ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། (ལྔ)

(བཅུ་གསུམ་པ།)ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྡུང་རྡེག་བྱེད་ཡུལ་གཙོ་བོ་ནི་གང་དག་ཡིན་ནམ།

རང་ཞིང་ལ་ཁྱོན་བསྡོམས་རྡུང་རྡེག་བྱེད་ཡུལ་གཙོ་བོ་མི་འདྲ་བ13ཡོད་ལ། དེའི་ཁྲོད1-10བར་ནི་ཀྲུང་དབྱང་གིས་གཏན་ཁེལ་བྱས་པ་དང་། 11-13བར་ནི་ཞིང་ཆེན་གྱིས་གཏན་ཁེལ་བྱས་པ་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་གཅིག་ནི་ཆབ་སྲིད་བདེ་འཇགས་ཐད་ལ་འཇིགས་སྐུལ་ཐེབས་པ་ཡིན་ལ། ནང་སྒོས་སུ་སྒྲིག་སྲོལ་བདེ་འཇགས་དང་སྲིད་དབང་བདེ་འཇགས། དེ་མིན་ཆབ་སྲིད་ཁྱབ་ཁོངས་ཁྲོད་སིམ་པའི་ནག་ཚོགས་ཀྱི་སྟོབས་ཤུགས་བཅས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་གཉིས་པ་ནི་ལྐོག་རྔན་དང་གཏུམ་སྤྱོད། མགོ་སྐོར། འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་སྲིད་དབང་བདག་འཛིན་བྱེད་པ། གཞི་རིམ་གྱི་འདེམས་བསྐོ་ལ་ཚོད་འཛིན་དང་གནོད་སྐྱོན་བཟོ་བ། ཞིང་འབྲོག་ས་ཁུལ་གྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡོམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ལྐོག་ཟས་བྱེད་པ་སོགས་ཀྱི་ནག་ཚོགས་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་གསུམ་པ་ནི་ཁྱིམ་རྒྱུད་དང་ཆོས་ལུགས། ཆོས་ལུགས་ཀྱི་སྟོབས་ཤུགས་བཅས་ལ་བརྟེན་ནས་བཙན་བདག་དུ་གྱུར་བའི་ཕྱོགས་གཅིག་ཡིན་ལ། མང་ཚོགས་ལ་བརྙས་བཅོས་དང་གནོད་འཚེ་གཏོང་བའི“སྡེ་བའི་བཙན་བདག”དང“ཤང་གི་བཙན་བདག”སོགས་ཀྱི་ནག་ཚོགས་སྟོབས་ཤུགས། དེ་མིན་ཤང་དུ་བཙན་ཤེད་ཧམ་ལས་བྱེད་པའི་ཁྲིམས་མེད་ལུགས་མེད་ཀྱི་རྐྱལ་སྟོང་དང“ཡུལ་འཁྱམ་པ”དག་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བཞི་པ་ནི་ས་ཆ་བསྡུ་ལེན་དང་ས་ཞིང་བོགས་གཏོང་། གཤིགས་སྤོར། བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ཁྲོད་ཞིང་འབྲོག་མི་དམངས་ལ་ངན་སྐུལ་བྱས་ཏེ་རྙོག་དྲ་བཟོ་བ། ཚོགས་སྤྱི་རང་བཞིན་ལ་རྩ་འཛུགས་དང་བཀོད་འདོམས་སྒོས་འཐབ་རྩོད་དང་གོང་གཏུག་བྱེད་པའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་ལྔ་པ་ནི་བཟོ་སྐྲུན་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས། དངོས་ཟོང་སོགས་ཀྱི་ཁྱབ་ཁོངས་དང་ལས་རིགས་སུ་བཟོ་སྐྲུན་བཙན་འགོག་དང་ངན་སེམས་བཅངས་ཏེ་ཚོང་འགུགས་ལ་འགྲན་རྩོད་བྱེད་པ། ཁྲིམས་འགལ་གྱིས་ས་གཞི་བདག་འཛིན་བྱེད་པ། གང་འདོད་ཀྱིས་གཏེར་ཁ་སྔོག་འདོན་བྱེད་པ། ཚོང་གཉེར་སྒེར་སྡོམ་བཅས་བྱེད་པའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་དྲུག་པ་ནི་ཚོང་རའི་ཉོ་འཚོང་ཁྲོམ་ར་དང་སྡེབ་འཚོང་ཁྲོམ་ར། རླངས་འཁོར་འབབ་ཚིགས་དང་གྲུ་ཁ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་ཡུལ་དངོས་སུ་ཁྲོམ་རའི་འཁོར་རྒྱུགས་ལ་བརྙས་བཅོས་དང་བཙན་ཤེད་བཀོལ་བ། ཉོ་འཚོང་ལ་བཙན་ཤེད་བཀོལ་པ། དོན་མེད་དུ་རིན་གོང་ཡར་བརྩེགས་པ། སྲུང་སྐྱོབ་གྲོན་དངུལ་བསྡུ་ལེན་བྱེད་པ་སོགས་ཁྲོམ་ར་ལ་བཙན་ཤེད་བཀོལ་བའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བདུན་པ་ནི“འཆལ་རྒྱན་དུག་གསུམ”སོགས་ལ་ཚོད་འཛིན་དང་ཚོང་གཉེར་བྱས་ཏེ། ས་འོག་གསང་བའི་རྒྱལ་འཇོག་ཁང་སོགས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་འགུལ་སྤེལ་པའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བརྒྱད་པ་ནི་ཁྲིམས་འགལ་གྱིས་སྐྱེད་ཀ་མཐོན་པོའི་དངུལ་བུན་བསྐྱི་བ་དང་གཏུམ་སྤྱོད་ལ་བརྟེན་ནས་བུ་ལོན་ལེན་པ། “འཇམ་རྩུབ་གཏུམ་སྤྱོད་ཀྱིས་བུ་ལོན་ལེན་པ”བཅས་ཀྱི་ནག་ཚོགས་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་དགུ་པ་ནི་དམངས་ཁྲོད་ཀྱི་རྩོད་རྙོག་ཁྲོད་ལག་བསྲིངས་ཏེ། “གསང་བའི་ཁྲིམས་འཛིན་རུ་དཔུང”འཐུས་ཚང་ཅན་གསར་འཛུགས་བྱེད་པའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བཅུ་པ་ནི་རྒྱལ་ཁོངས་མཐའ་མཚམས་ཕྱི་རོལ་གྱི་ནག་ཚོགས་རྒྱལ་ཁོངས་སུ་སིམ་འཛུལ་བྱས་ཏེ་རྒྱལ་ཁོངས་དང་མཐའ་མཚམས་བརྒལ་བའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བཅུ་གཅིག་པ་ནི་ཆོས་ལུགས་དང་ཆོས་ལུགས་དགོན་པའི་སྟོབས་ཤུགས་ཀྱིས་གཞི་རིམ་སྤྱི་ཚོགས་ཀྱི་བདག་དོམ་དང་ཁྲིམས་འཛིན་ཁྲིམས་བསྟར་ལ་ལག་བསྲིངས་ནས། མང་ཚོགས་ལ་ཁྲིམས་འགལ་གྱིས“དམག་ལ་ཞུགས་པ”དང“སྲོག་སྐྱིན་ལེན་དུ་འཇུག་པ། ”“ཤ་འཁོན་རྩོད་དུ་འཇུག་པ།”“དམག་ཕྱིར་འཐེན་བྱེད་པའི་རིན་དངུལ”བསྡུ་རུབ་བྱེད་པ་སོགས་ལ་རྩ་འཛུགས་དང་ངན་སྐུལ་བྱེད་པའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བཅུ་གཉིས་པ་ནི“རིག་གནས་སྲུང་སྐྱོབ”དང“ཕ་སྐད་སྲུང་སྐྱོབ”“སྐྱེ་ཁམས་སྲུང་སྐྱོབ”བཅས་ལ་ཁ་གཡར་ནས། མང་ཚོགས་ལ་ངན་སྐུལ་བྱས་ཏེ་གྲུབ་མཐའི་བར་ལ་རྩོད་རྙོག་བཟོ་བ། ཁྲིམས་འགལ་སྒོས་ཆོས་ལུགས་ཀྱི་བྱེད་སྒོ་སོགས་རྩ་འཛུགས་བྱས་ཏེ་གོ་སྐབས་ལ་བསྟུན་ནས་རྒྱུ་ནོར་གཡོ་ལེན་བྱེད་པ། རྒྱལ་ཁབ་ཀྱི་ཚད་ལྡན་སློབ་གསོ་དང་རྒྱུན་ལྡན་གྱི་འཛུགས་སྐྲུན་ལ་ཐེ་གཏོགས་བྱེད་པའི་ནག་ཚོགས་ཀྱི་སྟོབས་ཤུགས་བཅས་ཡིན།

