བོད་རང་སྐྱོང་ལྗོངས་ཀྱི2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན།〈གཉིས〉

གཅིག་ནི་རྒྱུན་རྣམ་གསར་པར་འཚམ་ཞིང་། དེར་སྟངས་འཛིན་དང་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། རྒྱུན་རྣམ་གསར་པ་དང་འཚམ་པ་དང་དེར་སྟངས་འཛིན་དང་སྣེ་ཁྲིད་བྱེད་རྒྱུ་ནི་ང་ཚོར་འཕྲད་པའི་འགྲན་རྩོད་ཆེ་ཤོས་དང་དངོས་ཡོད་ཀྱི་ཚོད་བགམ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་གོང་འཕེལ་ཁྲོད་ཀྱི་ལྡིང་རྩའི་གནད་དོན་རིགས་གཅིག་སྡུད་ཐོག་མངོན་ཞིང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་འབྲས་ཀྱི་སྟོན་གྲངས་ལོ་རེ་བཞིན་ཆག་འགྲོ་བ་དང་། དཔལ་འབྱོར་གྲུབ་ཆ་དོ་སྙོམས་མེད་པ་བཅས་ཀྱི་རྐྱེན་པས་རྒྱུན་རྣམ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་གྱི་ཇུས་འགོད་དང་ཡག་པོ་བསྒྲུབ་རྒྱུའི་གནོན་ཤུགས་ཇེ་ཆེར་སོང་ཞིང་ཇི་ལྟར་བྱས་ནས་མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། མཁོ་འདོན་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆད་སྐྱོན་སེལ་བའི་འགག་སྒྲོལ་བྱེད་ས་གནད་ལ་འཕིགས་པར་འཚོལ་རྒྱུ་དང་། གོང་འཕེལ་གྱི་འགུལ་ཤུགས་གསར་པ་འདོན་སྤེལ་བྱེད་རྒྱུ་བཅས་ཀྱི་ཐད་ཀྲུང་དབྱང་གི་ཆོད་སྡོམ་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་དེ་རང་ལྗོངས་གོང་འཕེལ་གཏོང་བའི་དོན་དངོས་དང་འབྲེལ་མཐུད་དམ་ཟབ་བྱེད་དགོས་པའི་ཐོག་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། དེར་སྟངས་འཛིན་དང་སྣེ་ཁྲིད་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས།

གཉིས་ནི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། མིག་སྔར་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་འཛད་སྤྱོད་ཀྱི་གྲུབ་ཆ་འགྱུར་ལྡོག་སོང་བ་དང་འཚམ་མི་ཐུབ་པ་དང་། ཐོན་རྫས་མཁོ་འདོན་བྱེད་པ་དེས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་མ་བཅོས་རྒྱུ་ཆ་སོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཐོག མ་འཇོག་ཕྱིར་ཤོར་བྱེད་པའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པས་ནུས་ལྡན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྒྱལ་ཁབ་ནས་མ་འཇོག་མང་དུ་གཏོང་ཚད་འགོར་དུ་བཏང་བ་དང་། སྤྱི་ཚོགས་ཀྱི་མ་འཇོག་འདེད་སྐུལ་ནུས་ལྡན་བྱེད་ལམ་མི་ལྡེང་བས་རང་སྐྱོང་ལྗོངས་ནས་གཏན་འཁེལ་བྱས་པའི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་ཁྲི་1གཏོང་རྒྱུའི་དམིགས་ཚད་ལས་འགན་འགྲུབ་པར་དཀའ་བས་རྒྱལ་ཁབ་ཀྱི་མ་འཇོག་ཁོ་ནར་བརྟེན་ནས་འཁོར་སྐྱོད་རྐྱང་པ་བྱེད་པ་ནི་རྒྱུན་མཐུད་གོང་འཕེལ་གཏོང་མི་ཐུབ་པ་ཞིག་ཡིན། ཇི་ལྟར་བྱས་ནས་མཁོ་འདོན་ཕྱོགས་དང་དགོས་མཁོའི་ཕྱོགས་གཉིས་ཀར་གནད་འཕིགས་ཤུགས་འདོན་བྱས་ཏེ་ནུས་ལྡན་གྱི་དགོས་མཁོ་ཆེ་རུ་གཏོང་དགོས་ལ། ནུས་ལྡན་གྱི་མཁོ་འདོན་ཡང་མང་དུ་བཏང་ནས་གཙོ་རྒྱུ་རང་མོས་ཐོག་འཁོར་རྒྱུག་བྱེད་པའི་ལམ་སྲོལ་དང་སྒྲིག་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་རྒྱུ་དང་། ཉོ་འཚོང་རིགས་ཁག་གི་མ་གནས་དང་ལྷག་པར་དུ་ལམ་ལུགས་རང་བཞིན་གྱི་ཉོ་འཚོང་མ་གནས་དམའ་རུ་གཏོང་བར་ད་དུང་གོ་ཆོད་ནུས་ལྡན་གྱི་བྱ་ཐབས་ཤིག་མེད་པར་དེར་བརྟེན་ང་ཚོས་མུ་མཐུད་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་རྒྱུའི་ཐད་འབད་འཐབ་དེ་བས་ཆེ་བ་བྱེད་དགོས་ཀྱི་ཡོད།

