ད་དུང་གཤམ་གྱི་དཔང་ཡིག་དང་འཛིན་ཡིག་ཀྱང་སྤྲོད་དགོས་ཏེ།

གཅིག    དོ་བདག་གི་ཐོབ་ཐང་ལག་འཁྱེར།

གཉིས།   སྒུལ་སྐྱོད་རླངས་འཁོར་གྱི་བདག་དབང་བརྗེ་སྤོར་བྱེད་པའི་དཔང་ཡིག་དང་འཛིན་ཡིག

གསུམ།    སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག

བཞི།     སྒུལ་སྐྱོད་རླངས་འཁོར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག

དོན་ཚན་དགུ་བ།   སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་སྒུལ་སྐྱོད་རླངས་འཁོར་གཏའ་མར་འཇོག་པའི་དངོས་པོར་བྱས་ནས་གཏའ་མར་འཇོག་པ་ལ།    སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་སྒུལ་སྐྱོད་རླངས་འཁོར་དེ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་སྡེ་ཁག་ཏུ་གཏའ་མར་འཇོག་པའི་རེ་ཞུ་བྱ་དགོས།

དོན་ཚན་བཅུ་བ།   ཡིག་ཐོག་ཐོ་འགོད་བྱས་པའི་སྒུལ་སྐྱོད་རླངས་འཁོར་དེ་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་བཙན་ཤེད་བེད་མེད་དུ་གཏོང་བའི་ཚད་གཞིར་བསླེབས་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བེད་མེད་ཀྱི་ཚད་ལོངས་པའི་ཟླ2ཀྱི་སྔོན་དུ།   སྒུལ་སྐྱོད་རླངས་འཁོར་གྱི་བདག་པོར་ཐོ་འགོད་བསུབ་པར་བྱ་བའི་བརྡ་གཏོང་དགོས།  སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་བེད་མེད་ཀྱི་ཚད་ལོངས་པའི་སྔོན་དུ་སྒུལ་སྐྱོད་རླངས་འཁོར་སླར་བསྡུ་ཁེ་ལས་ལ་སྤྲོད་འཚོང་བྱ་དགོས་པ་དང་།    སྒུལ་སྐྱོད་རླངས་འཁོར་སླར་བསྡུ་ཁེ་ལས་ཀྱིས་བེད་མེད་དུ་བཏང་བའི་སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་ཡི་གེ་དང་།   ཨང་རྟགས།   བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་བཅས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་ནས་ཐོ་བསུབ་བྱ་དགོས།   སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་དུས་ཚོད་བརྒལ་ཡང་ཐོ་འགོད་ཐོ་བསུབས་མི་བྱེད་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེའི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས།   བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་བཅས་བེད་མེད་དུ་བཏང་བ་སྤྱི་བསྒྲགས་བྱ་དགོས།

སྒུལ་སྐྱོད་རླངས་འཁོར་མེད་བསླགས་སུ་སོང་ནས་ཐོ་འགོད་ཐོ་བསུབ་བྱེད་པར་རེ་བ་ཞུ་བ་ལ།    སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་སྤྲད་དེ།     སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་ཕྱིར་སྤྲོད་བྱ་དགོས།

དོན་ཚན་བཅུ་གཅིག་པ།    སྒུལ་སྐྱོད་རླངས་འཁོར་ཐོ་འགོད་བྱེད་པའི་རེ་ཞུ་ལ་སྤྲད་པའི་འཛིན་ཡིག་དང་།    དཔང་ཡིག་ཡོངས་སུ་འཛོམས་པ་དང་ནུས་ལྡན་ཡིན་ན།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གནས་དེ་རུ་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས་པ་ཡིན།

མི་དམངས་ཁྲིམས་ཁང་དང་།    མི་དམངས་ཞིབ་དཔྱོད་ཁང་།   སྲིད་འཛིན་ཁྲིམས་ལུགས་ལག་བསྟར་སྡེ་ཁག་བཅས་ཀྱིས་ཁྲིམས་ལ་བརྟེན་ནས་བཀག་ཡིག་སྦྱར་བ་དང་།    བཀག་ཉར་བྱས་པའི་སྒུལ་སྐྱོད་རླངས་འཁོར་དེ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱ་མི་རུང་།

དོན་ཚན་བཅུ་གཉིས་པ།    སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་།   ཨང་རྟགས།   བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་བོར་བརླགས་སུ་སོང་བའམ་ཡང་ན་གནོད་སྐྱོན་ཤོར་ཏེ།   སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་བསྐྱར་དུ་སྦྱིན་པར་རེ་བ་ཞུ་བ་ལ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་།   རེ་ཞུའི་ཡི་གེ་སྤྲོད་དགོས།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་ཡིག་ཚགས་ལ་ཞིབ་བསྡུར་བྱས་རྗེས།   རེ་ཞུ་འབྱོར་ཉིན་ནས་བཟུང་ཉིན15ནང་བསྐྱར་སྟེར་བྱ་དགོས།

དོན་ཚན་བཅུ་གསུམ་པ།     ཁྲལ་སྡུད་སྡེ་ཁག་དང་།    ཉེན་སྲུང་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལས་སྒྲུབ་གནས་སུ་གཅིག་སྡུད་ཀྱིས་སྒུལ་སྐྱོད་རླངས་འཁོར་གྱི་འབྲེལ་ཡོད་ཁྲལ་དངུལ་སྡུད་ལེན་དང་།    ཉེན་སྲུང་གན་རྒྱ་འཇོག་པ་སོགས་ཀྱི་བྱ་གཞག་སྒྲུབ་ཆོག།

དོན་ཚན་བཅུ་བཞི་བ།    སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་རླངས་འཁོར་གྱི་མདུན་དང་།  རླངས་འཁོར་མཇུག་གི་གཏན་ཁེལ་གནས་སུ་བཀལ་ཏེ།    གསལ་བོ་དང་ཆ་ཚང་ཡིན་པ་རྒྱུན་སྲུང་བྱ་དགོས།    རླངས་འཁོར་ཆེ་བ་དང་།  དོས་འདྲེན་རླངས་འཁོར་འབྲིང་གྲས།   འདྲུད་སྒམ་རླངས་འཁོར།   འདྲུད་འཐེན་འཕྲུལ་འཁོར་བཅས་ལ་འདྲུད་སྒམ་རླངས་འཁོར་གྱི་ཕྱིའམ།    ཡང་ན་འཁོར་སྒམ་མཇུག་གི་གནས་སུ་ཨང་རྟགས་ཇེ་ཆེར་བཏང་ནས་འབྲི་བའམ།   ཡིག་གཟུགས་དྲང་མོ་ཡིན་དགོས་པ་མ་ཟད།    ད་དུང་གསལ་བོ་ཡིན་པ་རྒྱུན་སྲུང་བྱ་དགོས།

སྒུལ་སྐྱོད་རླངས་འཁོར་ཞིབ་བཤེར་ཚད་ལེན་གྱི་ཚད་མཐུན་ཨང་རྟགས་དང་།    ཉེན་སྲུང་རྟགས་མཚན་དེ་སྒུལ་སྐྱོད་རླངས་འཁོར་གྱི་མདུན་ཤེལ་གཡས་ཟུར་གྱི་གོང་རོལ་དུ་སྦྱོར་དགོས།

སྒུལ་སྐྱོད་རླངས་འཁོར་ལ་རྩི་བྱུགས་པ་དང་།   རྟགས་མཚན་སྦྱོར་བ།    ཡང་ན་རླངས་འཁོར་ཕྱི་རུ་ཚོང་ཟོང་བརྡ་འཕྲིན་སྦྱོར་བར།    བདེ་འཇགས་ཁ་ལོ་སྒྱུར་བར་ཤུགས་རྐྱེན་བཟོ་མི་རུང་།  

དོན་ཚན་བཅོ་ལྔ་བ།     བགྲོད་ལམ་སྟེང་རྒྱུག་པའི་འགྲུལ་སྐྱེལ་རླངས་འཁོར་དང་།    དོས་འདྲེན་རླངས་འཁོར་ཆེ་གྲས།   འཁོར་སྒམ་ཕྱེད་ཀ་ཅན་གྱི་འདྲུད་འཐེན་རླངས་འཁོར་བཅས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བགྲོད་སྐྱོད་ཟིན་འགོད་འཇལ་ཆས་འཇོག་པ་དང་སྤྱོད་དགོས།    འགྲིམ་འགྲུལ་ཉེན་རྟོག་པས་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་སྐྱོད་མྱུར་ཚད་དང་།   བསྟུད་མར་ཁ་ལོ་བསྒྱུར་བའི་དུས་ཚོད་བཅས་བགྲོད་སྐྱོད་ཀྱི་སྣང་ཚུལ་གཞན་དག་ལའང་བརྟག་བགོས་ནས་ལག་བསྟར་བྱ་ཆོག་སྟེ།    ལག་བསྟར་གྱི་གོ་རིམ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒུལ་སྐྱོད་རླངས་འཁོར་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་གྱིས་གཏན་ཁེལ་བྱེད་དགོས།

དོན་ཚན་བཅུ་དྲུག་པ།   སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་དེ།    སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་ལག་བསྟར་བྱེད་པ་དང་།   སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་གྱི་ཚད་གཞི་ལྟར།   སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱ་དགོས་པ་དང་།   ཞིབ་བཤེར་ཚད་ལེན་གྱི་འབྲས་བུ་ལའང་བཅའ་ཁྲིམས་ཀྱི་འགན་ཁུར་དགོས།

སྤུས་ཀ་ལག་རྩལ་ལྟ་ཞིབ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་ཐོབ་ཐང་དོ་དམ་དང་།    གྲངས་ཚད་ངོས་འཛིན་ལག་བསྟར་བྱེད་པར་འགན་འཁུར་ཏེ།   སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་གྱི་སྒྲིག་ཆས་ལ་བརྟག་དཔྱད་གཏན་ཁེལ་བྱེད་པ་དང་།    རྒྱལ་ཁབ་ཀྱི་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ཚད་གཞི་ཡི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས།

སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་གྱི་རྣམ་གྲངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་དང་།    རྒྱལ་སྲིད་སྤྱི་ཁྱབ་ཁང་སྤུས་ཀ་ལག་རྩལ་ལྟ་ཞིབ་སྡེ་ཁག་གིས་མཉམ་དུ་གཏན་ཁེལ་བྱེད་དགོས།

དོན་ཚན་བཅུ་བདུན་པ།   སྒུལ་སྐྱོད་རླངས་འཁོར་ཡིག་ཐོག་ཏུ་ཐོ་འགོད་བྱས་པའི་ཉིན་ནས་བཟུང་།    གཤམ་གསལ་གྱི་དུས་བཀག་ལྟར་བདེ་འཇགས་ལག་རྩལ་ལ་ཞིབ་བཤེར་ཚད་ལེན་བྱ་དགོས།

གཅིག།    འགྲུལ་སྡོད་སྐྱེལ་འདྲེན་རླངས་འཁོར་ལོ5ཡི་ནང་ལོ་རེར་ཐེངས1རེ་དང་།    ལོ5བརྒལ་བ་ལ།   ཟླ6རེར་ཐེངས1རེར་ཞིབ་བཤེར་ཚད་ལེན་བྱ་དགོས།

གཉིས།    དོས་འདྲེན་རླངས་འཁོར་དང་རླངས་འཁོར་ཆེ་གྲས།   འབྲིང་གྲས་ཀྱི་འགྲུལ་སྡོད་སྐྱེལ་འདྲེན་རླངས་འཁོར་མ་ཡིན་པ་ལོ10ནང་ལོ་རེར་ཐངས1རེར་ཞིབ་བཤེར་ཚད་ལེན་བྱ་དགོས་པ་དང་།   ལོ10བརྒལ་བ་ལ།   ཟླ6རེའི་ནང་ཐེངས1རེར་ཞིབ་བཤེར་ཚད་ལེན་བྱ་དགོས།

གསུམ།   རླངས་འཁོར་ཆུང་གྲས་དང་།   འགྲུལ་སྡོད་སྐྱེལ་འདྲེན་རླངས་འཁོར་མ་ཡིན་པའི་ཆེས་ཆུང་བའི་རླངས་འཁོར་ལོ་དེ་ལོ6གི་ནང་ལོ2རེར་ཐེངས་1རེ་དང་།   ལོ6བརྒལ་བ་ལ།    ལོ་རེར་ཐེངས1རེར་ཞིབ་བཤེར་ཚད་ལེན་བྱ་དགོས་པ་དང་།   ལོ15བརྒལ་བ་ལ།    ཟླ6རེའི་ནང་ཞིབ་བཤེར་ཚད་ལེན་ཐེངས་རེ་བྱ་དགོས།

བཞི།    འཕྲུལ་རྟར་ལོ4ནང་དུ་ལོ2རེའི་ནས་ཐེངས1རེ་དང་།   ལོ4བརྒལ་བ་ལ།    ལོ་རེར་ཐེངས1རེ་ཞིབ་བཤེར་ཚད་ལེན་བྱ་དགོས།

ལྔ།   འདྲུད་འཐེན་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་གཞན་དག་ལ་ལོ་རེར་ཐེངས་རེར་ཞིབ་བཤེར་ཚད་ལེན་བྱ་དགོས།

སྐྱེལ་འདྲེན་སྒུལ་སྐྱོད་རླངས་འཁོར་ལ་གཏན་ཁེལ་གྱི་ཞིབ་བཤེར་ཚད་ལེན་དུས་བཀག་ནང་ཞིབ་བཤེར་ཚད་ལེན་བྱས་པ་ཚད་མཐུན་ཡིན་པར།   ཡང་བསྐྱར་བདེ་འཇགས་ལག་རྩལ་ལ་ཞིབ་བཤེར་ཚད་ལེན་བྱ་མི་དགོས།

དོན་ཚན་བཅོ་བརྒྱད་པ།   ཡིག་ཐོག་ཏུ་ཐོ་འགོད་བྱས་པའི་སྒུལ་སྐྱོད་རླངས་འཁོར་ལ་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་བྱེད་པའི་སྐབས།   སྒུལ་སྐྱོད་རླངས་འཁོར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་སྟེང་བཀོད་པའི་ནང་དོན་དང་།   སྒུལ་སྐྱོད་རླངས་འཁོར་དེའི་འབྲིལ་ཡོད་གནས་ཚུལ་མི་མཐུན་པ།    ཡང་གཏན་ཁེལ་ལྟར་སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་དཔང་ཡིག་མི་སྤྲོད་པ་ལ།    ཞིབ་བཤེར་ཚད་ལེན་ཚད་ལྡན་དུ་བརྩི་མི་རུང་།

དོན་ཚན་བཅུ་དགུ་བ།   ཉེན་རྟོག་རླངས་འཁོར་དང་།   མེ་འགོག་རླངས་འཁོར།   མྱུར་སྐྱོབ་རླངས་འཁོར།    བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་བཅས་ཀྱི་རྟགས་མཚན་རི་མོ་དང་།   ཉེན་དུང་འཕྲུལ་ཆས།   རྟགས་མཚན་གློག་ཞུ་སྒྲིག་འཛུགས་དང་བེད་སྤྱོད་གཏན་ཁེལ་བཅས་ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་འབེབས་བྱེད་དགོས་པ་ཡིན།

གཉིས།      སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པ།

དོན་ཚན་ཉི་ཤུ་བ།   རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཁ་ལོ་སྒྱུར་བར་ཆ་རྐྱེན་ལྡན་པའི་མིས།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར་རེ་ཞུ་བྱེད་ཆོག།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་མཛད་པའི་དཔེ་དབྱིབས་ལྟར་བཟོ་དགོས།

དོན་ཚན་ཉེར་གཅིག་པ།  སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་བར་སློབ་པ་ལ།    ཐོག་མར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་།   ཁྲིམས་སྲོལ།   འབྲེལ་ཡོད་ཤེས་བྱ་བཅས་བསླབ་དགོས་ལ།   རྒྱུགས་འཕྲོད་པའི་རྗེས་སུ།    ད་གཟོད་སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་བའི་ནུས་རྩལ་བསླབ་དགོས།

བགྲོད་ལམ་སྟེང་ཁ་ལོ་སྒྱུར་བ་སློབ་ན།     སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ལམ་ཐིག་དང་།  དུས་ཚོད་ལྟར་བགྱི་དགོས།   བགྲོད་ལམ་སྟེང་སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་བའི་ནུས་རྩལ་སློབ་པར་བྱེད་པ་ལ།     ཁྲིད་སྦྱོང་རླངས་འཁོར་བཀོལ་དགོས་ལ།    ཁྲིད་སྟོན་མཁན་རླངས་འཁོར་དུ་བསྡད་དེ་ཁོའི་མཛུབ་སྟོན་འོག་སློབ་དགོས་པ་དང་།     བསླབ་ཁྲིད་ལ་འབྲེལ་བ་མེད་པའི་མི་ཁྲིད་སྦྱོང་རླངས་འཁོར་དུ་བསྡད་མི་ཆོག     སློབ་མཁན་གྱིས་ཁ་ལོ་སྒྱུར་བ་སློབ་པའི་གོ་རིམ་ཁྲོད་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་བྱུང་བ་དང་།   ཡང་ན་འགྲིམ་འགྲུལ་དོན་རྐྱེན་བཟོས་པར།   ཁྲིད་སྟོན་མཁན་གྱིས་འགན་འཁུར་དགོས།

དོན་ཚན་ཉེར་གཉིས་པ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར་རྒྱུགས་བླངས་ཏེ།   རྒྱུགས་འཕྲོད་པ་ལ།   ཉིན5ཡི་ནང་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྟེར་བ་དང་།    རྒྱུགས་མ་འཕྲོད་པ་ལ།   ཡིག་ཐོག་ནས་གསལ་བཤད་བྱ་དགོས།

དོན་ཚན་ཉེར་གསུམ་པ།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གི་ནུས་ལྡན་དུས་ཡུན་ནི་ལོ6ཡིན་ཏེ།   སྲོལ་ཡིག་འདི་ལས་གཏན་ཁེལ་གཞན་ཡོད་པ་དེ་ལས་ཕུད་པ་ཡིན།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་ཐོག་མར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླངས་རྗེས་ཀྱི་ཟླ12རིང་ནི་དངོས་སྦྱོང་གི་དུས་ཡིན།    དངོས་སྦྱོང་གི་དུས་ཡུན་ནང་སྒུལ་སྐྱོད་རླངས་འཁོར་བསྐོར་བར་བྱེད་པ་ལ།    རླངས་འཁོར་གྱི་མཇུག་ཏུ་དངོས་སྦྱོང་གི་རྟགས་མཚན་གཅིག་མཐུན་ཅན་སྦྱོར་བའམ་འགེལ་དགོས།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་དངོས་སྦྱོང་གི་དུས་ཡུན་ནང་སྤྱི་སྤྱོད་རླངས་འཁོར་དང་།   འགྲུལ་སྐྱེལ་རླངས་འཁོར།   འགན་འཁྲི་ལག་བསྟར་བྱེད་པའི་ཉེན་རྟོག་རླངས་འཁོར།   མེ་འགོག་རླངས་འཁོར།    མྱུར་སྐྱོབ་རླངས་འཁོར།    བཟོ་སྐྲུན་ཉེན་སྲུང་རླངས་འཁོར་བཅས་དང་།   འབར་གས་དངོས་རྫས་དང་འབར་སླ་བ།    འགད་སླ་བའི་རྫས་འགྱུར་དངོས་རྫས།   དུག་ཤེད་ཆེ་བའི་དངོས་རྫས།   ལྡོག་འོད་རང་བཞིན་སོགས་ཀྱི་ཉེན་ཁའི་དངོས་རྫས་བཀལ་ཡོད་པའི་སྒུལ་སྐྱོད་རླངས་འཁོར་བསྐོར་མི་ཆོག་ལ།   ཁ་ལོ་སྒྱུར་བའི་རླངས་འཁོར་ལ་འཁོར་སྒམ་སྦྲེལ་ནས་འདྲུད་འཐེན་ཡང་བྱེད་མི་ཆོག།