རྡུང་རྡེག་བྱེད་ཡུལ་གཙོ་བོ་བཅུ་གསུམ་པ་ནི་རྒྱང་སྐྱོད་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་དང་གླ་གཏོང་རླངས་འཁོར་ལས་གཞན་པའི་རླངས་འཁོར་སྐོར་ཞིག་གིས་ཚོང་ལས་ཀྱི་ཡོང་འབབ་ལ་ཁ་གཡར་ནས“ཁ་བཏགས་རླངས་འཁོར་ཚོགས་པ”ལྟ་བུ་རྩ་འཛུགས་བྱེད་པ། “ཏཱ་ལེ་བླ་མའི་སྐུ་བརྙན”བཀལ་ཏེ་གཞུང་ལམ་བདག་འཛིན་དང་དངོས་ཟོང་བཙན་འཕྲོག་བྱེད་པ། འགག་སྒོར་བཙན་རྡུང་བྱེད་པ། སྐྱེལ་འདྲེན་མཚམས་འཇོག་གིས་གོང་གཏུག་བྱེད་པ་སོགས་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་གོ་རིམ་ལ་ཐེ་གཏོགས་ཚབས་ཆེན་བཟོ་བ། ཁེ་ལས་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ནག་ཚོགས་ཀྱི་སྟོབས་ཤུགས་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།