གསུམ་ནི་གོང་འཕེལ་གཏོང་བའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དེ་རྒྱུན་རྣམ་གསར་པར་སླེབས་པའི་རྒྱབ་ལྗོངས་ཆེ་མོའི་འོག རང་ལྗོངས་ཀྱི་གོང་འཕེལ་གྱི་ཁོར་ཡུག་དང་། ཆ་རྐྱེན། བླང་བྱ་བཅས་ཚང་མར་འགྱུར་ལྡོག་གསར་པ་བྱུང་བ་དང་། གཏན་ཚིགས་རྙིང་པའི་ཐོག་ནས་སླར་ཡང་འཕར་སྣོན་ཆེན་པོ་ཡོང་བའི་བྱེད་སྟངས་དང་ཐབས་ཤེས་སྤྱོད་རྒྱུ་ནི་འགྲིག་ཐབས་མེད་པ་ཞིག་ཡིན་པས་གོང་འཕེལ་གཏོང་བའི་བསམ་གཞི་གསར་པ་མཐའ་འཁྱོངས་ཀྱིས་རང་འགུལ་ཐོག་ཇུས་འགོད་དང་འབྲེལ་མཐུད་བྱས་ཏེ་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་རྣམས་ལས་སྟེགས་དང་། ཐོན་ལས། རྣམ་གྲངས་བཅས་སུ་དངོས་སྒྱུར་བྱས་ཐོག ཐོན་ཁུངས་ཀྱི་གཙོ་རྒྱུ་བགོ་སྒྲིག་བྱེད་རྒྱུ་ལེགས་སུ་གཏོང་དགོས་པ་དང་། འགན་འཁྲི་དོན་འཁྱོལ་སྔར་ལས་ལྷག་པ་བྱས་ཏེ་སྲིད་ཇུས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས་ལ། སྒྱུར་བཅོས་དང་གསར་གཏོད་ལ་བརྟེན་ནས་ནང་སྐྱེད་སྒུལ་ཤུགས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་གཏོད་ནས་འཛུགས་སྐྲུན་བྱེད་པའི་ནང་མ་རྩ་རིགས་ཁག་དང་ལྷག་པར་དུ་དམངས་ཁྲོད་ཀྱི་མ་རྩ་ཐེ་ཞུགས་ཧུར་ཐག་བྱེད་རྒྱུར་འདྲེན་འགུག་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བ་བྱེད་དགོས།

བཞི་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བང་རིམ་སྔར་བས་མཐོ་རུ་གཏོང་དགོས་པ། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤྱི་ཡོངས་ཀྱི་ཆུ་ཚད་དམའ་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྗེས་སུ་ལུས་ཡོད་པས་གཅུར་འགག་ཐེབས་ས་སྔར་བཞིན་རྩ་བ་རང་ནས་སེལ་ཐུབ་མེད་པའི་ཁར། མ་འཇོག་གི་ཕན་འབྲས་མཉམ་འགུལ་བྱེད་ནུས་ཆེན་པོ་མེད་པ་དང་ནང་སྐྱེད་འཕེལ་ཤུགས་ཆེན་པོ་མེད་པའི་ཐོག ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཞན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་མི་འདེང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པས། གནད་དོན་དེ་དག་ཚང་མར་ང་ཚོས་དབྱེ་ཞིབ་གཏིང་ཟབ་བྱེད་དགོས་པ་དང་དེ་བས་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་དགོས་ཀྱི་ཡོད།