དོན་ཚན་ཉེར་བཞི་བ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཆད་པ་གཅོད་པ་ལས་གཞན།   བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་སྤྱོད་ཀྱི་སྐར་བསགས་ཐོ་འགོད(གཤམ་ནས་སྐར་འགོད་ཅེས་བརྗོད)ལམ་ལུགས་ལག་བསྟར་བྱེད་དགོས་ལ།   སྐར་འགོད་ཀྱི་དུན་ཡུན་ནི་ཟླ12ཡིན།   སྐར་འགོད་དུས་ཡུན་གཅིག་གི་ནང་སྐར་འགོད12ལ་བསླེབས་པ་ལ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཉར་འཇོག་བྱེད་པ་དང་།   སྒུལ་སྐྱོད་རླངས་འཁོར་དེའི་ཁ་ལོ་པ་གཏན་ཁེལ་ལྟར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་།  ཁྲིམས་སྲོལ་གྱི་སློབ་སྦྱོང་ལ་ཞུགས་དགོས་པར་མ་ཟད།   ད་དུང་རྒྱུགས་སྤྲོད་དགོས།    རྒྱུགས་འཕྲོད་པ་ལ།   སྐར་འགོད་མེད་པར་གཏང་ཆོག་པ་དང་།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཀྱང་ཕྱིར་སྤྲོད་དགོས།   རྒྱུགས་མ་འཕྲོད་པ་ལ།   མུ་མཐུད་དུ་སློབ་སྦྱོང་དང་རྒྱུགས་ལེན་པར་ཞུགས་སུ་འཇུག་དགོས།

བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་སྐར་འགོད་དང་སྐར་འགོད་ཀྱི་ཚད་ནི།   རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱིས་བདེ་སྡེ་ཁག་གིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་ཚད་གཞིར་བཟུང་སྟེ་གཏན་ཁེལ་བྱེད་དགོས་པ་ཡིན།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་སྐར་འགོད་འདྲི་བརྩད་བྱེད་པའི་བྱེད་ཐབས་མཁོ་སྤྲོད་བྱེད་དགོས།

དོན་ཚན་ཉེར་ལྔ་བ།  སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་སྐར་འགོད་དུས་ཡུན་གཅིག་གི་ནང་སྐར་འགོད12ལ་བསླེབས་མེད་པ་དང་།   ཆད་པ་བཅད་པ་ཚང་མ་སྤྲད་ཟིན་པ་ལ།   སྐར་འགོད་མེད་པར་གཏང་ཆོག།   སྐར་འགོད་སྐར་མ12ལ་བསླེབས་མེད་ཀྱང་།   ཆད་པའི་དངུལ་སྤྲད་མེད་པ་ལ།   སྐར་འགོད་དུས་ཡུན་རྗེས་མའི་སྐར་འགོད་ནང་བརྩི་ཆོག།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་སྐར་འགོད་དུས་ཡུན་གཅིག་གི་ནང་སྐར་འགོད12ཐེངས2ལ་བསླེབས་པ་ལ།   དོན་ཚན་ཉེར་གསུམ་པའི་གཏན་ཁེལ་ལྟར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཉར་འཇོག་བྱ་དགོས་པ་ལས་གཞན།   སློབ་སྦྱོང་དུ་ཞུགས་དགོས་ལ།  རྒྱུགས་ཀྱང་སྤྲོད་དགོས་པ་མ་ཟད།  ད་དུང་ཁ་ལོ་སྒྱུར་པའི་ནུས་རྩལ་གྱི་རྒྱུགས་སྤྲོད་པའང་དང་ལེན་བྱ་དགོས།    རྒྱུགས་འཕྲོད་པ་ལ།   སྐར་འགོད་མེད་པར་གཏང་ཆོག་པ་དང་།    སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཀྱང་ཕྱིར་བྱིན་ཆོག    རྒྱུགས་མ་འཕྲོད་པས་མུ་མཐུད་དུ་སློབ་སྦྱོང་དང་རྒྱུགས་སྤྲོད་དགོས།

ཁ་ལོ་སྒྱུར་བའི་ནུས་རྩལ་རྒྱུགས་སྤྲོད་པ་དང་ལེན་བྱས་པ་དེས།   རང་ཉིད་ཀྱི་ཁ་ལོ་འཛིན་ཡིག་སྟེང་བཀོད་པའི་ཆེས་མཐོ་པའི་ཚད་གཞིའི་རླངས་འཁོར་རིགས་བསྐོར་ནས་རྒྱུགས་སྤྲོད་དགོས།

དོན་ཚན་ཉེར་དྲུག་པ།    སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་སྐར་འགོད12ལ་བསླེབས་པ་དང་།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སློབ་སྦྱོང་དུ་ཞུགས་པར་བརྡ་བཏང་བ་ལ་གཏན་ནས་མི་ཞུགས་པ་དང་།    རྒྱུགས་ཀྱང་མི་སྤྲོད་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་བེད་སྤྱོད་པ་མཚམས་འཇོག་པར་བརྡ་གཏོང་དགོས།

དོན་ཚན་ཉེར་བདུན་པ།    སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་སྒུལ་སྐྱོད་རླངས་འཁོར་ཁ་ལོ་པའི་འཛིན་ཡིག་གི་ནུས་ལྡན་ལོ6གི་ནང་།   སྐར་འགོད་རེ་རེར་སྐར་མ12ལ་མ་བསླེབས་པ་ལ།   ནུས་ཡུན་ལོ10ཡིན་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལ་བརྗེས་ནས་བྱིན་ཆོག།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བརྗེ་སྟེར་བྱེད་པའི་སྐབས་སུ།     སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལ་ཞིབ་བཤེར་བྱ་དགོས།

དོན་ཚན་ཉེར་བརྒྱད་པ།    སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བོར་སྟོར་བྱུང་བ་དང་།    ཐེད་རལ་དུ་གྱུར་ནས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་བསྐྱར་དུ་སྟེར་བར་རེ་བ་ཞུ་བར།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་རེ་ཞུའི་ཡི་གེ་སྤྲོད་དགོས།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གི་ཡིག་ཚགས་ལ་ཞིབ་བསྡུར་བྱས་རྗེས།  རེ་ཞུའི་ཡི་གེ་འབྱོར་ནས་ཉིན་གསུམ་གྱི་ནང་གསབ་སྟེར་བྱ་དགོས།

སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བོར་སྟོང་བྱུང་བ་དང་།    ཐེད་རལ་དུ་གྱུར་པ།   ནུས་ཡུན་ལས་བརྒལ་བ།   ཡང་ན་ཁྲིམས་ལ་བརྟེན་ནས་ཉེར་འཇོག་བྱས་པ་དང་།    གནས་སྐབས་སུ་ཉེར་འཇོག་བྱས་པ།   སྐར་འགོད་སྐར་མ12ལ་བསླེབས་པ་བཅས་ཀྱིས་སྒུལ་སྐྱོད་རླངས་འཁོར་བསྐོར་མི་ཆོག།

གསུམ་པ།      བགྲོད་ལམ་ཤར་གཏོང་གི་ཆ་རྐྱེན།

དོན་ཚན་ཉེར་དགུ་བ།    འགྲིམ་འགྲུལ་གྱི་བརྡ་རྟགས་གློག་སྒྲོན་ལ།   སྒུལ་སྐྱོད་རླངས་འཁོར་གྱི་བརྡ་རྟགས་གློགས་སྐྲོན་དང་།   སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བརྡ་རྟགས་གློགས་སྒྲོན།    མི་འགྲོ་འཕྲེད་ལམ་གྱི་བརྡ་རྟགས་གློག་སྒྲོན།   རླངས་འཁོར་བགྲོད་ལམ་གྱི་བརྡ་རྟགས་གློག་སྒྲོན།   ཁ་ཕྱོགས་སྟོན་པའི་བརྡ་རྟགས་གློགས་སྒྲོན།   འོད་འཚེར་ཉེན་ཟོན་གྱི་བརྡ་རྟགས་གློག་སྒྲོན།   བགྲོད་ལམ་དང་ལྕགས་ལམ་བསྣོལ་མཚམས་ཀྱི་ངོས་སྙོམས་བརྡ་རྟགས་གློག་སྒྲོན་བཅས་སུ་དབྱེ་ཡོད།

དོན་ཚན་སུམ་ཅུ་བ།   འགྲིམ་འགྲུལ་རྟགས་མཚན་ལ།   ཕྱོགས་སྟོན་རྟགས་མཚན་དང་།   ཉེན་ཟོན་རྟགས་མཚན།   བཀག་སྡོམ་རྟགས་མཚན།     ལམ་སྟོན་རྟགས་མཚན།    ལྗོངས་རྒྱུ་ཁུལ་གྱི་རྟགས་མཚན།   བགྲོད་ལམ་ལས་བཟོ་བདེ་འཇགས་རྟགས་མཚན་དང་རམ་འདེགས་རྟགས་མཚན་བཅས་སུ་དབྱེ་ཡོད།

བགྲོད་ལམ་འགྲིམ་འགྲུལ་ལམ་ཐིག་ལ།    ཕྱོགས་སྟོན་ལམ་ཐིག་དང་།    ཉེན་ཟོན་ལམ་ཐིག    བཀག་འགོག་ལམ་ཐིག་བཅས་སུ་དབྱེ་ཡོད།

དོན་ཚན་སོ་གཅིག་པ།     འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ།     ལག་བརྡའི་བརྡ་རྟགས་དང་།    འཕྲུལ་ཆས་ཀྱི་འགྲིམ་འགྲུལ་བཀོད་འདོམས་བརྡ་རྟགས་གཉིས་སུ་དབྱེ་ཡོད།

དོན་ཚན་སོ་གཉིས་པ།   བགྲོད་ལམ་གྱི་བཞི་མདོ་དང་མི་འགྲོ་འཕྲེད་ལམ་ཅུང་གཅིག་སྡུད་ཀྱི་ལམ་ཚིགས་སུ་མི་འགྲོ་འཕྲེད་ལམ་སྟེ།   ལམ་བརྒལ་དཔྱང་ཟམ་མམ་ཡང་ན་ས་འོག་བགྲོད་ལམ་བཟོ་དགོས།

ལོང་བ་འགྲོ་ལམ་ཆེས་གཅིག་སྡུད་ཀྱི་ལམ་ཚིགས་སུ།    མི་འགྲོ་འཕྲེད་ལམ་གྱི་བརྡ་རྟགས་གློག་སྒྲོན་དེའི་ཚབ་ཏུ་སྒྲ་གྲགས་པའི་བརྡ་སྟོན་སྒྲིག་ཆས་འཛུགས་དགོས།

དོན་ཚན་སོ་གསུམ་པ།   གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ལམ་འགྲོ་པ་ལ་ཤུགས་རྐྱེན་མི་ཐེབས་པ་དང་།   རླངས་འཁོར་བགྲོད་པ་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག      གྲོང་ཁྱེར་གྱི་བགྲོད་ལམ་སྟེང་རླངས་འཁོར་འཇོག་སའི་གནས་ཁག་བགོ་བྱས་ཏེ།   ད་དུང་རླངས་འཁོར་འཇོག་པའི་ཡུན་ཚད་གཏན་ཁེལ་བྱ་དགོས།

དོན་ཚན་སོ་བཞི་བ།    སྤྱི་སྤྱོད་རླངས་འཁོར་དང་།  རྒྱང་རིང་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་དང་ས་ཚིགས་གསར་དུ་འཛུགས་པའམ་སྙོམས་སྒྲིག་བྱེད་པར།   འགྲིམ་འགྲུལ་འཆར་འགོད་དང་།   བདེ་འཇགས།   ཤར་བགྲོད་བཅས་ཀྱི་ཆ་རྐྱེན་དང་མཐུན་དགོས།

དོན་ཚན་སོ་ལྔ་བ།    བགྲོད་ལམ་ཞིག་གསོ་ལས་བཟོ་ལས་ཁུངས་ཀྱིས་བགྲོད་ལམ་སྟེང་ལམ་ཞིག་གསོ་བྱེད་སྐབས།   གཏན་ཁེལ་ལྟར་ཚད་ལྡན་གྱི་བདེ་འཇགས་རྟགས་མཚན་དང་།   བདེ་འཇགས་འགོག་སྲུང་གི་སྒྲིག་ཆས་འཛུགས་དགོས།   བགྲོད་ལམ་ཞིག་གསོ་ལས་བཟོ་བྱེད་པའི་འཕྲུལ་ཆས་དང་སྒུལ་སྐྱོད་རླངས་འཁོར་ལ་ཉེན་ཟོན་གློག་སྒྲོན་འཛུགས་དགོས་ལ།   མངོན་གསལ་གྱི་རྟགས་མཚན་རི་མོའང་འབྲི་དགོས།   ལས་ཀ་བྱེད་པའི་དུས་སུ་ཉེན་ཟོན་གློག་སྒྲོན་དང་ཉེན་ཁའི་བརྡ་གཏོང་གི་འོད་འཚེར་གློག་སྒྲོན་ཡང་འགེར་དགོས།   འགྲིམ་འགྲུལ་ཆད་མེད་པའི་བགྲོད་ལམ་དུ་ལས་ཀ་སྒྲུབ་དུས།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ལྟ་ཞིབ་བརྟག་དཔྱད་ལ་ཤུགས་སྣོན་གཏོང་དགོས།   འགྲིམ་འགྲུལ་ལ་བཀག་འགོག་ཐེབས་པའི་སྐབས།   དུས་ཐོག་ཏུ་ཁག་བགོ་དང་།   ཁ་འགྲེམ་པར་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོབ་བྱ་དགོས།

བགྲོད་ལམ་ལས་བཟོའི་སྐབས་སུ་རླངས་འཁོར་རྒྱང་བསྐོར་ནས་བགྲོད་དགོས་པ་ལ།  ལས་བཟོ་ལས་ཁུངས་ཀྱིས་རྒྱང་བསྐོར་བའི་གནས་སུ་རྟགས་མཚན་འཛུགས་དགོས་པ་དང་།   རྒྱང་བསྐོར་ནས་འགྲོ་མི་ཐུབ་པ་ལ།   གནས་སྐབས་སུ་བསྐྱོད་པའི་ལམ་བཟོས་ཏེ།  རླངས་འཁོར་དང་ལམ་འགྲོ་པ་རྒྱུ་ཐུབ་པ་ཁག་ཐེག་བྱ་དགོས།   བགྲོད་ལམ་ཆད་ནས་ལམ་འགོག་པར་བྱ་དགོས་པ་ལ།    གནས་ཚུལ་ཛ་དྲག་ཕུད།   ཉིན5སྔོན་དུ་སྤྱི་ཚོགས་ལ་བརྡ་ཐོ་གཏོང་དགོས།

དོན་ཚན་སོ་དྲུག་པ།   བགྲོད་ལམ་མམ་ཡང་ན་འགྲིམ་འགྲུལ་སྒྲིག་ཆས་གསོ་སྐྱོང་སྡེ་ཁག་དང་།   དོ་དམ་སྡེ་ཁག་གིས་དཀྱོག་ལམ་མམ།    ཡང་ན་ཐུར་ལམ།    བྲག་ལམ།   ཆུ་ཁ་སོགས་ཉེན་ཁའི་ལམ་ཚིགས་སུ།  རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ཉེན་བརྡའི་རྟགས་མཚན་དང་བདེ་འཇགས་འགོག་སྲུང་གི་སྒྲིག་ཆས་འཛུགས་དགོས།

དོན་ཚན་སོ་བདུན་པ།    བགྲོད་ལམ་འགྲིམ་འགྲུལ་རྟགས་མཚན་དང་།   ལམ་ཐིག་ཚད་ལྡན་མིན་པར།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་ཤན་འབྱེད་པར་ནོར་འཛོལ་འབྱུང་བའི་འགྲིམ་འགྲུལ་རྟགས་མཚན་དང་།   ལམ་ཐིག་དར་གཙོ་གཉེར་སྡེ་ཁག་གིས་དུས་ཐོག་ཏུ་ལེགས་སྒྱུར་བྱ་དགོས།

བགྲོད་ལམ་གྱི་དཀར་མེ་སྒྲིག་ཆས་དེ་བགྲོད་ལམ་འཛུགས་སྐྲུན་ལག་རྩལ་ཚད་ལྡན་དང་མཐུན་པར་བྱས་ཏེ།   དཀར་མེའི་བྱེད་ནུས་བཟང་བར་བྱེད་དགོས།

བཞི་བ།   བགྲོད་ལམ་ཤར་གཏོང་གི་གཏན་ཁེལ།

གཅིག   སྤྱིར་བཏང་གི་གཏན་ཁེལ།

དོན་ཚན་སོ་བརྒྱད་པ།   སྒུལ་སྐྱོད་རླངས་འཁོར་གྱི་བརྡ་རྟགས་གློག་སྒྲོན་དང་།     སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བརྡ་རྟགས་གློག་སྒྲོན་གྱི་མཚོན་དོན།

གཅིག    གློག་ལྗང་ཁུ་བཀར་བའི་དུས་སུ།   རླངས་འཁོར་བསྐྱོད་ཆོག    འོན་ཀྱང་དཀྱོག་དགོས་པའི་རླངས་འཁོར་གྱིས་དྲང་མོར་འགྲོ་རུ་བཅུག་པའི་རླངས་འཁོར་དང་།    ལམ་འགྲོ་པ་རྒྱུ་བར་བཀག་འགོག་བྱ་མི་ཆོག།

གཉིས།   གློག་སེར་པོ་བཀར་པའི་དུས་སུ།   བགྲོད་མཚམས་འཇོག་པའི་ཐིག་སྣེ་ལས་བརྒལ་བའི་རླངས་འཁོར་མུ་མཐུད་དུ་བསྐྱོད་ཆོག

གསུམ།   གློག་དམར་པོ་བཀར་བའི་དུས་སུ།  རླངས་འཁོར་སྐྱོད་མཚམས་འཇོག་དགོས།

སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་མི་འགྲོ་འཕྲེད་ལམ་གྱི་ལམ་མདོ་རུ་བརྡ་རྟགས་གློག་སྒྲོན་སྒྲིག་འཛུགས་བྱས་མེད་ཚེ།  སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་ལམ་འགྲོ་པས་སྒུལ་སྐྱོད་རླངས་འཁོར་གྱི་བརྡ་རྟགས་གློག་གི་མཚོན་སྟངས་ལྟར་སྐྱོད་དགོས།

གློག་དམར་པོ་བཀར་བའི་དུས་སུ།    གཡས་ལ་དཀྱོག་པའི་རླངས་འཁོར་གྱིས་འགྲོ་རུ་བཅུག་པའི་རླངས་འཁོར་དང་ལམ་འགྲོ་པར་བཀག་འགོག་མི་ཐེབས་པའི་གནས་ཚུལ་འོག་ཏུ་བསྐྱོད་ཆོག་པ་ཡིན།