(གཉིས)སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།

2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་གི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་བརྟན་ཐོག་ཡར་བརྩོན་དང་། ལེགས་ཐོག་ལེགས་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བཟུང་ཞིང་། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་ལྟེ་བར་བཟུང་ཐོག“663”གསུམ་གྱི་གོང་འཕེལ་བསམ་གཞི་འཐུས་ཚང་བཟོས་ཏེ་དཀའ་སེལ་འགག་སྒྲོལ་གྱིས་ཆད་སྐྱོན་སེལ་བ་དང་། ལམ་བཤངས་གསར་གཏོད་ཀྱིས་འགག་སྒྲོལ་ཐུབ་པ་བྱེད་པ། དབུལ་སྐྱོར་གནད་འཕིགས་ལ་ཕན་འབྲས་དངོས་ཐོན་ཐུབ་པ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་ཡིན།

“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་དང་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་བོའི་དམིགས་ཚད་ཀྱི་འཆར་གཞི་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་11%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་20%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་12%ཡན་འཕར་བ་བྱེད་རྒྱུ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%ཡན་འཕར་བ་བྱེད་རྒྱུ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུད་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན།

གསུམ། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལས་འགན་གཙོ་བོ་དང་བྱེད་ཐབས།

ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཐུབ་པ་བྱེད་ཆེད་གཤམ་གསལ་ཕྱོགས་ཁག་དྲུག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་དགོས།

(གཅིག)ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་ཡོང་བ་བྱེད་དགོས།

1.གལ་ཆེའི་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱེད་རྒྱུ། 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། ཡུན་རིང་བདེ་འཁོད་ཡོང་བར་སྔར་བས་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་། 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྔར་བས་རྒྱབ་སྐྱོར་བྱེད་རྒྱུའི་སྲིད་ཇུས་འགའ་ཞིག་དང་གལ་ཆེའི་རྣམ་གྲངས་སྐོར་གྱི་རྒྱལ་སྲིད་སྤྱི་ཁབ་ཁང་དོན་གཅོད་ཐིང་གི་བསམ་འཆར》 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གཙོ་བོའི་ལས་འགན་ཁག་བགོས་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཇུས་གཞི》 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་བགོས་ཇུས་གཞི》བཅས་ཀྱི་ནང་གཏན་འབེབས་བྱས་པའི་ལས་འགན་ཁག་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཏེ། རང་འགུལ་ངང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ནས་སྲིད་ཇུས་དོན་འཁྱོལ་དང་རྣམ་གྲངས་དོན་སྨིན་ཐུབ་པ་བྱེད་དགོས།

2.མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་ཀྱི་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། འཆར་འགོད་རྣམ་གྲངས་དོན་འཁྱོལ་བྱེད་པར་སྐུལ་སློང་དང་ལས་ཀའི་བཀོད་སྒྲིག་ཚོགས་འདུ་གང་མགྱོགས་སྐོང་འཚོགས་བྱས་ཏེ། ལས་འགན་ཁག་བགོས་དང་། འགན་འཁྲི་འཁུར་མཁན་དོན་འཁྱོལ། ལས་ཡུན་ཁ་གསལ་བཟོ་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་ཕྱར་བ་གྲུ་འདེགས་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་དགོས། མ་འཇོག་གི་སྲིད་ཇུས་ལེགས་སུ་བཏང་སྟེ་རང་ལྗོངས་ཀྱི་མ་དངུལ་བསྡུ་གཏོང་ལམ་སྲོལ་སྒྱུར་བཅོས་བྱེད་པའི་ལག་བསྟར་བསམ་འཆར་གང་མགྱོགས་བཟོ་འབེབས་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་མཆན་འགོད་བྱས་པའི་མ་འཇོག་གི་རྣམ་གྲངས་དཀར་ཆག་དང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་མ་འཇོག་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་དང་སྙན་དཔོད་དོ་དམ་བྱེད་ཐབས་དུས་ཐོག་ཏུ་བཟོ་བཅོས་བྱས་ནས་འགྲེམས་སྤེལ་བྱེད་དགོས། མ་དངུལ་བསྡུ་རྒྱུག་ལས་སྟེགས་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་སྦྲེལ་མཐུད་སྙན་སེང་ཞུ་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ནས་གཞི་ཁྱོན་ངེས་ཅན་བཀོད་སྒྲིག་བྱས་པའི་ཀྲུང་དབྱང་གི་ཆེད་དམིགས་འཛུགས་སྐྲུན་ཐེབས་རྩ་བརྩོན་ལེན་ཧུར་ཐག་བྱས་ཏེ་བོད་ལྗོངས་གསར་སྤེལ་མ་འཇོག་ཐེབས་རྩ་དང་། བོད་ལྗོངས་ཐོན་ལས་གོང་འཕེལ་གྱི་ཐེབས་རྩ་ཨ་མ། བོད་ལྗོངས་གོང་འཕེལ་མ་འཇོག་ཐེབས་རྩ་བཅས་འཛུགས་རྒྱུའི་ལས་ཀར་སྐུལ་སྤེལ་གང་མགྱོགས་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱི་ཚོགས་ཐོག་གི་མ་རྩ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་2000དང་20%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། ནོར་སྲིད་འཕར་སྣོན་བརྟན་པོ་ཡོང་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་སྤྱིའི་འབྱོར་སྟོབས་20%ཡན་འཕར་ཐུབ་པ་བྱེད་དགོས།

3.འཛད་སྤྱོད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང། རྒན་གསོ་བཅས“བདེ་སྐྱིད་ཐོན་ལས”ཆེན་པོ་ལྔ་གོང་འཕེལ་ཤུགས་ཆེ་བཏང་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་དགོས་མཁོ་ནུས་ལྡན་འདོན་སྤེལ་བྱས་ནས་ཐོན་རྫས་དང་ཞབས་ཞུ་གང་མང་མཁོ་འདོན་བྱེད་པར་ཤུགས་རྒྱག་རྒྱུ་དང་། ཚོང་དོན་ཟོག་འགྲུལ་ལས་རིགས་གོང་འཕེལ་མགྱོགས་པོ་བཏང་སྟེ་ཁུལ་ཁོངས་བརྒལ་བའི་ཞིང་ཟོག་ཐོན་རྫས་འཁོར་རྒྱུག་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱེད་དགོས་ལ། ཟོག་འགྲུལ་ལས་རིགས་ཞིང་འབྲོག་ཁུལ་དུ་སྣུར་བསྲིང་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ལ་ཁེབས་པའི་ཚོང་དོན་ཁྲོམ་རའི་དྲ་རྒྱའི་མ་ལག་དང་རིམ་གསུམ་ཟོག་འགྲུལ་འགྲེམས་སྐྱེལ་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། གློག་རྡུལ་ཚོང་དོན་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་སྟེ། གློག་རྡུལ་ཚོང་དོན་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱོང་སྤེལ་བྱེད་དགོས། ཚོང་ལས་ཀྱི་དཔེ་གཞི་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། དངོས་གཞིའི་ཚོང་ཁང་གིས་མཉམ་སྦྲེལ་དྲ་རྒྱར་བརྟེན་ནས་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ནས་དྲ་ཐོག་དང་དྲ་ཐོག་མིན་པ་མཉམ་འགུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཤུགས་ཆེ་བྱེད་དགོས། ལྗོངས་ནང་ཁུལ་གྱི་རིགས་ཁག་གི་ཁེ་ལས་ཀྱིས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དུ“བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་མིན་པའི་མྱོང་ཞིབ་ཚོང་ཁང་”འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