དོན་ཚན་སོ་དགུ་བ།   མི་འགྲོ་འཕྲེད་ལམ་བརྡ་རྟགས་གློག་སྒྲོན་གྱི་མཚོན་རྟགས།

གཅིག   གློག་ལྗང་ཁུ་བཀར་བའི་དུས་སུ།   ལམ་འགྲོ་པ་མི་འགྲོ་འཕྲེད་ལམ་ནས་བསྐྱོད་ཆོག།

གཉིས།   གློག་དམར་པོ་བཀར་བའི་དུས་སུ།   ལམ་འགྲོ་པ་མི་འགྲོ་འཕྲེད་ལམ་དུ་བསྐྱོད་མི་ཆོག་ལ།    འོན་ཀྱང་མི་འགྲོ་འཕྲེད་ལམ་དུ་ཞུགས་ཟིན་པའི་མི་མུ་མཐུད་དུ་བརྒལ་ཆོག་པའམ།  ཡང་ན་དཀྱིལ་ཐིག་ཕྱི་རུ་འགྲེང་སྟེ་སྒུག་ཆོག།

དོན་ཚན་བཞི་བཅུ་བ།    རླངས་འཁོར་བགྲོད་ལམ་བརྡ་རྟགས་གློག་སྒྲོན་གྱི་མཚོན་སྟངས།

གཅིག    ལྗང་ཁུ་མདུང་རྩེ་ཅན་གྱི་གློག་བཀར་བའི་དུས་སུ།   རླངས་འཁོར་བགྲོད་ལམ་དེའི་སྟེང་གི་རླངས་འཁོར་ཕྱོགས་སྟོན་གྱི་ཁ་ཕྱོགས་ལྟར་བསྐྱོད་ཆོག།

གཉིས།  དམར་པོའི་ཚེབ་དབྱིབས་གློག་གམ་ཡང་ན་མདུང་རྩེ་ཅན་གྱི་གློག་བཀར་བའི་དུས་སུ།   རླངས་འཁོར་བགྲོད་ལམ་དེའི་སྟེང་གི་རླངས་འཁོར་སྐྱོད་མཚམས་འཇོག་དགོས།

དོན་ཚན་ཞེ་གཅིག་པ།    ཁ་ཕྱོགས་སྟོན་པའི་བརྡ་རྟགས་གློག་སྒྲོན་གྱི་མདུང་རྩེའི་ཁ་ཕྱོགས་གཡོན་ཕྱོགས་དང་།   སྟེང་ཕྱོགས།    གཡས་ཕྱོགས་སོགས་སོ་སོར་བསྟན་ཡོད་ན།    གཡོན་ལ་དཀྱོགས་ནས་བགྲོད་ཆོག་པ་དང་།   དྲང་ཐད་དུ་སྐྱོད་པ།   གཡས་སུ་དཀྱོགས་པར་སྟོན་པ་ཡིན།    ལམ་འགྲོ་པས་བགྲོད་སྐྱོད་སྐབས་སུ་ཕྱོགས་བཞིར་བལྟས་ནས།   བདེ་འཇགས་ཐག་གཅོད་བྱས་རྗེས་བསྐྱོད་དགོས།

དོན་ཚན་ཞེ་གཉིས་པ།  བགྲོད་ལམ་དང་ལྕགས་ལམ་ངོས་སྙོམས་ཀྱི་བསྣོལ་ལམ་མདོ་ཁ་རུ།    གློག་དམར་པོ་གཉིས་བརྗེ་སྤོར་གྱིས་འཚེར་བའམ།    ཡང་ན་གློག་དམར་པོ་གཅིག་བཀར་བའི་དུས་སུ།     རླངས་འཁོར་སྐྱོད་མཚམས་བཞག་སྟེ།    ལམ་འགྲོ་པ་འགྲོ་དགོས་པའི་བརྡ་སྟོན་པ་དང་།    གློག་དམར་པོ་གཟིམས་པའི་དུས་སུ།   རླངསའཁོར་དང་ལམ་འགྲོ་པ་སྐྱོད་ཆོག་པའི་བརྡ་མཚོན་པ་ཡིན།

གཉིས།   སྒུལ་སྐྱོད་རླངས་འཁོར་ཤར་བགྲོད་ཀྱི་གཏན་ཁེལ།

དོན་ཚན་ཞེ་གསུམ་པ།   བགྲོད་ལམ་ཁ་ཕྱོགས་གཅིག་ཏུ་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་ཐིག་གཉིས་ཡན་འཐེན་ཡོད་པ་ལ།   གཡོན་ཟུར་ནི་མྱུར་སྐྱོད་ཀྱི་རླངས་འཁོར་བགྲོད་ལམ་ཡིན་པ་དང་།   གཡས་ཟུར་ནི་དལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་ཡིན།   མྱུར་སྐྱོད་བགྲོད་ལམ་དུ་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་མྱུར་སྐྱོད་རླངས་འཁོར་བགྲོད་ལམ་གྱི་གཏན་ཁེལ་མྱུར་ཚད་ལྟར་སྐྱོད་དགོས་ལ།  མྱུར་སྐྱོད་རླངས་འཁོར་བགྲོད་ལམ་གྱི་མྱུར་ཚད་གཏན་ཁེལ་དུ་མི་བསླེབ་པའི་རླངས་འཁོར་དེ།   དལ་སྐྱོད་རླངས་འཁོར་བགྲོད་ལམ་དུ་བསྐྱོད་དགོས།     འཕྲུལ་རྟ་ཆེས་གཡས་ཟུར་གྱི་ལམ་ནས་བསྐྱོད་དགོས།   འགྲིམ་འགྲུལ་བརྡ་རྟགས་ཀྱི་མྱུར་ཚད་ལ་རྟགས་བཏབ་ཡོད་པ་ལ།  རྟགས་བཏབ་ཡོད་པའི་མྱུར་ཚད་ལྟར་བགྲོད་སྐྱོད་བྱ་དགོས།   དལ་སྐྱོད་རླངས་འཁོར་བགྲོད་ལམ་དུ་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་དེ་རླངས་འཁོར་སྔོན་མའི་སྔུན་ལ་བརྒལ་དགོས་སྐབས།  མྱུར་སྐྱོད་ལམ་ནས་སྔོན་དུ་བརྒལ་ཆོག།

ཁ་ཕྱོགས་གཅིག་པའི་བགྲོད་ལམ་དུ་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་ལམ་ཐིག་གཉིས་ཡན་འཐེན་ཡོད་པ་ལ།    རླངས་འཁོར་གྱི་བགྲོད་ལམ་བསྒྱུར་བའི་སྒུལ་སྐྱོད་རླངས་འཁོར་གྱིས་འབྲེལ་ཡོད་བགྲོད་ལམ་སྟེང་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་གྱི་རྒྱུན་ལྡན་བགྲོད་སྐྱོད་ལ་ཤུགས་རྐྱེན་བཟོ་མི་ཆོག།

དོན་ཚན་ཞེ་བཞི་བ།    སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་སྐྱོད་པའི་སྐབས་སུ་མྱུར་ཚད་རྟགས་མཚན་དང་།   ལམ་ཐིག་རྟགས་མཚན་གྱི་ཚད་བཀག་མྱུར་ཚད་ཀྱི་རྟགས་ལས་བརྒལ་མི་རུང་།    ཚད་བཀག་མྱུར་ཚད་ཀྱི་རྟགས་མེད་པ་དང་།   རྟགས་མཚན་མེད་པའི་བགྲོད་ལམ་སྟེང་དུ།   སྒུལ་སྐྱོད་རླངས་འཁོར་གཤམ་གསལ་གྱི་ཆེས་མཐོ་བའི་མྱུར་ཚད་ལས་བརྒལ་མི་རུང་སྟེ།

གཅིག།    བགྲོད་ལམ་སྟེང་དཀྱིལ་ཐིག་མེད་པའི་བགྲོད་ལམ་དང་།     གྲོང་ཁྱེར་གྱི་བགྲོད་ལམ་དུ་དུས་ཚོད་རེར་སྤྱི་ལེ50དང་།  གཞུང་ལམ་དུ་དུས་ཚོད་རེར་སྤྱི་ལེ40ཡིན།

གཉིས།    ཁ་ཕྱོགས་གཅིག་ཏུ་སྒུལ་སྐྱོད་རླངས་འཁོར་བགྲོད་པའི་ལམ་གཅིག་ཡོད་པ་ལ།     གྲོང་ཁྱེར་གྱི་བགྲོད་ལམ་དུ་དུས་ཚོད་རེར་སྤྱི་ལེ50དང་།    གཞུང་ལམ་དུ་དུས་ཚོད་རེར་སྤྱི་ལེ70ཡིན།

དོན་ཚན་ཞེ་ལྔ་བ།    སྒུལ་སྐྱོད་རླངས་འཁོར་བགྲོད་སྐྱོད་ཀྱི་སྐབས་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་དང་འཕྲད་ན།   ཆེས་མཐོ་བའི་བགྲོད་སྐྱོད་མྱུར་ཚད་དུས་ཚོད་རེར་སྤྱི་ལེ30ལས་བརྒལ་མི་ཆོག་ལ།   དེའི་ནང་ནས་ཀྱང་འདྲུད་འཐེན་འཕྲུལ་འཁོར་དང་།   གློག་སྣོད་འཕྲུལ་འཁོར།    འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་ཆས་བཅས་དུས་ཚོད་རེར་སྤྱི་ལེ15ལས་བརྒལ་མི་ཆོག།

གཅིག    སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རླངས་འཁོར་བགྲོད་ལམ་ནས་འབུད་པ་དང་།   བགྲོད་ལམ་དུ་ཞུགས་པ།    ལྕགས་ལམ་མདོ་ཁ་དང་།    དཀྱོག་དོག་པ།    ལམ་ཕྲན།   ཟམ་ཕྲན་བཅས་བརྒྱུད་སྐབས།  

གཉིས།    ཁ་ཕྱིར་ལྡོག་པ་དང་།    དཀྱོག་པ།   གཟར་ལམ་ནས་མར་འབབ་སྐབས།

གསུམ།   སྨུག་པ་དང་།   ཆར།   ཁ་བ།   རྡུལ་འཚུབ།    སེར་བ་འབབ་པ་དང་འཕྲད་དེ།    མཐོང་ཚད་སྨི50ནང་ཡིན་པའི་སྐབས།

བཞི།   འཁྱག་དར་དང་འདམ་ནུར་གྱི་བགྲོད་ལམ་སྟེང་སྐྱོད་སྐབས།

ལྔ།    འདྲུད་འཐེན་ལ་བཀག་འགོག་ཐེབས་པའི་སྒུལ་སྐྱོད་རླངས་འཁོར་གྱི་སྐབས།

དོན་ཚན་ཞེ་དྲུག་པ།    སྒུལ་སྐྱོད་རླངས་འཁོར་སྔོན་མའི་སྔུན་དུ་འབུད་སྐབས་སུ།   སྔོན་དུ་གཡོན་ལ་དཀྱོག་པའི་གློག་བརྡ་བཀར་བ་དང་།   རྒྱང་རིང་དང་ཐག་ཉེའི་གློག་བརྗེ་སྤོར་བྱེད་པ།   ཡང་ན་དུང་བརྡ་སྒྲོག་པར་བྱ་དགོས།    བགྲོད་ལམ་དཀྱིལ་ཐིག་མེད་པའམ་ཡང་ན་ཁ་ཕྱོགས་གཅིག་ལ་རླངས་འཁོར་བགྲོད་ལམ་གཅིག་ལས་མེད་པའི་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་སྟེང་།   རླངས་འཁོར་སྔོན་མར་རླངས་འཁོར་རྗེས་མས་སྔོན་དུ་འབུད་པའི་བརྡ་རྟགས་གཏོང་བའི་སྐབས་སུ།   ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་འགྲོས་ཚད་ཇེ་དལ་དུ་བཏང་ནས་གཡས་འགྲམ་དུ་བསྐོར་ནས་ལམ་ཕྱེ་དགོས།   རླངས་འཁོར་རྗེས་མས་བདེ་འཇགས་བར་ཐག་འདང་ངེས་ཡོད་པར་ཐག་གཅོད་བྱས་རྗེས།     རླངས་འཁོར་སྔོན་མས་གཡོན་འགྲམ་ནས་སྔོན་ལ་འབུད་དགོས།   སྔོན་ལ་བུད་པའི་རླངས་འཁོར་དེ་དང་དགོས་ངེས་ཀྱི་བདེ་འཇགས་བར་ཐག་ཡོད་པར་བྱས་རྗེས།   གཡས་ལ་དཀྱོག་པའི་གློག་བརྡ་བཏང་སྟེ།   རླངས་འཁོར་སྔོན་མའི་བགྲོད་ལམ་དུ་སྐྱོད་དགོས།

དོན་ཚན་ཞེ་བདུན་པ།    ལམ་དཀྱིལ་དུ་བར་ཆོད་སྒྲིག་ཆས་མེད་པ་དང་།   ཡང་དཀྱིལ་ཐིག་མེད་པའི་བགྲོད་ལམ་སྟེང་།   སྒུལ་སྐྱོད་རླངས་འཁོར་ལ་ལྟོས་བཅས་ཁ་ཕྱོགས་ནས་བསླེབས་པའི་རླངས་འཁོར་དང་འཕྲད་སྐབས།    གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས།

གཅིག    ཇེ་དལ་དུ་བཏང་ནས་གཡས་འགྲམ་ནས་བསྐྱོད་དགོས་པར་མ་ཟད།   ད་དུང་རླངས་འཁོར་གཞན་དག་དང་།   ལམ་འགྲོ་པར་དགོས་ངེས་ཀྱི་བདེ་འཇགས་བར་ཐག་རྒྱུན་སྲུང་བྱ་དགོས།

གཉིས།     བཀག་འགོག་ཡོད་པའི་ལམ་ཚིགས་སུ།   བཀག་འགོག་མེད་པའི་ཕྱོགས་དེ་སྔོན་དུ་བསྐྱོད་དགོས།    འོན་ཀྱང་བཀག་འགོག་ཡོད་པའི་ཕྱོགས་དེ་བཀག་འགོག་ལམ་ཚིགས་སུ་བསླེབས་པ་དང་།    བཀག་འགོག་མེད་པའི་ཕྱོགས་དེར་མ་བསླེབས་པའི་དུས་སུ།   བཀག་འགོག་ཡོད་པའི་ཕྱོགས་དེ་དེར་མ་བསླེབས་ན།   བཀག་འགོག་ཡོད་པའི་ཕྱོགས་སྔོན་དུ་བསྐྱོད་དགོས།

གསུམ།   གཟར་ངོས་དང་དོག་ལམ་དུ་ཡར་བགྲོད་པའི་ཕྱོགས་སྔོན་དུ་བསྐྱོད་དགོས།    འོན་ཀྱང་མར་འབབ་པའི་ཕྱོགས་ལམ་དེ་རུ་བསླེབས་ཀྱང་ཡར་བགྲོད་པའི་ཕྱོགས་ཡར་ལ་མ་བགྲོད་ན།   མར་འབབ་པའི་ཕྱོགས་སྔོན་ལ་འགྲོ་དགོས།

བཞི།   བྲག་ལམ་དོག་མོ་རུ།   བྲག་འགྲམ་ན་མེད་པའི་ཕྱོགས་སྔོན་དུ་བསྐྱོད་དགོས།

ལྔ།    མཚན་མོར་རླངས་འཁོར་འཕྲད་པའི་སྐབས་སུ།   ཕ་རོལ་པོ་ལ་བར་ཐག་སྨི150ཡོད་པའི་ཕྱི་ནས་ཉེ་སའི་གློག་ཏུ་བསྒྱུར་དགོས་པ་དང་།   ལམ་ཕྲན་དང་ཟམ་ཕྲན་དུ་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་ལ་འཕྲད་སྐབས་ཉེ་སའི་གློག་སྤྱོད་དགོས།

དོན་ཚན་ཞེ་བརྒྱད་པ།   སྒུལ་སྐྱོད་རླངས་འཁོར་ཕྱིར་ལྡོག་མི་ཆོག་པ་དང་།    གཡོན་དུ་དཀྱོག་མི་ཆོག་པའི་བརྡ་རྟགས་དང་ལམ་ཐིག་ཡོད་པའི་གནས་དང་།    ལྕགས་ལམ་མདོ་ཁ།   མི་འགྲོ་འཕྲེད་ལམ།    ཟམ་པ།   དཀྱོག་དོག་མོ།   གཟར་ལམ།   ཕུག་ལམ་བཅས་དང་།   ཡང་ན་ཉེན་ཁ་འབྱུང་སླ་བའི་ལམ་ཚིགས་སུ།    ཁ་ཕྱིར་ལྡོག་མི་ཆོག།  

སྒུལ་སྐྱོད་རླངས་འཁོར་ཁ་ཕྱིར་ལྡོག་མི་ཆོག་པ་དང་།   ཡང་ན་གཡོན་ལ་དཀྱོག་མི་ཆོག་པའི་རྟགས་མཚན་དང་ལམ་ཐིག་མེད་པའི་གནས་སུ་ཕྱིར་ལྡོག་ཆོག་མོད།     འོན་ཀྱང་རྒྱུན་ལྡན་ངང་བགྲོད་སྐྱོད་བྱེད་པའི་རླངས་འཁོར་དང་ལམ་འགྲོ་པའི་རྒྱུ་ལམ་ལ་བཀག་འགོག་བཟོ་མི་ཆོག།

དོན་ཚན་ཞེ་དགུ་བ།    སྒུལ་སྐྱོད་རླངས་འཁོར་ཕྱི་སྣུར་བྱེད་པའི་སྐབས་སུ།   རླངས་འཁོར་ལྟག་རྒྱབ་ཀྱི་གནས་ཚུལ་ལ་གསལ་བོར་བརྟགས་ཏེ།   བདེ་འཇགས་ཐག་གཅོད་བྱས་རྗེས་རྗེས་སུ་སྣུར་དགོས།    ལྕགས་ལམ་མདོ་ཁ་དང་།    བཞི་མདོའི་ལམ།    རྐྱང་བགྲོད་ལམ།   ཟམ་པ།    དཀྱོག་དོག་མོ།    གཟར་ལམ།    ཕུག་ལམ་སོགས་སུ་ཕྱི་སྣུར་བྱ་མི་རུང་།

དོན་ཚན་ལྔ་བཅུ་བ།    སྒུལ་སྐྱོད་རླངས་འཁོར་འགྲིམ་འགྲུལ་བརྡ་རྟགས་གློག་གིས་ཚོད་འཛིན་བྱེད་པའི་མདོ་ཁ་བརྒྱུད་སྐབས།   གཤམ་གསལ་གྱི་གཏན་ཁེལ་ལྟར་བགྲོད་དགོས་ཏེ།

གཅིག   སྣེ་ཁྲིད་ལམ་རྟགས་འཐེན་ཡོད་པའི་བཞི་མདོ་རུ།    བགྲོད་སྐྱོད་བྱ་དགོས་པའི་ཁ་ཕྱོགས་སྣེ་ཁྲིད་ལྟར་རླངས་འཁོར་བགྲོད་ལམ་དུ་བསྐྱོད་དགོས།

གཉིས།   སྐོར་དབྱིབས་བཞི་མདོ་རུ་སྐྱོད་པའི་ཚེ་ན།    བཞི་མདོའི་ནང་གི་སྒུལ་སྐྱོད་རླངས་འཁོར་ཐོག་མར་འགྲོ་རུ་འཇུག་དགོས།

གསུམ།    གཡོན་ཕྱོགས་ལ་དཀྱོག་སྐབས།   ལམ་མདོའི་དཀྱིལ་སྙིང་གི་གཡོན་ཟུར་ནས་དཀྱོག་དགོས།   དཀྱོག་པའི་སྐབས་སུ་དཀྱོག་ཕྱོགས་སྟོན་པའི་གློག་སྒོ་ཕྱེ་དགོས་པ་དང་།    མཚན་མོར་སྐྱོད་སྐབས་ཉེ་སའི་གློག་སྒོ་ཕྱེ་དགོས།