4.ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐའ་མཚམས་ཚོང་དོན་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ། གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་གཙོ་བོའི་འགག་སྒོ་དང་རྒྱུན་སྲོལ་མཐའ་ཚོང་བགྲོད་ལམ་གཙོ་གནད་དུ་བཟུང་ནས་མཐའ་ཚོང་ཁྲོམ་ར་འཛུགས་རྒྱུ་དང་། མཐའ་མིའི་ཚོང་འགྲུལ་བྱེད་ལམ་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འགྲམ་འགག་སྒོ་སླར་གསོ་བསྐྱར་བསྐྲུན་བྱེད་རྒྱུ་དང་། གྲོ་མོའི་འགག་སྒོ་སྒོ་མོ་འབྱེད་རྒྱུར་སྐུལ་སྤེལ་གང་ཐུབ་བཏང་ཁར། ལེགས་རྩེ་དང་། འདྲེན་ཐང་། རི་བོ་བཅས་ཀྱི་འགག་སྒོ་གང་མགྱོགས་བསྐྲུན་ནས་སྒོ་མོ་འབྱེད་རྒྱུ་དང་། སྐྱིད་རོང་དང་། སྤུ་ཧྲེང་། ལྷ་སའི་མཁའ་འགྲུལ་བཅས་ཀྱི་འགག་སྒོའི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་རྒྱུ་དང་། ནེ་པ་ལའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་ནེ་ཕྱོགས་གཉིས་པོའི་རྣམ་གྲངས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཀྲུང་ནེའི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས།

(གཉིས)རྒྱུན་སྲིང་ལྷོད་མེད་ཀྱིས་གྲུབ་ཆ་ལེགས་སྒྲིག་བྱེད་དགོས།

5.དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་གང་མགྱོགས་གཏོང་དགོས། ཞིང་འབྲོག་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་ཞིང་འབྲོག་ལས་སྤུས་ལེགས་ཕན་ཆེ་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། “ཡུན་རིང་འགྱུར་བ་མི་གཏོང་རྒྱུ་གསུམ”གྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཐོག གྲོང་གསེབ་ཀྱི་ས་ཆ་སྒྲིག་ལྡན་བརྒྱུད་བཤུག་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཆུ་མཛོད་ཆེ་གྲས་དང་། ཆུ་བེད་ལྟེ་གནད་ཆེ་རིགས། ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་དགོས། དེང་རབས་ཀྱི་ཞིང་འབྲོག་ལས་དཔེ་སྟོན་ཁུལ་དང་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི་གང་མགྱོགས་བཙུགས་ཏེ། “བརྒྱ་སྟོང་ཁྲིའི་ལས་གཞི་ཁག་8”གཏིང་ཟབ་སྤེལ་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ་དང་། ཁུལ་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གལ་ཆེའི་ཞིང་ལས་ཐོན་རྫས་ནུས་ལྡན་མཁོ་འདོན་ཐུབ་པ་བྱེད་དགོས། 2017ལོའི་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སྤྲོད་སྲོལ་གྱི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། ལོ་མཇུག་ཏུ་ཕྱུགས་ཟོག་ལག་ཡོད་མགོ་གྲངས་ཁྲི་2000(མགོ་གྲངས)ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་དང་། བཤས་ཕྱུགས། བཤས་ལུག བཞོན་མ་བཅས་ཀྱི་གསོ་ཚགས་ར་བ་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་འཛུགས་རྒྱུའི་བྱེད་སྒོ་སྤེལ་ནས་དེང་རབས་ཀྱི་འབྲོག་ལས་གོང་འཕེལ་གཏོང་དགོས།

6.ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་གོང་འཕེལ་ཤུགས་ཆེ་གཏོང་དགོས། དགེ་མཚན་ཆེ་རིགས་མངོན་གསལ་དོད་པ་དང་། ཁྲོམ་རའི་མདུན་ལམ་རྒྱ་ཆེ་བ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་འཚམ་པ་བཅས་ཀྱི་རང་བྱུང་འཐུང་ཆུ་དང་། དྭངས་གཙང་ནུས་རྒྱུ། མི་རིགས་ལག་ཤེས་བཟོ་ལས། བོད་སྨན་ལས་རིགས། རྣམ་གསར་ཨར་ལས་རྒྱུ་ཆ། གཏེར་ལས་སོགས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་རང་སྟོབས་འཕེལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་སྡེ་གླིང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱེད་ནུས་ཆེ་རུ་བཏང་ཐོག ལྷ་སའི་མཐོ་གསར་ཁུལ་དེ་རྒྱལ་ཁབ་རིམ་པར་གནས་སྤོར་ཐུབ་པ་བྱེད་རྒྱུ་དང་། གོར་མོའི་བོད་མཚོ་བཟོ་ལས་སྡེ་གླིང་དང་། བོད་ལྗོངས་མཁའ་འགྲུལ་ཁུལ་གསར་སོགས་སྡེ་གླིང་བསྐྲུན་རྒྱུར་སྐུལ་སྤེལ་བཏང་སྟེ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་མཉམ་ལས་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་རྒྱུ་དང་། རྒྱུན་སྲོལ་ཐོན་ལས་ལེགས་སུ་བཏང་ཐོག་ཁུལ་ཁོངས་རང་བཞིན་དང་དུས་ཚིགས་རང་བཞིན་གྱི་ཨར་འདམ་མཁོ་དགོས་དང་སྤྲོད་ནུས་ཀྱི་འགལ་བ་མེད་པ་བཟོ་རྒྱུ་དང་། གསར་སྣོན་ཐོན་ནུས་བཀོད་སྒྲིག་ལུགས་མཐུན་དང་རྗེས་ལུས་ཀྱི་ཐོན་ནུས་མེད་པ་བཟོ་དགོས།

7.ཁྱད་ལྡན་ཡུལ་སྐོར་ལས་རིགས་སྐྱོང་སྤེལ་བྱས་ནས་རྒྱ་སྟོབས་ཆེ་རུ་གཏོང་དགོས། “ཁྱད་ལྡན་དང་། རིམ་མཐོ། སྤུས་ལེགས”བཅས་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་ཁ་སྒྱུར་རིམ་སྤོར་ལས་གཞི་ལག་བསྟར་བྱེད་རྒྱུ་དང་ཡུལ་སྐོར་གྱི་སྒོ་མོ་འབྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ་དང་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་དང་ཚད་གཞི་གོང་མཐོར་བཏང་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་གསར་གཏོད་ཧུར་ཐག་བྱེད་དགོས། ཕུལ་བྱུང་གི་དམངས་ཁྲོད་དམངས་སྲོལ་རིག་གནས་དང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས། ཆོས་ལུགས་རིག་གནས་སོགས་དང་ཡུལ་སྐོར་ཐོན་རྫས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འདེགས་སྐྱོར་གྱི་ཆ་རྐྱེན་ལེགས་སུ་བཏང་སྟེ“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཅེས་པའི་གྲགས་རྟགས་བཏོད་དེ་ལོ་ཧྲིལ་པོར་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ཡན་ལ་སྣེ་ལེན་ཐུབ་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་370ཡན་ཟིན་ཐུབ་པ་བྱེད་དགོས། 

(གསུམ)དམངས་འཚོར་ཕན་འདོགས་པའི་ལས་དོན་ཏན་ཏིག་སྤེལ་དགོས།

8.དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། བོད་སྐྱོར་དབུལ་སྐྱོར་དང་གྲོང་ཁྱེར་གྲོང་རྡལ་ཅན་གསར་གྲས་འཛུགས་སྐྲུན་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་བཙུགས་ཐོག་དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། གནས་སྤོས་དབུལ་སྐྱོར་ཇེ་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་དང་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་སྤུས་ཚད་དམ་འཛིན་དང་མྱུར་ཚད་མགྱོགས་སུ་གཏོང་དགོས་ལ། སྒྲིལ་བཅོས་དམ་འཛིན་དང་ལེ་ལག་ཚང་སྒྲིག་ཡོང་བར་སྐུལ་འདེད་བཏང་ནས་གནས་སྤོ་ཐུབ་པ་དང་། བརྟན་གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས། དབུལ་སྐྱོར་བྱེད་རྒྱུ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ནད་གཞི་ཆེ་རིགས་འགན་བཅོལ། སྨན་བཅོས་རོགས་སྐྱོབ་ཀྱི་འགན་སྲུང་ལམ་སྲོལ་བཅས་དབར་སྦྲེལ་མཐུད་ཡག་པོ་བྱེད་དགོས། དབུལ་པོའི་མི་འབོར་ཁྲི་13དབུལ་སྒྲོལ་ཐུབ་པ་དང་། དབུལ་པོའི་རྫོང་(ཆུད)20ཡི་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ། གནས་སྤོས་དབུལ་སྐྱོར་མི་ཁྲི་16.3གནས་སྤོ་ཐུབ་པ་བཅས་བྱས་ཐོག དབུལ་པོའི་མང་ཚོགས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་16%ཡན་འཕར་བ་བྱེད་དགོས།