བཞི།    སོང་ཆོག་པའི་བརྡ་རྟགས་སྐབས་སུ།   རིམ་པ་བཞིན་བསྐྱོད་དགོས།

ལྔ།   སྡོད་དགོས་པའི་བརྡ་རྟགས་སྐབས་སུ།   རིམ་པ་བཞིན་སྡོད་མཚམས་ཐིག་སྣེ་ཕྱི་རུ་འདུག་དགོས།   སྡོད་མཚམས་ཐིག་སྣེ་མེད་པ་ལ།   ལམ་མདོ་ཕྱི་རུ་འདུག་དགོས།

དྲུག   གཡས་ལ་དཀྱོག་པའི་སྐབས་རླངས་འཁོར་བགྲོད་ལམ་དེ་རུ་རླངས་འཁོར་སྔོན་མས་སོང་ཆོག་པའི་བརྡ་རྟགས་ལ་སྒུག་ནས་ཡོད་པའི་ཚེ།   རིམ་པ་བཞིན་བསྡད་དེ་བསྒུག་དགོས།

བདུན།   ཁ་ཕྱོགས་སྟོན་པའི་བརྡ་རྟགས་གློག་སྒྲོན་མེད་པའི་བསྣོལ་ལམ་མདོ་ཁ་རུ།   དཀྱོག་པར་བྱེད་པའི་སྒུལ་སྐྱོད་རླངས་འཁོར་གྱིས་ཐད་བགྲོད་རླངས་འཁོར་དང་།   ལམ་འགྲོ་པར་ལམ་ཕྱེ་དགོས།   ལྟོས་བཅོས་ཁ་ཕྱོགས་ནས་སྐྱོད་པའི་གཡས་ལ་དཀྱོག་པའི་སྒུལ་སྐྱོད་རླངས་འཁོར་གྱིས་གཡོན་ལ་དཀྱོག་པའི་སྒུལ་སྐྱོད་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།

དོན་ཚན་ང་གཅིག་པ།  སྒུལ་སྐྱོད་རླངས་འཁོར་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་ཚོད་འཛིན་མེད་པ་དང་།   ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་ལམ་མདོ་ཁ་བརྒྱུད་སྐབས།   དོན་ཚན་ང་གཅིག་པའི་ཚན་པ་གཉིས་པ་དང་།    ཚན་པ་གསུམ་པའི་གཏན་ཁེལ་བརྩི་སྲུང་བྱེད་དགོས་པ་ལས་གཞན།   ད་དུང་གཤམ་གསལ་གྱི་གཏན་ཁེལ་དག་ཀྱང་བརྩི་སྲུང་བྱ་དགོས་ཏེ།

གཅིག    འགྲིམ་འགྲུལ་རྟགས་མཚན་ཡོད་པ་དང་།    ལམ་ཐིག་གིས་ཚོད་འཛིན་བྱེད་པ་ལ།   ཐོག་མར་སྔོན་དུ་སྐྱོད་ཆོག་པའི་ཕྱོགས་དེ་སྔོན་དུ་འགྲོ་བར་ལམ་ཕྱེ་དགོས།

གཉིས།     འགྲིམ་འགྲུལ་རྟགས་མཚན་དང་།    ལམ་ཐིག་གི་ཚོད་འཛིན་མེད་པ་ལ།    བཞི་མདོར་བསླེབས་དུས་རླངས་འཁོར་བསྡད་ནས་ཕྱོགས་བཞིར་ལྟ་བ་དང་།   གཡས་ཕྱོགས་ནས་བསླེབས་པའི་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།

གསུམ།   དཀྱོག་ནས་འགྲོ་བའི་སྒུལ་སྐྱོད་རླངས་འཁོར་གྱིས་ཐད་བགྲོད་རླངས་འཁོར་ལ་ལམ་ཕྱི་ནས་སྔོན་ལ་འགྲོ་རུ་འཇུག་དགོས།

བཞི།   ལྟོས་བཅས་ཀྱི་ཁ་ཕྱོགས་ནས་སྐྱོད་པའི་གཡས་ལ་དཀྱོག་པའི་སྒུལ་སྐྱོད་རླངས་འཁོར་གྱིས་གཡོན་ལ་དཀྱོག་པའི་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།

དོན་ཚན་ང་གཉིས་པ།སྒུལ་སྐྱོད་རླངས་འཁོར་ལ་མདུན་ཕྱོགས་སུ་བསྣོལ་ལམ་མདོ་ཁ་རུ་འགྲིམ་འགྲུལ་བཀག་འགོག་ཐེབས་པར་འཕྲད་པའི་སྐབས།     རིམ་པ་བཞིན་ཕྲེང་སྒྲིག་སྟེ་ལམ་མདོའི་ཕྱི་རུ་སྒུག་དགོས་པ་ལས།   བཞི་མདོའི་ནང་དུ་དགྲོད་མི་ཆོག།

སྒུལ་སྐྱོད་རླངས་འཁོར་ལ་མདུན་ཕྱོགས་སུ་སྒུལ་སྐྱོད་རླངས་འཁོར་བསྡད་དེ་ཕྲེང་བསྒྲིགས་ནས་སྒུག་པའམ།   ཡང་ན་དལ་མོར་སྐྱོད་པའི་སྐབས་སུ།  རིམ་བ་བཞིན་ཕྲེང་སྒྲིག་པ་ལས་མདུན་ཕྱོགས་ཀྱི་རླངས་འཁོར་འགྲམ་གཉིས་ལས་ནང་དུ་འཛུལ་པའམ་ཡང་ན་སྔོན་བརྒལ་གྱིས་བསྐྱོད་མི་ཆོག་ལ།   མི་འགྲོ་འཕྲེད་ལམ་དང་དྲ་རྒྱའི་ཐིག་རྟགས་བཏབ་པའི་ལམ་ནང་དུའམ་སྒུག་ནས་སྡོད་མི་ཆོག།

སྒུལ་སྐྱོད་རླངས་འཁོར་ལ་རླངས་འཁོར་བགྲོད་ལམ་ཉུང་བའི་ལམ་མདོ་དང་།    ལམ་ཚིགས་སུ་མདུན་ཕྱོགས་ན་སྒུལ་སྐྱོད་རླངས་འཁོར་བསྡད་དེ་ཕྲེང་བསྒྲིགས་པའམ།   ཡང་ན་དལ་མོར་སྐྱོད་པ་དང་འཕྲད་པ་ལ།   རླངས་འཁོར་རིམ་པ་བཞིན་ཇེ་ཉུང་དུ་སོང་བའི་ལམ་མདོ་དང་ལམ་ཚིགས་སུ་བསྐྱོད་དགོས།

དོན་ཚན་ང་གསུམ་པ།    སྒུལ་སྐྱོད་རླངས་འཁོར་དུ་དངོས་པོ་བརྩིག་པར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་སྟེང་གཏན་ཕབ་བྱས་པའི་ལྕི་ཚད་ལས་བརྒལ་མི་རུང་།    བརྩིགས་དངོས་ཀྱི་རིང་ཚད་དང་ཆེ་ཆུང་ཡང་འཁོར་སྒམ་ལས་བརྒལ་མི་རུང་བར་མ་ཟད།    ད་དུང་གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   རླངས་འཁོར་ཆེ་གྲས་དང་།   འབྲིང་གྲས་ཀྱི་ཟོང་འདྲེན་རླངས་འཁོར།     འདྲུད་སྒམ་ཕྱེད་ཅན་གྱི་འགེལ་དངོས་ལ།   མཐོ་ཚད་ས་ངོས་ལས་སྨི4.2ཡན་ལས་བརྒལ་མི་རུང་།

གཉིས།    དོས་འདྲེན་སྒུལ་སྐྱོད་རླངས་འཁོར་གཞན་དག་ལ་དངོས་པོ་འགེལ་བར།    མཐོ་ཚད་ས་ངོས་ལས་སྨི2.5ལས་བརྒལ་མི་རུང་།

གསུམ།   འཕྲུལ་རྟ་ལ་དངོས་ཟོར་འགེལ་བར།   མཐོ་ཚད་ས་ངོས་ལས་སྨི1.5ལས་བརྒལ་མི་རུང་ལ།   རིང་ཚད་འཕྲུལ་རྟའི་རིང་ཚད་ལས་སྨི0.2ལས་བརྒལ་མི་རུང་།    འཁོར་ལོ་གཉིས་ཅན་གྱི་འཕྲུལ་རྟའི་ཁལ་འགེལ་ཚད་ཞེང་གི་གཡས་གཡོན་གཉིས་ལ་རྭའི་རིང་ཚད་ལས་སྨི0.15ལས་བརྒལ་མི་རུང་བ་དང་།   འཁོར་ལོ་གསུམ་ཅན་གྱི་འཕྲུལ་རྟར་ཁལ་བཀལ་བའི་རིང་ཚད་འཕྲུལ་རྟ་ལས་བརྒལ་མི་རུང་།

འགུལ་སྐྱེལ་རླངས་འཁོར་ལ་རླངས་འཁོར་དེའི་ཕྱི་ཡི་ལམ་ཆས་འཇོག་སྟེགས་དང་།   རླངས་འཁོར་ནང་གི་ལམ་ཆས་འཇོག་སྒམ་ལས་གཞན།    དངོས་ཟོང་འགེལ་མི་ཆོག།    འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཆས་འཇོག་སྟེགས་སུ་དངོས་ཟོང་བརྩིག་པར།   རླངས་འཁོར་ཀླད་ནས་མཐོ་ཚད་སྨི0.5ལས་མི་བརྒལ་བ་དང་།    ས་ངོས་ལས་མཐོ་ཚད་སྨི4ལས་བརྒལ་མི་རུང་།

དོན་ཚན་ང་བཞི་བ།  སྒུལ་སྐྱོད་རླངས་འཁོར་སྟེང་མི་སྡོད་པར་གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   བགྲོད་ལམ་འགྲུལ་སྐྱེལ་རླངས་འཁོར་གྱིས་གཏན་ཁེལ་བྱས་པའི་འགྲུལ་སྡོད་གྲངས་ཀ་ལས་བརྒལ་མི་རུང་།    འོན་ཀྱང་འཛིན་བྱང་ཉོ་མི་དགོས་པའི་བྱིས་པ་དེ་ལས་ཕུད་པ་ཡིན།     འགྲུལ་སྡོད་མི་གྲངས་ལོངས་པའི་གནས་ཚུལ་འོག་ཏུ།     འཛིན་བྱང་ཉོ་མི་དགོས་པའི་བྱིས་པ་གཏན་ཁེལ་བྱས་པའི་འགྲུལ་སྡོད་མི་གྲངས་ཀྱི10%ལས་བརྒལ་མི་རུང་།

གཉིས།   དངོས་ཟོང་འཇོག་སྒམ་གྱི་འཁོར་སྒམ་དུ་མི་སྡོད་མི་རུང་།   གྲོང་ཁྱེར་གྱི་བགྲོད་ལམ་སྟེང་།   ཟོང་འདྲེན་སྒུལ་སྐྱོད་རླངས་འཁོར་ལ་བདེ་འཇགས་ཀྱི་སྡོད་གནས་བཞག་ཡོད་པའི་གནས་ཚུལ་འོག    འཁོར་སྒམ་དུ་གནས་སྐབས་ཀྱི་ལས་སྒྲུབ་མི་སྣ་མི1ནས5སྡོད་ཆོག་ལ།དངོས་ཟོང་བཀལ་བའི་མཐོ་ཚད་འཁོར་སྒམ་གྱི་སྐྱོར་ར་ལས་བརྒལ་ཚེ།   དངོས་ཟོང་སྟེང་མི་སྡོད་མི་རུང་།

གསུམ།  འཕྲུལ་རྟའི་ལྟག་རྒྱབ་ཏུ་ལོ12ལ་སོན་མེད་པའི་བྱིས་པ་སྡོད་མི་རུང་བ་དང་།   བདེ་ཡང་འཕྲུལ་རྟ་རུ་མི་གཅིག་ལས་སྡོད་མི་རུང་།

དོན་ཚན་ང་ལྔ་བ།   སྒུལ་སྐྱོད་རླངས་འཁོར་གྱིས་འཁོར་སྒམ་འདྲུད་པར་བྱེད་ན་གཤམ་གསལ་གྱི་གཏན་ཁེལ་དག་དང་མཐུན་དགོས་ཏེ།

གཅིག    ཟོང་འདྲེན་རླངས་འཁོར་དང་།    འཁོར་སྒམ་ཕྱེད་ཅན་འདྲུད་པའི་རླངས་འཁོར།   འདྲུད་འཐེན་འཕྲུལ་འཁོར་བཅས་ཀྱིས་འཁོར་སྒམ་གཅིག་དྲུད་ཆོག    འཁོར་སྒམ་གྱི་གློག་སྒྲོན་བརྡ་རྟགས་དང་།    བསྒགས་ཟྭ།    སྦྲེལ་མཐུད།   བདེ་འཇགས་འགོག་སྲུང་བཅས་ཀྱི་སྒྲིག་ཆས་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས།

གཉིས།    འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱིས་ལྗོངས་རྒྱུའི་འཁོར་སྒམ་ཁོ་ན་འདྲུད་པའམ།   ཡང་ན་སྤྱིའི་ལྕི་ཚད་སྟོང་ཁེ700མན་གྱི་འཁོར་སྒམ་དྲུད་ཆོག་ལ།   འཁོར་སྒམ་སྟེང་མི་སྡོད་མི་ཆོག

གསུམ།    དོས་འདྲེན་རླངས་འཁོར་གྱིས་འདྲུད་པའི་འཁོར་སྒམ་དུ་བཀལ་བའི་དངོས་ཟོང་གི་ལྕི་ཚད་རླངས་འཁོར་རང་ཉིད་ཀྱི་ལྕི་ཚད་ལས་བརྒལ་མི་རུང་།

རླངས་འཁོར་ཆེ་གྲས་དང་།    སྐྱེལ་འདྲེན་རླངས་འཁོར་འབྲིང་གྲས།   དལ་སྐྱོད་དོས་འདྲེན་རླངས་འཁོར།    འཁོར་གསུམ་རླངས་འཁོར་བཅས་སྒུལ་སྐྱོད་རླངས་འཁོར་གཞན་དག་གིས་འཁོར་སྒམ་དྲུད་མི་ཆོག།

དོན་ཚན་ང་དྲུག་པ།   སྒུལ་སྐྱོད་རླངས་འཁོར་གྱིས་གཤམ་གསལ་གྱི་གཏན་ཁེལ་ལྟར་ཕྱོགས་སྟོན་གློག་སྒྲོན་བཀོལ་སྤྱོད་བྱ་དགོས་ཏེ།

གཅིག   གཡོན་ཕྱོགས་སུ་དཀྱོག་པར་བྱེད་པ་དང་།   གཡོན་ཕྱོགས་ཀྱི་བགྲོད་ལམ་དུ་བརྗེ་བ།   སྔོན་མའི་རླངས་འཁོར་ལས་བརྒལ་བར་བྱེད་པའི་སྐབས།   རླངས་འཁོར་སྡོད་པའི་གནས་ནས་སྐྱོད་པའམ་ཡང་ན་ཁ་ཕྱིར་ལྡོག་པའི་དུས་བཅས་སུ།   སྔོན་ནས་ཕྱོགས་སྟོན་གློག་སྒྲོན་གྱི་གློག་སྒོ་ཕྱེ་དགོས།

གཉིས།   གཡས་ལ་དཀྱོག་པ་དང་།    གཡས་ཕྱོགས་ཀྱི་རླངས་འཁོར་བགྲོད་ལམ་སྟེང་སྤོར་བ།   རླངས་འཁོར་སྔོན་མ་ལས་བརྒལ་ཏེ་སྔོན་གནས་ཀྱི་ལམ་དུ་སྐྱོད་པ།   ལམ་འགྲམ་ནས་སྡོད་པ་བཅས་ཀྱི་སྐབས་སུ།   སྔ་མོ་ནས་གཡས་ཕྱོགས་ལ་དཀྱོག་པའི་གློག་བརྡའི་སྒོ་ཕྱེ་དགོས།

 དོན་ཚན་ང་བདུན་པ། སྒུལ་སྐྱོད་རླངས་འཁོར་མཚན་མོར་ལམ་སྒྲོན་མེད་པ་དང་།    ལམ་སྒྲོན་མི་གསལ་བ།  ཡང་ན་སྨུག་པ་དང་ཆར་བ།   ཁ་བ།   རྡུལ་འཚུབ།   སེར་བ་འབབ་པ་སོགས་ཀྱིས་མཐོང་ལམ་གྱི་ཚད་ཧ་ཅང་དམའ་བའི་གནས་ཚུལ་འོག་ཁ་ལོ་སྒྱུར་སྐབས།    མདུན་གློག་དང་།    འགྲམ་གློག    རྒྱབ་གློག་བཅས་འགེར་དགོས།   འོན་ཀྱང་ཁ་ཕྱོགས་གཅིག་ཏུ་སྐྱོད་པའི་རླངས་འཁོར་རྗེས་མ་དེ་རླངས་འཁོར་སྔོན་མ་དང་བར་ཐག་ཅུང་ཉེ་བའི་ངང་སྐྱོད་པའི་སྐབས་སུ།   རྒྱང་རིང་གི་གློག་འགེར་མི་རུང་།   སྒུལ་སྐྱོད་རླངས་འཁོར་སྨུག་པའི་ནང་བསྐོར་ན་སྨུག་སྒྲོན་དང་ཉེན་བརྡ་གཏོང་ཆས་ཀྱི་འོད་འཚེར་གློག་བཀར་དགོས།

དོན་ཚན་ང་བརྒྱད་པ།   སྒུལ་སྐྱོད་རླངས་འཁོར་མཚན་མོར་དཀྱོག་དོག་མོ་དང་།   གཟར་ལམ།   གཞུ་ཟམ།    མི་འགྲོ་འཕྲེད་ལམ།  ཡང་ན་འགྲིམ་འགྲུལ་བརྡ་རྟགས་ཀྱི་ཚོད་འཛིན་མེད་པའི་བཞི་མདོ་རུ་སྐྱོད་སྐབས།    ཐག་ཉེ་རིང་གི་གློག་སྒྲོན་བརྗེ་སྒྱུར་བྱ་དགོས།

སྒུལ་སྐྱོད་རླངས་འཁོར་དཀྱོག་དོག་མོའི་ལམ་དུ་བསླེབ་ལ་ཉེ་བ་དང་།    ཡང་ན་གཟར་ལམ་གྱི་རྩེ་སོགས་མཐོང་ལམ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་པའི་ལམ་ཚིགས།   རླངས་འཁོར་སྔོན་མ་དང་བརྒལ་སྐབས་བཅས་ཉེན་ཁའི་གནས་ཚུལ་དང་འཕྲད་པའི་སྐབས་སུ།   ཇེ་དལ་དུ་བཏང་ནས་བསྐྱོད་དགོས་པར་མ་ཟད།  ད་དུང་དུང་བརྡ་ཡང་གཏོང་དགོས།