9.སྤྱི་ཚོགས་བྱ་གཞག་སྔོན་དུ་གོང་འཕེལ་གཏོང་དགོས། དམངས་འཚོའི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུར་ཤུགས་བརྒྱབ་སྟེ་སྒོར་དུང་ཕྱུར་300བཀོད་སྒྲིག་བྱས་ནས་ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་33ལག་བསྟར་བྱེད་རྒྱུ་དང་། འགན་བབས་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ་སྐད་གཉིས་བུ་བཅོལ་ཁང་གང་མགྱོགས་བསྐྲུན་རྒྱུ་དང་། འགན་བབས་སློབ་གསོའི་སློབ་གྲྭ་ཞན་སར་ཕྱོགས་ཡོངས་ནས་བསྒྱུར་བཀོད་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། ས་གནས་དང་གྲོང་ཁྱེར་གྱི་ཁྱད་ལྡན་འབྲིང་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་བྱེད་པར་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། ས་ཁད་མཐོ་བའི་སློབ་གྲྭར་དྲོད་གཏོང་ལས་གཞི་སྤེལ་རྒྱུ་བཅས་ཡིན། བདེ་ཐང་བོད་ལྗོངས་སྐྲུན་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ་དང་། ས་གནས(གྲོང་ཁྱེར)དང་རྫོང་(ཆུད)གི་སྨན་ཁང་ལ་མཐོ་གནོན་གསོ་རླུང་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། “ཚོགས་སྒྲིག་རྣམ་པའི”སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ཧུར་ཐག་སྤེལ་རྒྱུ་དང་། བོད་ཀྱི་དངོས་མང་བཤམས་སྟོན་ཁང་རྒྱ་བསྐྱེད་རྒྱས་སྐྲུན་བྱེད་རྒྱུ་ཡིན་ལ། རང་སྐྱོང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་དང་། ཟློས་གར་ཁང་ཆེན། མཛེས་རྩལ་ཁང་བཅས་བསྐྲུན་དགོས། རྒན་གསོའི་ཞབས་ཞུའི་མ་ལག་དང་བྱིས་པའི་ཕན་བདེའི་སྒྲིག་བཀོད་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།

10.འགན་སྲུང་གི་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་གང་ལེགས་བྱས་ནས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་རྒྱུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ལྷ་སའི་ཚན་རྩལ་གསོ་ཆས་གང་མགྱོགས་འཛུགས་ཐུབ་པ་བྱེད་རྒྱུ་དང་། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོར་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་གསར་པ་མི་ཁྲི་4.8མང་དུ་འགྲོ་ཐུབ་པ་བྱེད་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མིའི་ཐེངས་གྲངས་ཁྲི་110ཁ་སྒྱུར་ཐུབ་པ་བྱེད་དགོས། རྒན་གསོའི་ཞབས་ཞུའི་མ་ལག་དང་བྱིས་པའི་ཕན་བདེའི་སྒྲིག་བཀོད་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ནད་གཞི་ཆེ་རིགས་དང་ཚབས་ཆེའི་ནད་གཞི་སྨན་བཅོས་དང་མྱུར་སྐྱོབ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པར་འཚོ་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་འཕྲིན་གཏོང་ཆུ་ཚད་མཐོ་རུ་གཏོང་དགོས། ཐོན་གསར་གྲས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་“མཉམ་སྦྲེལ་དྲ་རྒྱ་+”ལས་གཞི་ལག་བསྟར་བྱེད་རྒྱུ་དང་། “4·25”ཡི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ལག་བསྟར་ཡག་པོ་བྱས་ནས་གནས་སྤོས་བཀོད་སྒྲིག་བྱས་པའི་མང་ཚོགས་རྣམས་གང་མགྱོགས་ཁྱིམ་གཞིས་གསར་པར་སྤོ་ཐུབ་པ་བྱེད་དགོས།

11.མཐའ་མཚམས་ས་ཁུལ་གྱི་གོང་འཕེལ་ལ་སྐུལ་སྤེལ་གང་མགྱོགས་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་འགོད་ཇུས་གཞིར་གཞིགས་ཏེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུའི་འཆར་འགོད་གང་མགྱོགས་བཟོ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི“ལེགས་གཏོང་ལས་གཞི་ཁག་བཅུ”ལ་གཙོ་གནད་དུ་དམིགས་ཏེ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཆ་དེ་རང་དུ་མཐའ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མི་འབོར་བལྟོས་བཅས་ཀྱིས་གཅིག་སྡུད་དང་འཕར་སྣོན་ཡོང་བ་བྱས་ཁར། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་སྲུང་སྲ་བརྟན་དུ་གཏོང་དགོས།