དོན་ཚན་ང་དགུ་བ།  སྒུལ་སྐྱོད་རླངས་འཁོར་ལ་བགྲོད་ལམ་སྟེང་ཆག་སྐྱོན་བྱུང་བའམ།   ཡང་ན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།   འགྲིམ་འགྲུལ་ལ་བཀག་འགོག་བཟོས་ནས་སྤོ་སྒུལ་བྱ་དཀའ་བ་ལ།   གཏན་ཁེལ་ལྟར་ཉེན་ཁའི་ཉེན་ཟོན་འོད་འཚེར་གློག་སྒོ་ཕྱེ་དགོས་པར་མ་ཟད།   ད་དུང་རླངས་འཁོར་རྗེས་ཕྱོགས་ཀྱི་སྨི50ནས་སྨི100ཡི་མཚམས་སུ་ཉེན་བརྡའི་རྟགས་མཚན་སློང་དགོས།  མཚན་མོ་ཡིན་ན་ད་དུང་དུས་མཚུངས་སུ་འགྲམ་གློག་དང་རྒྱལ་གློག་ཀྱང་འགེར་དགོས།

 དོན་ཚན་དྲུག་ཅུ་བ།   ཆག་སྐྱོན་ཤོར་བའི་སྒུལ་སྐྱོད་རླངས་འཁོར་འདྲུད་པར་བྱེད་ན་གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག    འདྲུད་འཐེན་བྱེད་པའི་སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་པ་ལས་མི་གཞན་སྡོད་མི་ཆོག་ལ།   འཁོར་སྒམ་ཡང་དྲུད་མི་ཆོག

གཉིས   འདྲུད་འཐེན་བྱ་དགོས་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཞེང་ཚད་འདྲུད་འཐེན་བྱེད་པའི་སྒུལ་སྐྱོད་རླངས་འཁོར་ལས་ཆེ་མི་རུང་།

གསུམ།   འདྲུད་ཐག་མཉེན་མོའི་སྒྲིག་ཆས་སྤྱོད་པའི་སྐབས་སུ།   འདྲུད་འཐེན་རླངས་འཁོར་དང་འདྲུད་འཐེན་བྱ་དགོས་པའི་རླངས་འཁོར་གཉིས་ཀྱི་བར་ཐག་སྨི4ལས་མི་ཐུང་བ་དང་།   སྨི10ལས་མི་རིང་བར་བྱ་དགོས།

བཞི།   བསྒགས་ཟྭའི་ནུས་པ་ཤོར་བའི་སྒུལ་སྐྱོད་རླངས་འཁོར་འདྲུད་འཐེན་བྱ་དགོས་པ་ལ།  འདྲུད་ཐག་མཁྲེགས་པོའི་སྒྲིག་ཆས་བཀོལ་ནས་འདྲུད་འཐེན་བྱ་དགོས།

ལྔ།   འདྲུད་འཐེན་རླངས་འཁོར་དང་འདྲུད་འཐེན་བྱ་དགོས་པའི་རླངས་འཁོར་གཉིས་ཀྱིས་མཉམ་དུ་ཉེན་ཁའི་ཉེན་བརྡ་གཏོང་བའི་འོད་འཚེར་གློག་འགེར་དགོས།

འདེགས་འཁོར་དང་འཁོར་ལོ་ཆེ་བ་ཅན་གྱི་འཕྲུལ་ཆས་ཀྱིས་རླངས་འཁོར་འདྲུད་འཐེན་བྱ་མི་ཆོག    འཕྲུལ་རྟས་ཀྱང་རླངས་འཁོར་རམ་ཡང་ན་རླངས་འཁོར་གཞན་དག་འདྲུད་འཐེན་བྱ་མི་ཆོག

དཀྱོག་སྟོན་གློག་དང་དཀར་མེའི་གློག    བརྡ་རྟགས་སྒྲིག་ཆས་བཅས་ཀྱི་ནུས་པར་ཆག་སྐྱོན་བྱུང་བའི་སྒུལ་སྐྱོད་རླངས་འཁོར་གྱི་རིགས།   ཆེད་སྤྱོད་གེགས་སེལ་རླངས་འཁོར་སྤྱད་དེ་སྤོར་འདྲུད་བྱ་དགོས།

དོན་ཚན་རེ་གཅིག་པ། སྒུལ་སྐྱོད་རླངས་འཁོར་བསྐོར་ན་གཤམ་གྱི་བྱ་སྤྱོད་དག་ཡོད་མི་རུང་སྟེ།

གཅིག  རླངས་འཁོར་གྱི་སྒོ་དང་།   འཁོར་སྒམ་གྱི་སྒོ་ལེགས་པོར་མ་གཏན་པར་སྐྱོད་པའི་བྱ་སྤྱོད།

གཉིས། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པ་འདུག་གནས་ཀྱི་སྔོན་རྗེས་དྲ་མའི་གཡས་གཡོན་དུ་ཁ་ལོ་པའི་མཐོང་ལམ་སྒྲིག་པའི་དངོས་རྫས་བཞག་པ།

གསུམ།   ལག་འཁྱེར་ཁ་པར་ཉན་པ་དང་གཏོང་པ།   བརྙན་འཕྲིན་ལ་ལྟ་བ་སོགས་བདེ་འཇགས་ཁ་ལོ་སྒྱུར་བར་གེགས་བྱེད་པའི་བྱ་སྤྱོད།

བཞི།   ཐུར་ལམ་དུ་མི་གཟིམ་པ་དང་རང་འཁོར་རྒྱག་ཏུ་འཇུག་པ།

ལྔ།   བགྲོད་ལམ་སྟེང་དངོས་རྫས་འགྲེམ་པ།

དྲུག།  འཕྲུལ་རྟར་ཞོན་སྐབས་ལག་པས་རྭ་གཏོང་བའམ་ཡང་ན་རྭ་མགོར་དངོས་རྫས་འགེལ་བ།

བདུན།  མུ་མཐུད་དུ་སྒུལ་སྐྱོད་རླངས་འཁོར་ལ་ཁོ་བསྒྱུར་ཏེ་དུས་ཚོད4བརྒལ་ཡང་རླངས་འཁོར་བསྡད་ནས་ངལ་མ་གསོས་པ་དང་།ཡང་ན་རླངས་འཁོར་བསྡད་ནས་ངལ་གསོས་པའི་དུས་ཚོད་སྐར་མ20ལས་ཉུང་བ།

བརྒྱད།  དུང་བརྡ་བཏང་མི་ཆོག་པའི་ཁུལ་དང་ལམ་ཚིགས་སུ་དུང་བརྡ་གཏོང་བ།

དོན་ཚན་རེ་གཉིས་པ། སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་གནས་སྐབས་སུ་སྡོད་པའི་ཚེ།  གཤམ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   སྡོད་མི་ཆོག་མའི་རྟགས་མཚན་བཙུགས་ཡོད་པ་དང་།  རྟགས་བཏབ་ཡོད་པའི་ལམ་ཚིགས།  སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ།   མི་འགྲོ་འཕྲེད་ལམ་བར་དུ་བར་ཆོད་སྒྲིག་ཆས་བཙུགས་ཡོད་པའི་ལམ་ཚིགས།   མི་འགྲོ་འཕྲེད་ལམ།   བཟོ་སྐྲུན་ས་གནས་སོགས་སུ་རླངས་འཁོར་སྡོད་མི་ཆོག

གཉིས།   བསྣོལ་ལམ་མདོ་ཁ་དང་།   ལྕགས་ལམ་མདོ་ཁ།   དཀྱོག་དོག་པའི་ལམ།   ཞེང་ཚད་ལ་སྨི4ལས་མེད་པའི་དོག་ལམ།   ཟམ་པ།  གཟར་ངོས།   ཕུག་ལམ།  བར་ཐག་གོང་དུ་བརྗོད་པའི་གནས་ཀྱི་སྨི30ནང་གི་ལམ་ཚིགས་བཅས་སུ།   རླངས་འཁོར་སྡོད་མི་ཆོག

གསུམ།   སྤྱི་སྤྱོད་རླངས་འཁོར་ས་ཚིགས་དང་།    མྱུར་སྐྱོབ་ས་ཚིགས།   སྣུམ་སྣོན་ས་ཚིགས།   མེ་གསོད་སྦུ་གུའམ་ཡང་ན་མེ་གསོད་རུ་ཁག(ས་ཚིགས)གི་སྒོ་འགྲམ་བཅས་དང་།  གོང་དུ་བརྗོད་པའི་ས་གནས་ཀྱི་སྨི30ནང་གི་ལམ་ཚིགས་སུ།   རླངས་འཁོར་སྡོད་མི་ཆོག

བཞི།   རླངས་འཁོར་བརྟན་པོར་མ་བསྡད་པའི་སྔོན་རླངས་འཁོར་གྱི་སྒོ་ཕྱེ་བ་དང་།  ཡང་ན་མི་ཡར་འབུད་མར་འབབ་བྱ་མི་རུང་།  རླངས་འཁོར་གྱི་སྒོ་ཕྱེ་བ་དང་གཏན་པའི་ཚེ་རླངས་འཁོར་གཞན་དག་དང་ལམ་འགྲོ་པ་རྒྱུ་བར་བཀག་འགོག་བཟོ་མི་རུང་།

ལྔ།   ལམ་འགྲམ་དུ་རླངས་འཁོར་སྡོད་སྐབས་བགྲོད་ལམ་གཡས་འགྲམ་ལ་བཅར་ནས་སྡོད་དགོས་པ་དང་།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པ་རླངས་འཁོར་དང་འབྲལ་མི་རུང་།   མི་ཡར་འབུད་མར་འབབ་བྱས་རྗེས་དང་དངོས་རྫས་ཕོག་རྗེས་མྱུར་དུ་བསྐོར་ནས་འགྲོ་དགོས།

དྲུག   གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱིས་འབབ་ཚིགས་མ་གཏོགས་པའི་གཞན་པའི་ལམ་ཚིགས་སུ་བསྡད་དེ་འགྲུལ་བ་ཡར་འབུད་མར་འབབ་བྱེད་མི་རུང་།

དོན་ཚན་རེ་གསུམ་པ།  སྒུལ་སྐྱོད་རླངས་འཁོར་ཆུ་འཁྱིལ་གྱི་ལམ་མམ་ཆུ་འཁྱིལ་བའི་ཟམ་པའི་སྟེང་བགྲོད་སྐབས།   རླངས་འཁོར་བསྡད་ནས་ཆུའི་གནས་ཚུལ་ལ་གསལ་བོར་བརྟག་སྟེ།   བདེ་འཇགས་ཐག་གཅོད་བྱས་རྗེས་དལ་མོར་བགྲོད་དགོས།

དོན་ཚན་རེ་བཞི་བ།  སྒུལ་སྐྱོད་རླངས་འཁོར་སྟེང་ཚད་བརྒལ་གྱི་དངོས་ཟོང་བཀལ་ཏེ།   ལྕགས་ལམ་མདོ་ཁ་བརྒྱུད་པར་བྱེད་པ་ལ།  ས་གནས་དེའི་ལྕགས་ལམ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ལྕགས་ལམ་མདོ་ཁ་དང་།   དུས་ཚོད་ལྟར་བརྒལ་དགོས།

སྒུལ་སྐྱོད་རླངས་འཁོར་གྲུ་ཁ་བརྒལ་བ་ལ།   གྲུ་ཁའི་དོ་དམ་མི་སྣའི་བཀོད་འདོམས་བརྩི་སྲུང་བྱ་དགོས་པ་དང་།  གཏན་ཁེལ་གྱི་ས་གནས་ལྟར་རིམ་པ་བཞིན་སྒུག་ནས་བརྒལ་དགོས་པ་ཡིན།   སྒུལ་སྐྱོད་རླངས་འཁོར་སྒྲོལ་གཟིངས་སྟེང་ཡར་འབུད་མར་འབབ་བྱེད་སྐབས།དལ་མོར་སྐྱོད་དགོས་པ་ཡིན།

དོན་ཚན་རེ་ལྔ་བ། ཉེན་རྟོག་རླངས་འཁོར་དང་།   མེ་གསོད་རླངས་འཁོར།   མྱུར་སྐྱོབ་རླངས་འཁོར།   བཟོ་སྐྲུན་ཉེན་སྲུང་རླངས་འཁོར་སོགས་ཀྱིས་བྲེལ་མྱུར་འགན་འཁུར་ལག་བསྟར་བྱེད་སྐབས་འགྲིམ་འགྲུལ་བཀག་འགོག་དང་འཕྲད་ན།   ཉེན་ཟོན་འཕྲུལ་ཆས་ཀྱི་ཉེན་བརྡ་སྒྲོག་པ་མཚམས་བཞག་ཆོག་པར་མ་ཟད།  ད་དུང་གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   ཉེན་བརྡ་གཏོང་ཆས་བེད་སྤྱོད་པ་བཀག་འགོག་བྱས་པའི་ས་ཁུལ་དང་།   ཡང་ན་ལམ་ཚིགས་སུ་ཉེན་བརྡ་གཏོང་ཆས་བཀོལ་མི་རུང་།

གཉིས།  མཚན་མོར་གྲོང་ཁྱེར་སྲང་ལམ་དུ་ཉེན་བརྡ་གཏོང་ཆས་སྤྱོད་མི་རུང་།

གསུམ།  དཔུང་ཁག་བསྒྲིགས་ཏེ་སྐྱོད་པའི་སྐབས་སུ།  རླངས་འཁོར་སྔོན་མས་ཉེན་བརྡ་གཏོང་ཆས་བཀོལ་བཞིན་ཡོད་པས།  རླངས་འཁོར་རྗེས་མས་ཉེན་བརྡ་གཏོང་མི་དགོས།

 དོན་ཚན་རེ་དྲུག་པ།   ལས་ཁུངས་ཀྱི་ར་སྐོར་ནང་དང་།   སྡོད་དམངས་ཀྱི་སྡོད་ཁུལ་ནང་དུ།   སྒུལ་སྐྱོད་རླངས་འཁོར་དལ་མོར་བསྐྱོད་དགོས་ལ།   ལམ་འགྲོ་པར་ལམ་ཕྱེ་དགོས།   འགྲོས་ཚད་ལ་ཚོད་འཛིན་ཡོད་པ་ལས།  འགྲོས་ཚད་ཀྱི་རྟགས་མཚན་ལྟར་བསྐྱོད་དགོས།

གསུམ།   སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་ཤར་བགྲོད་ཀྱི་གཏན་ཁེལ།

དོན་ཚན་རེ་བདུན་པ།  སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་འགྲིམ་འགྲུལ་བརྡ་རྟགས་ཀྱི་ཚོད་འཛིན་ཡོད་པའི་བསྣོལ་ལམ་བཞི་མདོ་བརྒྱུད་སྐབས།   གཤམ་གྱི་གཏན་ཁེལ་ལྟར་བསྐྱོད་དགོས་ཏེ།

གཅིག   དཀྱོག་པར་བྱེད་པའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པས་ཐད་བགྲོད་ཀྱི་རླངས་འཁོར་དང་།  ལམ་འགྲོ་བ་སྔོན་དུ་སྐྱོད་དུ་འཇུག་དགོས།

གཉིས།  མདུན་ཕྱོགས་ཀྱི་བཞི་མདོ་རུ་འགྲིམ་འགྲུལ་བཀག་འགོག་བྱུང་སྐབས།  བཞི་མདོའི་ནང་དུ་བགྲོད་མི་ཆོག

གསུམ།  གཡོན་ཕྱོགས་སུ་དཀྱོག་སྐབས།  བཞི་མདོའི་ལྟེ་བ་ཡི་གཡས་འགྲམ་བརྒྱུད་ནས་དཀྱོག་དགོས།

བཞི།   སྡོད་དགོས་པའི་བརྡ་རྟགས་བསྟན་ཡོད་པ་དང་འཕྲད་སྐབས།  རིམ་པ་བཞིན་བཞི་མདོའི་སྡོད་དགོས་པའི་ལམ་ཐིག་ཕྱི་རུ་སྡོད་དགོས།   སྡོད་དགོས་པའི་ལམ་ཐིག་མེད་པ་ལ།  བཞི་མདོའི་ཕྱི་རུ་སྡོད་དགོས།

ལྔ།   གཡས་ཕྱོགས་སུ་དཀྱོག་པར་ཁ་ཕྱོགས་གཅིག་པའི་རླངས་འཁོར་སྔོན་མས་བརྡ་རྟགས་ལྗང་ཁུར་སྒུག་པའི་སྐབས་སུ།  རླངས་འཁོར་བགྲོད་ལམ་དེའི་སྟེང་དཀྱོག་པར་བྱེད་ནུས་པ་དེ་བསྐྱོད་ཆོག་པ་དང་།  དཀྱོག་པར་བྱ་མི་ནུས་པས་རིམ་པ་བཞིན་སྒུག་དགོས།

དོན་ཚན་རེ་བརྒྱད་པ།  སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དེ་འགྲིམ་འགྲུལ་བརྡ་རྟགས་ཀྱི་ཚོད་འཛིན་མེད་པ་དང་།  འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་ལམ་བཞི་མདོ་བརྒྱུད་པར།   དོན་ཚན་རེ་བརྒྱད་པའི་ཚན་པ་དང་པོ་དང་།   ཚན་པ་གཉིས་པ།    ཚན་པ་གསུམ་པའི་གཏན་ཁེལ་བརྩི་སྲུང་བྱ་དགོས་པ་ལས་གཞན།  ད་དུང་གཤམ་གྱི་གཏན་ཁེལ་དག་ཀྱང་བརྩི་སྲུང་བྱ་དགོས་ཏེ།

གཅིག    འགྲིམ་འགྲུལ་རྟགས་མཚན་དང་ལམ་ཐིག་གི་ཚོད་འཛིན་ཡོད་པ་ལ།   སྔོན་ལ་བགྲོད་ཆོག་པའི་ཕྱོགས་དེ་སྔོན་དུ་འགྲོ་རུ་འཇུག་པ།

གཉིས།   འགྲིམ་འགྲུལ་རྟགས་མཚན་དང་ལམ་ཐིག་གི་ཚོད་འཛིན་མེད་པ་དང་།   བཞི་མདོའི་ཕྱི་རུ་དལ་མོའི་ངང་སྐྱོད་པ་དང་།ཡང་ན་རླངས་འཁོར་བསྡད་དེ་ཕྱོགས་བཞིར་རྒྱང་ལྟ་བྱས་ནས།   གཡས་ཕྱོགས་བགྲོད་ལམ་སྟེང་བསླེབས་པའི་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།

གསུམ།   ལྟོས་བཅས་ཁ་ཕྱོགས་ཀྱི་གཡས་ལ་དཀྱོག་པའི་སྒུལ་སྐྱོད་རླངས་འཁོར་གྱིས་གཡོན་ལ་དཀྱོག་པའི་སྒུལ་སྐྱོད་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།

 དོན་ཚན་རེ་དགུ་བ། ལྕགས་རྟ་དང་།   གློག་སྒུལ་ལྕགས་རྟ།   འཁོར་གསུམ་རླངས་འཁོར་སོགས་ལམ་བར་དུ་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་འཕྲེད་དུ་གཅོད་པའི་སྐབས།   རླངས་འཁོར་ལས་བབས་ཏེ་དེད་ནས་འགྲོ་དགོས།   མི་འགྲོ་འཕྲེད་ལམ་དང་།   ཡང་ན་ལམ་འགྲོ་པར་ལམ་བརྒལ་གྱི་སྒྲིག་ཆས་ཡོད་པ་ལ།   མི་འགྲོ་འཕྲེད་ལམ་དང་ལམ་འགྲོ་པའི་ལམ་བརྒལ་སྒྲིག་ཆས་བརྒྱུད་དེ་འགྲོ་དགོས།   མི་འགྲོ་འཕྲེད་ལམ་མེད་པ་དང་།    ལམ་འགྲོ་པའི་ལམ་བརྒལ་གྱི་སྒྲིག་ཆས་མེད་པ།   ཡང་ན་ལམ་འགྲོ་པས་ལམ་བརྒལ་སྒྲིག་ཆས་སྤྱོད་པར་སྟབས་བདེ་མེད་པ་ལ།   བདེ་འཇགས་ཐག་གཅོད་བྱས་རྗེས་ཐད་བགྲོད་ཀྱིས་བརྒལ་ཆོག

སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ་གཞན་གྱིས་བཟུང་བས་རླངས་འཁོར་རང་གི་བགྲོད་ལམ་སྟེང་བསྐྱོད་མི་ཐུབ་པའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དེས།   བཀག་འགོག་ཐེབས་པའི་ལམ་ཚིགས་ནས་སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་སྐྱོད་ཆོག་ལ།  ད་དུང་གཞན་གྱི་ལམ་ནས་བརྒལ་བར་བྱས་རྗེས་མྱུར་དུ་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རླངས་འཁོར་བགྲོད་ལམ་དུ་ཞུགས་དགོས།  སྒུལ་སྐྱོད་རླངས་འཁོར་ལ་དེ་འདྲའི་གནས་ཚུལ་དང་འཕྲད་ན་དལ་བགྲོད་ཀྱིས་ལམ་ཕྱེ་དགོས།

  དོན་ཚན་བདུན་ཅུ་བ།   སྒུལ་སྐྱོད་རླངས་འཁོར་མ་ཡིན་པར་དངོས་ཟོང་འགེལ་བར།   གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   ལྕགས་རྟ་དང་།    གློག་སྒུལ་ལྕགས་རྟ།   དབང་བོ་སྐྱོན་ཅན་གྱི་ཁྲིའུ་འཁོར་སྟེང་དངོས་པོ་འགེལ་བར།   མཐོ་ཚད་ས་ངོས་ལས་སྨི1.5ལས་བརྒལ་མི་ཆོག་པ་དང་།   ཞེང་ཚད་ཀྱི་གཡས་གཡོན་ལ་རེ་རེར་རྭ་ཡུ་ལས་སྨི0.15ལས་བརྒལ་མི་ཆོག    རིང་ཚད་འཁོར་ལོ་སྔོན་མ་ལས་བརྒལ་མི་ཆོག་པ་དང་།    མཇུག་ཏུ་འཁོར་སྒྲོམ་ལས་སྨི0.3ཡན་རིང་མི་རུང་།

གཉིས།   འཁོར་གསུམ་འཕྲུལ་འཁོར་དང་།   མིས་འདྲུད་འཕྲུལ་འཁོར་སྟེང་དངོས་ཟོང་འགེལ་པར།   མཐོ་ཚད་ལ་ས་ངོས་ལས་སྨི2ཡན་བརྒལ་མི་རུང་བ་དང་།   ཞེང་ཚད་གཡས་གཡོན་ལ་རེ་རེར་འཁོར་སྒྲོམ་ལས་སྨི0.2ཡན་བརྒལ་མི་རུང་།   རིང་ཐུང་ལ་འཁོར་སྒྲོམ་ལས་སྨི1ཡན་རིང་མི་རུང་།

གསུམ།   ཕྱུགས་འདྲུད་འཕྲུལ་འཁོར་སྟེང་དངོས་ཟོང་འགེལ་བར།   མཐོ་ཚད་ལ་ས་ངོས་ལས་སྨི2.5ཡན་བརྒལ་མི་རུང་བ་དང་།ཞེང་ཚད་ལ་གཡས་གཡོན་རེ་རེར་འཁོར་སྒྲོམ་ལས་སྨི0.2ཡན་བརྒལ་མི་རུང་ལ།   རིང་ཚད་སྔོན་དུ་འཁོར་ལོའི་རྩིབས་རྟ་ལས་རིང་མི་རུང་བ་དང་།མཇུག་ཏུ་འཁོར་སྒྲོམ་ལས་བརྒལ་མི་རུང་།

དོན་ཚན་དོན་གཅིག་པ།   ལྕགས་རྟའི་སྟེང་མི་སྡོད་པའི་གཏན་ཁེལ་དེ།   ཞིང་ཆེན་དང་།  རང་སྐྱོང་ལྗོངས།    ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ས་གནས་དེའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་གཏན་འབེབས་བྱེད་དགོས།

དོན་ཚན་དོན་གཉིས་པ།   བགྲོད་ལམ་སྟེང་ལྕགས་རྟ་དང་།   འཁོར་གསུམ་འཕྲུལ་ཆས།   གློག་སྒུལ་ལྕགས་རྟ།  དབང་བོ་སྐྱོན་ཅན་གྱི་ཁྲིའི་འཁོར་སོགས་ལ་སྡོད་པ་དང་སྤྱོད་པར་བྱེད་ན།   གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག    ལྕགས་རྟ་དང་འཁོར་གསུམ་རླངས་འཁོར་ལ་ཞོན་པ་དང་བསྐོར་བར་བྱེད་ན།   ངེས་པར་དུ་ལོ12ཡན་ཡིན་དགོས།

གཉིས།   གློག་སྒུལ་ལྕགས་རྟ་དང་དབང་བོ་སྐྱོན་ཅན་གྱི་ཁྲིའུ་འཁོར་བསྐོར་ན།  ངེས་པར་ལོ16ཡན་ཡིན་དགོས།

གསུམ།  ཆང་གིས་བཟིས་ནས་ཁ་ལོ་སྒྱུར་མི་ཆོག

བཞི།  མ་དཀྱོག་སྔོན་དུ་དལ་མོར་སྐྱོད་དགོས་པ་དང་།    ལག་བརྡ་གཏོང་དགོས།   གློ་བུར་དུ་དཀྱོག་པར་བྱ་མི་རུང་།   སྔོན་དུ་བརྒལ་བའི་སྔོན་ལ་རླངས་འཁོར་གཞན་དག་གི་བགྲོད་སྐྱོད་ལ་བཀག་འགོག་བཟོ་མི་ཆོག།

ལྔ།   འདྲུད་འཐེན་བྱ་མི་ཆོག་པ་དང་།   རླངས་འཁོར་གཞན་འདེགས་སྐྱོར་རམ་ཡང་ན་འདྲུད་འཐེན་བྱ་མི་ཆོག   ལག་ཟུང་རྭ་ཡུ་དང་འབྲལ་བའམ་དངོས་པོའང་འཆང་མི་ཆོག

དྲུག   ལག་རྡང་སྦྲེལ་ནས་མཉམ་སྐྱོད་དང་།   ཕན་ཚུན་བདའ་འདེད།  ཡང་ན་གཡས་དཀྱོག་གཡོན་དཀྱོག་སོགས་བྱ་མི་ཆོག

བདུན།  བགྲོད་ལམ་སྟེང་འཁོར་ལོ་གཅིག་ཅན་གྱི་ལྕགས་རྟ་དང་།   ལྕགས་རྟ་གཅིག་ལ་མི་གཉིས་ཞོན་པ་བཅས་བྱ་མི་ཆོག

བརྒྱད།   རྐང་བ་ཞ་འཐེང་མ་ཡིན་པའི་དབང་བོ་སྐྱོན་ཅན་གྱི་ཁྲིའུ་འཁོར་བསྐོར་མི་ཆོག

དགུ   ལྕགས་རྟ་དང་།   འཁོར་གསུམ་འདྲུད་འཁོར་ལ་སྒུལ་ཤེད་སྒྲིག་ཆས་སྤྲད་མི་ཆོག

བཅུ།   བགྲོད་ལམ་སྟེང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་གཏོང་བར་སྦྱོང་བརྡར་བྱ་མི་ཆོག

དོན་ཚན་དོན་གསུམ་པ།   བགྲོད་ལམ་སྟེང་ཕྱུགས་འདྲུད་ཤིང་རྟ་ཁྲིད་པར་བྱེད་ན་ལོ16ཡན་ཡིན་དགོས་པར་མ་ཟད།  ད་དུང་གཤམ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   ཆང་གི་བཟི་ནས་ཁྲིད་མི་ཆོག

གཉིས།   མཉམ་བགྲོད་བྱ་མི་ཆོག་ལ།   ཁྲིད་མཁན་འདྲུད་འཁོར་དང་ཁ་འབྲལ་མི་རུང་།

གསུམ།  བྲེལ་ཟིང་ཆི་བའི་ལམ་ཚིགས་དང་།   བསྣོལ་ལམ་མདོ་ཁ།   ལྕགས་ལམ་མདོ་ཁ།   མི་འགྲོ་འཕྲེད་ལམ།  དཀྱོག་དོག་པའི་ལམ།  ཞེང་ཚད་ལ་སྨི4མེད་པའི་ལམ་ཕྲན་དང་།   ཡང་ན་ཟམ་ཕྲན།   གཟར་ལམ།  ཕུག་ལམ།  ཉེན་ཁ་འབྱུང་སླ་བའི་ལམ་ཚིགས་བཅས་སུ་རླངས་འཁོར་སྔོན་མ་ལས་བརྒལ་བར་བྱ་མི་ཆོག  འཁོར་ལོ་གཉིས་ཅན་གྱི་ཕྱུགས་འདྲུད་ཤིང་རྟ་ཁྲིད་མཁན་སར་བབས་ནས་ཕྱུགས་ཟོག་ཁྲིད་དགོས།

བཞི།  གཡུང་ལ་ཕབ་མེད་པའི་ཕྱུགས་ཟོག་ལ་ཤིང་རྟ་འདྲུད་དུ་འཇུག་མི་ཆོག་ལ།   ཕྱུགས་ཕྲུག་ཡོད་ན་མཐུར་བསྐོན་ཏེ་ཁྲིད་དགོས།

ལྔ།  ཤིང་རྟ་སྡོད་ཚེ་བསྒགས་ཟྭ་དམ་པོར་བསྒགས་ཏེ།  ཕྱུགས་ཀྱང་འགྲོ་མི་ཐུབ་པར་བྱ་དགོས།

བཞི།     ལམ་འགྲོ་པ་དང་རླངས་འཁོར་ལ་སྡོད་མཁན་གྱི་གཏན་ཁེལ།

དོན་ཚན་དོན་བཞི་བ།   ལམ་འགྲོ་པ་ལ་གཤམ་གྱི་བྱ་སྤྱོད་ཡོད་མི་རུང་སྟེ།

གཅིག   བགྲོད་ལམ་སྟེང་ཤུད་པ་དང་།   སྐམ་ཤུད་ལྷམ་སོགས་ཤུད་སྤྱད་ཡོ་བྱད་བཀོལ་མི་རུང་།

གཉིས།  རླངས་འཁོར་བགྲོད་ལམ་དུ་ཙོག་པ་དང་།  སྡོད་པ།   རྩེད་མོ་རྩེ་བ་སོགས་བྱེད་མི་ཆོག

གསུམ།  རླངས་འཁོར་གྱི་རྗེས་སུ་རྒྱུག་པ་དང་།  རླངས་འཁོར་ལ་རྡོ་སོགས་འཕེན་པའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་བཀག་འགོག་བྱེད་པའི་བྱ་སྤྱོད།

དོན་ཚན་དོན་ལྔ་བ།   ལམ་འགྲོ་པ་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་བརྒལ་ན།   ལམ་འགྲོ་པ་བརྒལ་ལམ་གྱི་སྒྲིག་ཆས་ཡོད་པ་དེ་བརྒྱུད་ནས་འགྲོ་དགོས།   ལམ་འགྲོ་པ་བརྒལ་ལམ་གྱི་སྒྲིག་ཆས་མེད་པ་ལ།  མི་འགྲོ་འཕྲེད་ལམ་བརྒྱུད་ནས་འགྲོ་དགོས།   མི་འགྲོ་འཕྲེད་ལམ་མེད་པ་ལ།    ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་གནས་ཚུལ་ལ་བརྟགས་ཏེ།  བདེ་འཇགས་ལ་ཐག་གཅོད་བྱས་རྗེས་ཐད་ཀར་བརྒལ་དགོས།   རླངས་འཁོར་ཉེ་སར་བསླེབ་སྐབས་ཇེ་མགྱོགས་སུ་གཏོང་བའམ།   ཡང་ན་ལམ་བར་ནས་ཕྱི་ནུར་བྱེད་པ་དང་ཕྱིར་ལྡོག་མི་རུང་།

དོན་ཚན་དོན་དྲུག་པ།   ལམ་འགྲོ་པ་ཕྲེང་བསྒྲིགས་ནས་བགྲོད་ལམ་སྟེང་སྐྱོད་དགོས།   ཕྲེང་ཤད་རེར་མི2ཡན་བརྒལ་མི་ཆོག   འོན་ཀྱང་འགྲིམ་འགྲུལ་ཚོད་འཛིན་བྱས་ཡོད་པའི་ལམ་ཚིགས་སུ་ཚོད་འཛིན་མེད།

དོན་ཚན་དོན་བདུན་པ།   སྒུལ་སྐྱོད་རླངས་འཁོར་ལ་སྡོད་ན་གཤམ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་སྒུལ་སྐྱོད་རླངས་འཁོར་བཀག་ནས་སྡོད་པར་བྱེད་མི་ཆོག

གཉིས   སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་སྒུལ་སྐྱོད་རླངས་འཁོར་གྱི་གཡོན་འགྲམ་ནས་ཡར་འགོ་མར་འབབ་བྱེད་མི་ཆོག

གསུམ།  རླངས་འཁོར་གྱི་སྒོ་ཕྱེ་བ་དང་གཏན་ནས་རླངས་འཁོར་གཞན་དག་དང་ལམ་འགྲོ་པའི་རྒྱུ་ལམ་འགོག་པར་བྱ་མི་རུང་།

བཞི།  སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་སྐབས།   ཁ་ལོ་པར་བར་ཆད་བཟོ་མི་རུང་ལ།   ཡང་ན་ལུས་ཕུང་གི་ཆ་ཤས་གང་ཞིག་རླངས་འཁོར་ཕྱི་རུ་རྐྱོང་བ་དང་།  རླངས་འཁོར་ལས་ལྡིང་བ་སོགས་བྱ་མི་རུང་།

ལྔ།  འཁོར་ལོ་གཉིས་ཅན་གྱི་འཕྲུལ་རྟར་ཙོག་ན་ཁ་ཕྱོགས་དྲང་པོས་ཙོག་དགོས།

ལྔ   མྱུར་བགྲོད་གཞུང་ལམ་གྱི་དམིགས་བསལ་གཏན་ཁེལ།

དོན་ཚན་དོན་བརྒྱད་པ།   མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་བགྲོད་ལམ་ལ་བགྲོད་སྐྱོད་ཀྱི་མྱུར་ཚད་གསལ་བོར་འགོད་དགོས།   ཆེས་མྱུར་བའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ120ཡན་ལས་བརྒལ་མི་ཆོག་ལ།   ཆེས་དལ་བའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ60ལས་དལ་མི་རུང་།

མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཆེས་མྱུར་བའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ120ལས་བརྒལ་མི་རུང་ལ།  རླངས་འཁོར་གཞན་དག་དུས་ཚོད་རེར་སྤྱི་ལེ100ལས་བརྒལ་མི་རུང་།   འཕྲུལ་རྟ་དུས་ཚོད་རེར་སྤྱི་ལེ80ལས་བརྒལ་མི་རུང་།  ཁ་ཕྱོགས་གཅིག་ཏུ་རླངས་འཁོར་བགྲོད་ལམ2ཡོད་པ་ལ།   གཡོན་འགྲམ་གྱི་རླངས་འཁོར་བགྲོད་ལམ་གྱི་ཆེས་དམའ་བའི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ100ཡིན་པ་དང་།   ཁ་ཕྱོགས་གཅིག་པར་རླངས་འཁོར་བགྲོད་ལམ3ཡན་ཡོད་པ་ལ།  ཆེས་གཡོན་འགྲམ་གྱི་རླངས་འཁོར་བགྲོད་ལམ་གྱི་ཆེས་དམའ་བའི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ110ལས་མི་དལ་བ།   རླངས་འཁོར་བགྲོད་ལམ་དཀྱིལ་ལམ་གྱི་ཆེས་དམའ་བའི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ90ལས་དལ་མི་རུང་།   བགྲོད་ལམ་སྟེང་མྱུར་ཚད་ཚོད་འཛིན་བྱས་པའི་རྟགས་མཚན་མྱུར་ཚད་དང་།གོང་དུ་བརྗོད་པའི་རླངས་འཁོར་བགྲོད་ལམ་སྟེང་སྐྱོད་པའི་མྱུར་ཚད་གཏན་ཁེལ་གཉིས་གཅིག་མཚུངས་མིན་པར།   བགྲོད་ལམ་མྱུར་ཚད་ཚོད་འཛིན་གྱི་རྟགས་མཚན་མྱུར་ཚད་ལྟར་བགྲོད་སྐྱོད་བྱ་དགོས།

དོན་ཚན་དོན་དགུ་བ།  སྒུལ་སྐྱོད་རླངས་འཁོར་ལམ་བར་ནས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་ཚེ།   གཡོན་ཕྱོགས་ལ་དཀྱོག་པའི་ཕྱོགས་སྟོན་གློག་སྒྲོན་བཀར་ཏེ།   མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་གྱི་རྒྱུན་ལྡན་བགྲོད་སྐྱོད་ལ་བཀག་འགོག་མི་བྱེད་པའི་གནས་ཚུལ་འོག་རླངས་འཁོར་བགྲོད་ལམ་དུ་ཞུགས་དགོས།

སྒུལ་སྐྱོད་རླངས་འཁོར་མྱུར་བགྲོད་གཞུང་ལམ་ལས་ཕྱིར་འབུད་པའི་སྐབས་སུ།    གཡོན་ལ་དཀྱོག་པའི་ཕྱོགས་སྟོན་གློག་སྒྲོན་བཀར་དགོས་པ་དང་།   དལ་འགྲོས་རླངས་འཁོར་བགྲོད་ལམ་དུ་ཞུགས་ནས་ཇེ་དལ་དུ་བཏང་རྗེས་ཕྱིར་འབུད་དགོས།

དོན་ཚན་བརྒྱད་ཅུ་བ།  སྒུལ་སྐྱོད་རླངས་འཁོར་མྱུར་འགྲོས་གཞུང་ལམ་སྟེང་སྐྱོད་སྐབས།  མྱུར་ཚད་དུས་ཚོད་རེར་སྤྱི་ལེ100ལས་བརྒལ་བའི་དུས་སུ།  རླངས་འཁོར་བགྲོད་ལམ་དེའི་སྟེང་གི་རླངས་འཁོར་སྔོན་མ་དང་བར་ཐག་སྨི100ཡོད་པ་རྒྱུན་སྲུང་བྱ་དགོས།  མྱུར་ཚད་དུས་ཚོད་རེར་སྤྱི་ལེ100ལས་དལ་བའི་དུས་སུ།   རླངས་འཁོར་བགྲོད་ལམ་དེའི་སྟེང་གི་རླངས་འཁོར་སྔོན་མ་དང་བར་ཐག་ཅུང་ཐུང་དུ་བསྟུན་ཆོག་མོད།   འོན་ཀྱང་ཆེས་ཐུང་བའི་བར་ཐག་སྨི50ལས་མི་ཐུང་བར་བྱ་དགོས།

དོན་ཚན་གྱ་གཅིག་པ།   སྒུལ་སྐྱོད་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་སྐབས།   སྨུག་པ་དང་།   ཆར་བ།   ཁ་བ་།  རྡུལ་འཚུབ།  སེར་བ་འབབ་པ་སོགས་མཐོང་ལམ་དམའ་བའི་ནམ་ཟླར་འཕྲད་སྐབས།   གཤམ་གསལ་གྱི་གཏན་ཁེལ་དག་བརྩི་སྲུང་བྱ་དགོས་ཏེ།

གཅིག   མཐོང་ལམ་སྨི200ཙམ་ལས་དམའ་བའི་དུས་སུ།   སྨུག་སྒྲོན་དང་།   ཉེ་སའི་གློག   འགྲམ་གློག   སྔོན་རྗེས་ཀྱི་གློག་འགེར་དགོས་ལ།   མྱུར་ཚད་དུས་ཚོད་རེར་སྤྱི་ལེ60ལས་བརྒལ་མི་རུང་བ་དང་།   བགྲོད་ལམ་གཅིག་པའི་རླངས་འཁོར་སྔོན་མ་དང་བར་ཐག་སྨི200ཡན་ཡོད་པར་བྱེད་དགོས།

གཉིས།   མཐོང་ལམ་གྱི་ཚད་སྨི100ལས་དམའ་བའི་དུས་སུ།    སྨུག་སྒྲོན་དང་།   ཉེ་སའི་གློག  འགྲམ་གློག  སྔོན་རྗེས་ཀྱི་གློག   ཉེན་ཁའི་ཉེན་ཟོན་འོད་འཚེར་གློག་བཅས་འགེར་དགོས་ལ།  མྱུར་ཚད་དུས་ཚོད་རེར་སྤྱི་ལེ40ལས་མི་བརྒལ་བ་དང་།   བགྲོད་ལམ་གཅིག་པའི་རླངས་འཁོར་སྔོན་མ་དང་བར་ཐག་སྨི50ཡན་ཡོད་པ་རྒྱུན་སྲུང་བྱེད་དགོས

གསུམ།  མཐོང་ལམ་གྱི་ཚད་སྨི50ལས་དམའ་བའི་དུས་སུ།  སྨུག་སྒྲོན་དང་།   ཉེ་སའི་གློག   འགྲམ་གློག  སྔོན་རྗེས་ཀྱི་གློག   ཉེན་ཁའི་ཟོན་འོད་འཚེར་གློག་བཅས་འགེར་དགོས་ལ།  མྱུར་ཚད་དུས་ཚོད་རེར་སྤྱི་ལེ20ལས་བརྒལ་མི་རུང་བར་མ་ཟད།  ད་དུང་ཆེས་ཉེ་བའི་འབུད་སྒོ་ནས་མྱུར་མོའི་ངང་མྱུར་འགྲོས་གཞུང་ལམ་ནས་ཕྱིར་འབུད་དགོས།

ཚན་པ་གོང་མའི་སྣང་ཚུལ་དང་འཕྲད་པའི་སྐབས།   མྱུར་བགྲོད་གཞུང་ལམ་དོ་དམ་སྡེ་ཁག་གིས་བརྙན་ཤེལ་སོགས་ཀྱི་བྱེད་ཐབས་རྒྱུད་ནས།   མྱུར་ཚད་ཚོད་འཛིན་དང་།   རྒྱུན་སྲུང་བྱ་དགོས་པའི་རླངས་འཁོར་གྱི་བར་ཐག་སོགས་བརྡ་འཕྲིན་གཏོང་དགོས།

དོན་ཚན་གྱ་གཉིས་པ།   སྒུལ་སྐྱོད་རླངས་འཁོར་མྱུར་འགྲོས་གཞུང་ལམ་དུ་སྐྱོད་སྐབས།   གཤམ་གསལ་གྱི་བྱ་སྤྱོད་དག་ཡོད་མི་རུང་སྟེ།

གཅིག   ཕྱི་ནུར་བྱེད་པ་དང་།   ལྡོག་འགྲོས།   དཀྱིལ་སྙིང་དུ་ཕྱིན་ནས་ཁ་ཕྱིར་ལྡོག་པ།  ཡང་ན་རླངས་འཁོར་བགྲོད་ལམ་དུ་སྡོད་པ།

གཉིས།   བར་དཀྱོག་ལམ་དང་།   ཇེ་མགྱོགས་སུ་གཏོང་བའི་ལམ།   ཡང་ན་དལ་འགྲོས་བགྲོད་ལམ་བཅས་སུ་རླངས་འཁོར་སྔོན་མ་དང་བརྒལ་བ།

གསུམ།   ལམ་ཐིག་སྟེང་ནས་སྐྱོད་པའམ་ཡང་ན་ལམ་འགྲམ་ནས་སྐྱོད་པ།

བཞི།   བྲེལ་མྱུར་གནས་ཚུལ་་མེད་པའི་སྐབས་བབ་བསྟུན་བགྲོད་ལམ་དུ་སྐྱོད་པའམ།   ཡང་ན་སྡོད་པ།

ལྔ།   རླངས་འཁོར་ལ་ཚོད་ལྟ་བྱེད་པའམ་ཡང་ན་རླངས་འཁོར་བསྐོར་བ་སྦྱོང་བ།

དོན་ཚན་གྱ་གསུམ་པ།    མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་པའི་དོས་འདྲེན་རླངས་འཁོར་གྱི་འཁོར་སྒམ་དུ་མི་སྡོད་མི་ཆོག་ལ།   འཁོར་ལོ་གཉིས་ཅན་གྱི་འཕྲུལ་རྟའང་མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་སྐབས།   མི་གཉིས་ཞོན་མི་རུང་།

དོན་ཚན་གྱ་བཞི་བ།    སྒུལ་སྐྱོད་རླངས་འཁོར་ལས་ཀ་བྱེད་པའི་ལམ་ཚིགས་སུ་བསླེབས་སྐབས།    ཉེན་ཟོན་རྟགས་མཚན་ལ་མཉམ་འཇོག་བྱས་ཏེ།   ཇེ་དལ་དུ་བཏང་ནས་བསྐྱོད་དགོས།

དོན་ཚན་གྱ་ལྔ་བ།    གྲོང་ཁྱེར་གྱི་མྱུར་སྐྱོད་ལམ་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་དེ།   ས་བཅད་འདིའི་གཏན་ཁེལ་ལ་ཟུར་བལྟ་བྱས་ནས་ལག་བསྟར་བྱ་དགོས།   མྱུར་བགྲོད་གཞུང་ལམ་དང་།    གྲོང་ཁྱེར་གྱི་མྱུར་སྐྱོད་ལམ་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བ་དེ།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་།  གཏན་ཁེལ་ཁུལ་གྱི་གྲོང་ཁྱེར་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གམ།   ཡང་རིམ་པ་མཉམ་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགན་ཁུར་དགོས།

ལྔ་བ།    འགྲིམ་འགྲུལ་དོན་རྐྱེན་གྱི་ཐག་གཅོད།

དོན་ཚན་གྱ་དྲུག་པ།   སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་གྱི་བར།   སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་བགྲོད་ལམ་སྟེང་མི་ལ་ཤི་རྨས་མ་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་བཟོས་པ་ལ།   དོ་བདག་ལ་དོན་དངོས་དང་འབྱུང་རྐྱེན་ལ་རྩོད་གླེང་མེད་ན།   འགྲིམ་འགྲུལ་དོན་རྐྱེན་གྱི་དུས་ཚོད་དང་།   ས་གནས།   དོ་བདག་ཕ་རོལ་པོའི་མིང་དང་འབྲེལ་གཏུག་བྱེད་ཐབས།   སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས། ཁ་ལོ་པའི་འཛིན་ཡིག་གི་ཨང་རྟགས།   ཉེན་སྲུང་འཛིན་ཡིག་གི་ཨང་བྱང་།   གདོང་ཐུག་གི་གནས་སོགས་ཐོ་འགོད་བྱ་དགོས་པར་མ་ཟད།  ད་དུང་མཉམ་དུ་མིང་རྟགས་བཀོད་རྗེས་ཡུལ་དངོས་དང་འབྲལ་དགོས་ལ།  རང་འགུལ་གྱིས་གྱོང་གུད་སྐྱིན་ཚབ་འཇལ་བར་གྲོས་བསྡུར་བྱ་དགོས།   དོ་བདག་ལ་འགྲིམ་འགྲུལ་དོན་རྐྱེན་གྱི་དོན་དངོས་དང་འབྱུང་རྐྱེན་ལ་རྩོད་གླེང་ཡོད་ན།   མྱུར་དུ་ཉེན་ཞུ་བྱུ་དགོས།

དོན་ཚན་གྱ་བདུན་པ།   སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་བར།   ཡང་ན་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་ལམ་འགྲོ་པའི་བར་བགྲོད་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།   མི་ལ་ཤི་རྨས་མ་བཟོས་པ་དང་།   ད་དུང་དོན་དངོས་ཕལ་ཆེ་བ་དང་འབྱུང་རྐྱེན་གསལ་བོ་ཡིན་པ་ལ།   དོ་བདག་ཐོག་མར་ཡུལ་དངོས་དང་བྲལ་སྟེ།  རྗེས་སུ་རང་འགུལ་གྱིས་གྱོང་གུད་སྐྱིན་ཚབ་ཐག་གཅོད་ལ་གྲོས་བསྡུར་བྱ་དགོས།   དོ་བདག་ལ་འགྲིམ་འགྲུལ་དོན་རྐྱེན་དོན་དངོས་དང་འབྱུང་རྐྱེན་ལ་རྩོད་གླེང་ཡོད་ན།   མྱུར་དུ་ཉེན་ཞུ་བྱ་དགོས།

དོན་ཚན་གྱ་བརྒྱད་པ།   སྒུལ་སྐྱོད་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།   བགྲོད་ལམ་དང་།   གློག  བརྡ་འཕྲིན་སོགས་ཀྱི་སྒྲིག་ཆས་ལ་གནོད་འཚེ་བཏང་བ་ལ།    ཁ་ལོ་པས་ཉེན་ཞུ་བྱས་ཏེ་ཐག་གཅོད་ལ་སྒུག་དགོས་པ་ལས།   རླངས་འཁོར་བསྐོར་ནས་སོང་མི་ཆོག

སྒུལ་སྐྱོད་རླངས་འཁོར་སྤོ་སྒུལ་བྱེད་ཆོག་པ་ལ།  སྒུལ་སྐྱོད་རླངས་འཁོར་དེ་འགྲིམ་འགྲུལ་ལ་བཀག་འགོག་མི་ཐེབས་པའི་གནས་སུ་སྤོར་དགོས།  སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དོན་རྐྱེན་གྱི་གནས་ཚུལ་འབྲེལ་ཡོད་སྡེ་ཁག་ལ་བརྡ་རྒྱག་དགོས།

དོན་ཚན་གྱ་དགུ་བ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་།   ཡང་ན་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་དོན་རྐྱེན་གྱི་ཉེན་ཞུ་འབྱོར་བ་ན།    དུས་ཐོག་ཏུ་ཡུལ་དངོས་སུ་སོང་སྟེ།   མི་ལ་ཤི་རྨས་མ་བཟོས་པ་དང་དོན་དངོས་གསལ་བོ་ཡོད་པ།   ད་དུང་སྒུལ་སྐྱོད་རླངས་འཁོར་སྤོ་སྒུལ་བྱེད་ཆོག་པ་ལ།   དོན་རྐྱེན་གྱི་གནས་ཚུལ་ཐོ་འགོད་བྱས་རྗེས།   དོ་བདག་ཡུལ་དངོས་དང་འབྲལ་བར་བཀའ་བསྒྲགས་ཏེ།    འགྲིམ་འགྲུལ་སླར་གསོ་བྱ་དགོས།   ཡུལ་དངོས་དང་གཏན་ནས་ཁ་བྲལ་བར་མི་བྱེད་པ་ལ།   བཙན་གྱིས་མཐའ་སྐྲོད་གཏོང་དགོས།

ཚན་པ་གོང་མའི་གནས་ཚུལ་དུ་གཏོགས་པའི་བགྲོད་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་ཡིན་ན།    འགྲིམ་འགྲུལ་ཉེན་རྟོག་པས་སྟབས་བདེའི་གོ་རིམ་སྤྱད་ནས་ཐག་གཅོད་བྱེད་ཆོག་པ་དང་།   ད་དུང་ཡུལ་དངོས་དོན་རྐྱེན་གྱི་ངོས་འཛིན་ཡི་གེ་ཡང་བྲིས་ཆོག    དོ་བདག་གིས་མཉམ་དུ་འདུམ་འགྲིག་བྱ་བར་རེ་བ་ཞུ་བར།    འགྲིམ་འགྲུལ་ཉེན་རྟོག་པས་ཡུལ་དངོས་སུ་གནོད་འཚེ་སྐྱིན་ཚབ་རྩོད་གླེང་ལ་འདུམ་འགྲིག་བྱེད་ཆོག

བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་གྱིས་མི་ལ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་ཏེ།    གྱོང་གུད་ལ་རྟོག་ཞིབ་དང་ཡུལ་དངོས་ལ་བརྟག་དཔྱད་བྱ་དགོས་པར།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཡུལ་དངོས་རྟོག་ཞིབ་བྱ་བ་ཚད་ལྡན་ལྟར་བྱེད་དགོས།   ཡུལ་དངོས་ལ་རྟོག་ཞིབ་བྱས་ཚར་རྗེས།   ཡུལ་དངོས་གཙང་བཟོ་བྱས་ཏེ་འགྲིམ་འགྲུལ་སླར་གསོ་བྱ་དགོས།

དོན་ཚན་དགུ་བཅུ་བ།    སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་འགན་འཁུར་ཉེན་སྲུང་སྟེ་ཉེན་སྲུང་བྱས་པའི་སྒུལ་སྐྱོད་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།    མྱུར་སྐྱོབ་ཀྱི་རྨས་ཕོག་པའི་མིར་ཉེན་སྲུང་ཀུང་ཟིས་མྱུར་སྐྱོབ་འགྲོ་གྲོན་སྟེར་དགོས་པར།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཉེན་སྲུང་ཀུང་ཟིར་བརྡ་གཏོང་དགོས།

རྨས་ཕོག་པའི་མིར་མྱུར་སྐྱོབ་བྱེད་པར་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་རོགས་སྐྱོར་ཐེབས་རྩས་འགྲོ་གྲོན་སྔོན་གཏོང་བྱ་དགོས་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་དོ་དམ་ལས་ཁུངས་ལ་བརྡ་གཏོང་དགོས།

དོན་ཚན་གོ་གཅིག་པ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་དོ་བདག་གི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་ལ་ཐོན་པའོ་ནུས་བཅས་ནོར་འཛོལ་གྱི་ཚབས་ཆེ་ཆུང་གཞིར་བཟུང་ནས།    དོ་བདག་གི་འགན་འཁུར་གཏན་ཁེལ་བྱ་དགོས།

དོན་ཚན་གོ་གཉིས་པ།   འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས།   དོ་བདག་བྲོས་བྱོལ་བྱས་པ་ལ།   བྲོས་བྱོལ་བྱས་པའི་དོ་བདག་གིས་འགན་ཡོངས་རྫོགས་འཁུར་དགོས།   འོན་ཀྱང་།    ཕ་རོལ་པོའི་དོ་བདག་ལ་ནོར་འཛོལ་ཡོད་པ་བདེན་དཔང་གིས་ར་སྤྲོད་བྱེད་ཐུབ་པ་ལ།    འགན་འཁུར་ཇེ་ཡང་དུ་གཏང་ཆོག

དོ་བདག་གིས་བསམ་གཟས་ནས་ཡུལ་དངོས་ལ་གཏོར་བརླག་དང་།   བདེན་དཔང་མེད་པར་བཏང་བ་ལ།  འགན་ཡོངས་རྫོགས་འཁུར་དགོས།

དོན་ཚན་གོ་གསུམ་པ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཡུལ་དངོས་ལ་རྟག་ཞིབ་དང་།    བརྟག་དཔྱད་བྱས་པའི་འགྲིམ་འགྲུལ་དོན་རྐྱེན་ལ་རྟོག་ཞིབ་བྱས་པའི་ཉིན་ནས་བཟུང་།    ཉིན་བཅུའི་ནང་འགྲིམ་འགྲུལ་དོན་རྐྱེན་གྱི་ངོས་འཛིན་ཡི་གེ་འབྲི་དགོས།  ཞིབ་བཤེར་ཚད་ལེན་དང་གསལ་འབྱེད་བྱ་དགོས་པ་ལ།  ཞིབ་བཤེར་ཚད་ལེན་དང་གསལ་འབྱེད་ཐག་གཅོད་བྱས་པའི་ཉིན་ནས་བཟུང་།  ཉིན༥ཡིན་ནང་འགྲིམ་འགྲུལ་དོན་རྐྱེན་གྱི་ངོས་འཛིན་ཡི་གེ་འབྲི་དགོས།

དོན་ཚན་གོ་བཞི་བ།   དོ་བདག་ལ་འགྲིམ་འགྲུལ་དོན་རྐྱེན་གྱི་གྱོང་གུད་སྐྱིན་ཚབ་འཇལ་བར་རྩོད་གླེང་ཡོད་པ་ལ།     ཕྱོགས་སོ་སོའི་དོ་བདག་གིས་ཆབས་གཅིག་ཏུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འདུམ་འགྲིག་བྱ་བར་རེ་ཞུ་བྱས་ཏེ།    འགྲིམ་འགྲུལ་དོན་རྐྱེན་ངོས་འཛིན་ཡི་གེ་འབྱོར་བའི་ཉིན་ནས་བཟུང་།   ཉིན༡༠ཡི་ཡིག་ཐོག་གི་འདུམ་འགྲིག་བྱ་བའི་རེ་ཞུ་ཡི་གེ་སྤྲོད་དགོས།

འགྲིམ་འགྲུལ་དོན་རྐྱེན་གྱིས་མི་འཆི་རུ་བཅུག་པ་ལ།   འདུམ་འགྲིག་བྱེད་པ་འདས་འཇུག་གི་བྱ་བ་རྫོགས་པའི་ཉིན་ནས་བཟུང་མགོ་རྩོམ་དགོས།    འགྲིམ་འགྲུལ་དོན་རྐྱེན་གྱིས་མི་རྨས་པར་བྱས་པ་ལ།    སྨན་བཅོས་བྱེད་མཚམས་བཞག་པ་དང་།   ཡང་ན་རྨས་པར་གཏན་ཁེལ་བྱས་པའི་ཉིན་ནས་བཟུང་འདུམ་འགྲིག་བྱེད་པར་མགོ་རྩོམ་དགོས།    འགྲིམ་འགྲུལ་དོན་རྐྱེན་གྱིས་རྒྱུ་ནོར་ལ་གྱོང་གུད་ཐེབས་སུ་བཅུག་པར།   འདུམ་འགྲིག་བྱེད་པ་གྱོང་གུད་ཐག་གཅོད་བྱས་པའི་ཉིན་ནས་བཟུང་མགོ་རྩོམ་དགོས།

དོན་ཚན་གོ་ལྔ་བ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་གྱི་སྐྱིན་ཚབ་འཇལ་བའི་རྩོད་གླེང་འདུམ་འགྲིག་བྱེད་པའི་དུས་བཅད་ཉིན10ཡིན།   འདུམ་འགྲིག་གྲོས་མཐུན་བྱུང་བ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདུམ་འགྲིག་ཡི་གེ་བྲིས་ནས་དོ་བདག་ཕྱོགས་རེ་རེར་སྟེར་དགོས་པ་དང་།   འདུམ་འགྲིག་ཡི་གེའི་སྟེང་ཕྱོགས་སོ་སོའི་དོ་བདག་གིས་མཉམ་དུ་མིང་རྟགས་བཀོད་རྗེས་ནུས་པ་ཐོན་པ་ཡིན།   འདུམ་འགྲིག་ལ་གྲོས་མཐུན་མ་བྱུང་བ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདུམ་འགྲིག་བྱེད་མཚམས་བཞག་པའི་ཡི་གེ་བྲིས་ཏེ་ཕྱོགས་སོ་སོའི་དོ་བདག་ལ་སྤྲོད་དགོས།

འགྲིམ་འགྲུལ་དོན་རྐྱེན་གྱོང་གུད་ཀྱི་སྐྱིན་ཚབ་རྣམ་གྲངས་དང་།   ཚད་གཞི་དེ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་གོ་དྲུག་པ།   འགྲིམ་འགྲུལ་དོན་རྐྱེན་གྱོང་གུད་ལ་སྐྱིན་ཚབ་འཇལ་བར་རྩོད་གླེང་ཡོད་པ་དང་།   དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་པ་ལ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདུམ་འགྲིག་གི་རེ་ཞུ་དང་ལེན་མི་བྱེད་པ་ཡིན།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདུམ་འགྲིག་བྱེད་སྐབས་སུ།   དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་པ།   འདུམ་འགྲིག་མཚམས་འཇོག་པར་བྱེད་དགོས།

དོན་ཚན་གོ་བདུན་པ།   རླངས་འཁོར་བགྲོད་ལམ་ཕྱི་རུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཉེན་ཞུ་འབྱོར་བ་ལ།     བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་སྲོལ་ཡིག་འདིའི་གཏན་ཁེལ་ལ་ཟུར་བལྟ་བྱས་ཏེ་ཐག་གཅོད་དགོས།

རླངས་འཁོར་དང་།   ལམ་འགྲོ་པ།    མེ་འཁོར་བཅས་ཀྱི་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའམ།      ཡང་ན་གྲུ་ཁ་རུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ན།    རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་དགོས།

དྲུག་པ།    བཅའ་ཁྲིམས་ལག་བསྟར་ལྟ་རྟོག

དོན་ཚན་གོ་བརྒྱད་པ།     སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལས་སྒྲུབ་ལམ་ལུགས་དང་།    ལས་སྒྲུབ་གོ་རིམ་མངོན་གསལ་བྱ་དགོས་ལ།    ཉེན་སེལ་ཉེན་འགོག་ལྟ་རྟོག་ལམ་ལུགས་བཙུགས་ཏེ།     རང་འགུལ་གྱིས་སྤྱི་ཚོགས་དང་མང་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱ་དགོས།

དོན་ཚན་གོ་དགུ་བ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པ་བཅས་ཀྱིས་སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་དང་།  ཨང་རྟགས་སྟེར་བ།    ཁ་ལོ་པར་རྒྱུགས་ལེན་པ།   འཛིན་ཡིག་སྟེར་བ།   བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་བྱེད་པ།  བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་བཅས་ཐག་གཅོད་པར།   གཟབ་ནན་གྱིས་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་བྱ་དགོས་ལ།     འགན་དབང་ལས་བརྒལ་བའི་ཁྲིམས་ལག་བསྟར་བྱ་མི་ཆོག་པ་དང་།   འགན་འཁྲི་ལག་བསྟར་བྱེད་པ་ནར་འགྱངས་བྱ་མི་ཆོག་ལ།    རང་འདོད་ཀྱིས་ཆད་པའི་རྣམ་གྲངས་དང་ཚད་རིམ་བསྒྱུར་བཅོས་ཀྱང་བྱ་མི་ཆོག

དོན་ཚན་བརྒྱ་ཐམ་པ།     སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞུ་གཏུག་ཁ་པར་གསལ་བསྒྲགས་བྱ་དགོས་པ་དང་།མང་ཚོགས་ཀྱི་གཏུག་བཤེར་དང་ལེན་བྱ་དགོས་པར་མ་ཟད།   ད་དུང་དུས་ཐོག་ཏུ་བརྟག་དཔྱད་ཞིབ་བསྡུར་བྱས་ཏེ།   བརྟག་དཔྱད་ཀྱི་འབྲས་བུ་གསལ་འདྲེན་བྱ་དགོས།

དོན་ཚན་བརྒྱ་དང་གཅིག  སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་ལག་བསྟར་སྤུས་ཚད་ཞིབ་བསྡུར་དཔྱད་གླེང་དང་།   བཅའ་ཁྲིམས་འགན་འཁུར་ལམ་ལུགས།   བཅའ་ཁྲིམས་ལག་བསྟར་ནོར་འཛོལ་རྩད་གཅོད་ལམ་ལུགས་བཙུགས་ཏེ།   བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ཁྲོད་ཀྱི་ནོར་འཛོལ་ལམ་ཚུལ་མིན་བྱ་སྤྱོད་སྔོན་འགོག་དང་ཡོ་བསྲང་བྱ་དགོས།

བདུན་པ།         བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་བརྒྱ་དང་གཉིས།   སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བའི་བྱ་སྤྱོད་ལ།    བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་།   སྲོལ་ཡིག་འདིའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་གསུམ།   བསླུ་བྲིད་གཏོང་པ་དང་།   ལྐོག་རྔན་སྟེར་བ་སོགས་ཚུལ་མིན་བྱ་སྤྱོད་ཀྱི་སྒོ་ནས་སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་བྱས་པ་དང་།    ཡང་ན་ཁ་ལོ་པའི་འཛིན་ཡིག་བླངས་པ་ལ།    སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག་དང་།   ཨང་རྟགས།    བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་སོགས་སྡུད་ལེན་བྱེད་པ་དང་།   སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་དང་།   ཡང་ན་སྒུལ་སྐྱོད་རླངས་འཁོར་བསྐོར་ཆོག་པའི་འཛིན་ཡིག་མེད་པར་གཏོང་དགོས།    རེ་འདུན་ཞུ་མཁན་གྱིས་ལོ༣ནང་སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་དང་།  སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་ཆོག་པའི་འཛིན་ཡིག་སྟེར་བར་རེ་ཞུ་བྱ་མི་ཆོག

དོན་ཚན་བརྒྱ་དང་བཞི་བ།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་གཤམ་གསལ་གྱི་བྱ་སྤྱོད་རིགས་ཤིག་མཆིས་པ་དང་།   ཡང་ན་སྒུལ་སྐྱོད་རླངས་འཁོར་གཞན་གྱི་ཁ་ལོ་པས་སྐབས་ཐོག་དེར་ཁ་ལོ་པའི་ཚབ་བྱེད་མེད་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་སྡེ་ཁག་གིས་ཁྲིམས་ལ་བརྟེན་ནས་ཆད་པ་གཅོད་པ་ལས་གཞན།  དེས་ཁ་ལོ་སྒྱུར་བའི་རླངས་འཁོར་དེ་འགྲིམ་འགྲུལ་ལ་བཀག་འགོག་མི་ཐེབས་པའི་གནས་སུ་སྤོར་བའམ།    ཡང་འབྲེལ་ཡོད་སྡེ་ཁག་གིས་གཏན་ཁེལ་བྱས་པའི་གནས་སུ་འཇོག་པར་བྱེད་དགོས།

གཅིག   ནུས་ལྡན་གྱི་ཁ་ལོ་པའི་འཛིན་ཡིག་སྟོན་མི་ནུས་པ།

གཉིས།   ཁ་ལོ་སྒྱུར་བའི་སྒུལ་སྐྱོད་རླངས་འཁོར་དང་།   ཁ་ལོ་པའི་འཛིན་ཡིག་སྟེང་བཀོད་པའི་བསྐོར་ཆོག་པའི་སྒུལ་སྐྱོད་རླངས་འཁོར་གྱི་རིགས་དང་མི་མཐུནཔ།

གསུམ།   ཆང་འཐུང་བ་དང་།   རྒྱུལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་དབང་ཁམས་སྨན་རྫས་དང་སྦྲིད་སྨན།   བདེ་འཇགས་ཁ་ལོ་སྒྱུར་བར་གེགས་རྐྱེན་ཡོད་པའི་ནད་ཕོག་ཡོད་པའམ།   ཡང་ན་ཐང་ཆད་དྲགས་ཀྱང་ད་དུང་མུ་མཐུད་དུ་རླངས་འཁོར་བསྐོར་བ།

བཞི།   ཁ་ལོ་སྒྱུར་བ་སློབ་པར་ཁྲིད་སྟོན་པ་མེད་པར་རང་རྐྱང་གི་བསྐོར་བར་བྱེད་པ་ལ།

དོན་ཚན་བརྒྱ་དང་ལྔ་བ།   སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་ཆང་འཐུང་བ་དང་།  ཆང་གིས་བཟི་བ།   རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་དཔང་ཁམས་སྨན་རྫས་དང་སྦྲིད་སྨན་འཐུང་བར་དོགས་པ་ཡོད་པ་ལ་ཚད་ཞིབ་ཚོད་ལེན་དང་།   ཞིབ་བཤེར་བརྟག་དཔྱད་བྱ་དགོས།

དོན་ཚན་བརྒྱ་དང་དྲུག་པ།   བགྲོད་ལམ་འགྲུལ་སྐྱེལ་རླངས་འཁོར་གྱིས་འགྲུལ་སྡོད་གཏན་ཁེལ་དང་བརྒལ་བར་བྱེད་པ་དང་།    དོས་འདྲེན་རླངས་འཁོར་གྱིས་དོས་འདྲེན་གཏན་ཁེལ་དང་བརྒལ་བར་བྱས་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལ་བརྟེན་ནས་སྒུལ་སྐྱོད་རླངས་འཁོར་བཀག་ཉར་བྱས་རྗེས།   ཁ་ལོ་པས་བརྒལ་ཟིན་པའི་འགྲུལ་སྡོད་མི་སྣ་དག་རླངས་འཁོར་གཞན་པར་འདུག་ཏུ་འཇུག་པ་དང་།    བརྒལ་ཟིན་པའི་དངོས་ཟོང་འབོག་པར་བྱ་དགོས།   དེའི་འགྲོ་གྲོན་བརྒལ་ཟིན་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའམ་ཡང་ན་བདག་པོས་འཁུར་དགོས།

དོན་ཚན་བརྒྱ་དང་བདུན་པ།    བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་གོ་གཉིས་པ་དང་།   དོན་ཚན་གོ་ལྔ་བ།   དོན་ཚན་གོ་དྲུག་པ།   དོན་ཚན་གོ་བརྒྱད་པའི་གཏན་ཁེལ་ལྟར་བཀག་ཉར་བྱས་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པ་དང་།   ཡང་ན་དོ་བདག   དོ་དམ་པ་ཉིན༣༠ཡི་ནང་བཀག་ཉར་བྱས་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཁྲིམས་མཐུན་བདེན་དཔང་ངམ་འབྲེལ་ཡོད་ཀྱི་འགྲོ་ལུགས་རྗེས་སུ་མི་བསྒྲུབ་པ།    ཡང་ན་དེར་ཡོང་ནས་ཐག་གཅོད་དང་ལེན་མི་བྱེད་པ་ལ།    སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བརྡ་སྦྱོར་གཏོང་དགོས་པ་དང་།    བརྡ་ཐོ་བཏང་ཡང་ད་དུང་ཟླ༣ནང་དུ་དེར་ཡོང་ནས་ཐག་གཅོད་དང་ལེན་མི་བྱེད་པ་ལ།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེ་རྡོག་འཚོང་བྱ་རུ་འཇུག་དགོས།    ཡོང་འབབ་ཀྱི་རིན་གོང་རྒྱལ་མཛོད་དུ་སྤྲོད་དགོས་པ་དང་།    ཁྲིམས་འགལ་ལྷུ་བསྒྲིགས་ཀྱི་སྒུལ་སྐྱོད་རླངས་འཁོར་ལྷུ་དབྲལ་བྱེད་པ།   བེད་མེད་ཀྱི་ཚད་གཞི་ལ་བསླེབས་པའི་སྒུལ་སྐྱོད་རླངས་འཁོར་བེད་མེད་དུ་གཏོང་དགོས།   སྒུལ་སྐྱོད་རླངས་འཁོར་ལ་ཁྲིམས་འགལ་ཉེས་དོན་གྱི་བྱ་སྤྱོད་གཞན་དག་ཡོད་ན།    འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་དགོས།

དོན་ཚན་བརྒྱ་དང་བརྒྱད་པ།    འགྲིམ་འགྲུལ་ཉེན་རྟོག་པས་གནས་དེ་རུ་སྟབས་བདེའི་གོ་རིམ་བརྒྱུད་ནས་སྲིད་འཛིན་ཆད་པ་གཅོད་པ་ལ།    དོ་བདག་ལ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ཀྱི་དོན་དངོས་དང་།   ཆད་པ་བཅད་པའི་རྒྱུ་མཚན་དང་གཞི་འཛིན་ས་བརྗོད་དགོས་པར་མ་ཟད།   ད་དུང་སྲིད་འཛིན་ཆད་གཅོད་ཡི་གེ་ས་དེ་རུ་སྤྲོད་དགོས།

དོན་ཚན་བརྒྱ་དང་དགུ་བ།      བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ཀྱི་མིར་ཆད་པ་བཅད་པ་དང་།  ཡང་ན་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཉར་འཇོག་བྱེད་པའི་ཆད་པ་བཅད་པ་ལ།   ཁྲིམས་འགལ་བྱ་སྤྱོད་བྱུང་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གམ།   ཡང་ན་རིམ་པ་མཉམ་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐག་གཅོད་བྱེད་དགོས།    སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་མེད་པར་བཏང་བའི་ཆད་པ་བཅད་པ་ལ།    ཁོངས་གཏོགས་ཀྱི་གྲོང་ཁྱེར་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གམ།   ཡང་ན་རིམ་པ་མཉམ་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐག་གཅོད་བྱེད་དགོས།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རང་ཁོངས་ཀྱི་སྒུལ་སྐྱོད་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་དེ།    གནས་དེ་རུ་ཆད་པ་མ་བཅད་པ་ལ།   སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅུ་བ།    དོ་བདག་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་།    འགྲིམ་འགྲུལ་ཉེན་རྟོག་པ་གཞན་པས་ཆད་པ་བཅད་པ་ལ།    གསལ་བཤད་དང་ཁུངས་སྐྱེལ་དག་འབུད་བྱེད་པའི་དབང་ཆ་ཡོད།    འགྲིམ་འགྲུལ་ཉེན་རྟོག་པས་དོ་བདག་གིས་གསལ་བཤད་དང་ཁུངས་སྐྱེལ་དག་འབུད་ལ་གཟབ་ནན་གྱིས་ཉན་དགོས་པ་ལས།     དོ་བདག་གི་གསལ་བཤད་དང་།    ཁུངས་སྐྱེལ་དག་འབུད་བྱས་པ་ལ་བརྟེན་ནས་ཆད་པ་ཇེ་ལྕི་རུ་གཏང་མི་ཆོག

བརྒྱད་པ།   ཟུར་བཀོད་དོན་ཚན།

དོན་ཚན་བརྒྱ་དང་བཅུ་གཅིག་པ།   སྲོལ་ཡིག་འདིའི་ནང་བརྗོད་པའི་བགྲོད་ལམ་སྟེང་བསྐྱོད་པའི་འདྲུད་འཐེན་འཕྲུལ་འཁོར་ནི།   ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཏེ་ཆེས་མྱུར་བའི་བགྲོད་སྐྱོད་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ༢༠ཅན་དུ་ཇུས་འགོད་བྱས་པའི་འཁོར་ལོ་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་དང་།   ཡང་ན་ཆེས་མྱུར་བའི་བགྲོད་སྐྱོད་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ༤༠ཅན་ལས་མི་བརྒལ་བ་ཅན་དུ་ཇུས་འགོད་བྱས་པའི་འདྲུད་འཐེན་འཁོར་སྒམ་ཅན་སོགས་བགྲོད་ལམ་སྟེང་སྐྱེལ་འདྲེན་བྱེད་ཆོག་པའི་འཁོར་ལོ་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་ལ་སྟོན་པ་ཡིན།

དོན་ཚན་བརྒྱ་དང་བཅུ་གཉིས་པ།   ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་དུས་བཅད་ལྟར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ།    འདྲུད་འཐེན་འཕྲུལ་འཁོར་གྱི་ཐོ་འགོད་དང་།    བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན།   འདྲུད་འཐེན་འཕྲུལ་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བྱིན་པ་བཅས་ཀྱི་ཡིག་ཚགས་དང་གྲངས་ཚད་མཁོ་སྤྲོད་བྱ་དགོས།   སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདྲུད་འཐེན་འཕྲུལ་ཆས་ཀྱི་ཁ་ལོ་པར།   ཁ་ལོ་པའི་འཛིན་ཡིག་ཉར་འཇོག་དང་རྩིས་མེད་དུ་བཏང་བའམ།   ཡང་ན་སྐར་འགོད་ཀྱི་ཆད་པ་བཅད་པ་ལ།    དུས་བཅད་ནང་ཆད་གཅོད་ཡི་གེ་དང་སྐར་འགོད་གནས་ཚུལ་འབྲེལ་ཡོད་ཀྱི་ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་ལ་བརྡ་སྤྲོད་དགོས།    ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་བ་ལ་ཡང་།   ཁ་ལོ་པའི་འཛིན་ཡིག་དེ་འབྲེལ་ཡོད་ཀྱི་ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་ལ་སྤྲོད་དགོས།

དོན་ཚན་བརྒྱ་དང་བཅུ་གསུམ་པ།    ཕྱི་རྒྱལ་གྱི་སྒུལ་སྐྱོད་རླངས་འཁོར་མེས་རྒྱལ་ནང་ཁུལ་དུ་བསྐོར་ན།    ནང་ཁུལ་དུ་འོང་བའི་ས་གནས་དེར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་གནས་སྐབས་སུ་སྐྱོད་པའི་ཨང་བྱང་དང་།     བགྲོད་སྐྱོད་བྱེད་ཆོག་པའི་ཡི་གེ་དེ་བགྲོད་སྐྱོད་ཀྱི་དགོས་མཁོ་གཞིར་བཟུང་སྟེ།    ཕན་ནུས་ཡོད་པའི་ཉིན་གྲངས་དང་བསྐྱོད་ཆོག་པའི་ས་ཁོངས་གསལ་བོར་འགོད་དགོས།

ནང་ཁུལ་དུ་ཡོང་བའི་སྒུལ་སྐྱོད་རླངས་འཁོར་ལ་གནས་སྐབས་སུ་བགྲོད་པའི་ཨང་བྱང་དང་།    ཁ་ལོ་པའི་འཛིན་ཡིག   ཕྱི་རྒྱལ་གྱི་མིས་སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་ཆོག་པའི་ཆ་རྐྱེན།    རྒྱུགས་ལེན་ཐབས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་བཞི་བ།    སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་ཆོག་པའི་རྒྱུགས་ལེན་པའི་དངུལ་སྡུད་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱེད་དགོས།

དོན་ཚན་བརྒྱ་དང་བཅོ་ལྔ་བ།    སྲོལ་ཡིག་འདི2004ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད།    དེ་དང་མཉམ་དུ1960ལོའི་ཟླ2པའི་ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་དང་།    འགྲིམ་འགྲུལ་པུའུ་ཡིས་བསྒྲགས་པའི《སྒུལ་སྐྱོད་རླངས་འཁོར་ལ་དོ་དམ་བྱེད་ཐབས》ཞེས་པ་དང་།    1988ལོའི་ཟླ3པའི་ཚེས9ཉིན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་དོ་དམ་སྲོལ་ཡིག》ཅེས་པ།  1991ལོའི་ཟླ9བའི་ཚེས22ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི《བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་བྱེད་ཐབས》ཞེས་པ་སོགས་སྤྱོད་མཚམས་འཇོག་རྒྱུ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།