(བཞི)ལམ་བཤངས་གསར་གཏོད་ཀྱིས་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

12.མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་ཤུགས་རྒྱག་དགོས། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུའི་གཙོ་རྐང་དེར་སྟངས་འཛིན་གནད་འཁེལ་བྱས་ཏེ། ནུས་ལྡན་གྱི་མ་འཇོག་ལ་བརྟེན་ནས་འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ནུས་མེད་མཁོ་འདོན་ཉུང་དུ་གཏོང་རྒྱུ་དང་ནུས་ལྡན་མཁོ་འདོན་རྒྱ་ཆེར་བཏང་སྟེ་མཁོ་འདོན་གྱི་སྤུས་ཚད་ཡག་ཏུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་དང་། མཁོ་འདོན་གྱི་གྲུབ་ཆ་དེ་དགོས་མཁོའི་གྲུབ་ཆ་དང་འཚམ་མཐུན་ཡོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། མ་ལག་འཆར་འགོད་དང་སྤྱི་ཡོངས་ཀྱི་ཇུས་འགོད་མཐའ་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་དགོས། གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ་དང་། ཤེས་ལྡན་པའི་འདེགས་སྐྱོར་སོགས་ཐད་ཀྱི་ཆད་སྐྱོན་གང་ཐུབ་སེལ་དགོས།

13.གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། སྲིད་གཞུང་གི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུ་དང་། ལྷུག་གློད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་དབང་ཆའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་འཐུས་ཚང་དང་ཚད་ལྡན་བཟོ་དགོས། གོ་རིམ་ལྡན་པའི་ངང་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལག་བསྟར་བྱེད་རྒྱུ་དང་། ལྷུག་གློད་དང་། དོ་དམ། ཞབས་ཞུ་བཅས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཁར། ལས་ཀའི་ཁྲོད་དང་ལས་ཀའི་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་ཐོག་ནས་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་སྤེལ་དང་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བའི་གསོན་ཤུགས་འདོན་སྤེལ་བྱས་ཁར། ཁྲོམ་རའི་གཙོ་རྐང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ནོར་ཁྲལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ནོར་སྲིད་ཀྱི་དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་ལོགས་དབྱེའི་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་དཔྱ་ཁྲལ་གྱི་མ་ལག་འཛུགས་རྒྱུ་འཐུས་ལེགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ས་ཆ་མཉམ་སྡེབ་ལ་བདག་དབང་གཏན་འཁེལ་གྱི་སྒྱུར་བཅོས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚོད་ལྟ་སྤེལ་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་ཁྱད་ལྡན་གྲོང་ཁྱེར་གྲོང་རྡལ་ཆུང་གྲས་བསྐྲུན་རྒྱུ་མ་ཟད། གྲོང་ཁྱེར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཀྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་ལས་ཐད་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ལས་ཀྱི་འགྲོ་ལམ་དང་། འཚོ་བའི་བཙོག་ཆུ། གད་སྙིགས་གནོད་མེད་ཅན་དུ་གཙང་གསིང་བཟོ་བ་བཅས་ཀྱི་སྒྲིག་བཀོད་འཐུས་ལེགས་སུ་གཏོང་རྒྱུ་དང་། ས་འོག་སྦུག་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དུ་ས་འོག་ཕྱོགས་བསྡུས་ཀྱི་མདོང་ལམ་ཁྱམས་རིང་སྐྲུན་ཁར། གྲོང་ཁྱེར་གྲོང་རྡལ་གྱི་ཆུ་བཤངས་ཞོད་འགོག་གི་ལས་གྲྭ་འཛུགས་སྐྲུན་བྱེད་དགོས།

14.མ་དངུལ་བསྡུ་གཏོང་ལམ་སྲོལ་གསར་གཏོད་བྱེད་དགོས། གསོག་ཐེབས་ཕན་སྒྱུར་དང་ཆེད་དངུལ་སྒྲིལ་སྤྱོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100གྲབས་གསོག་བྱས་ནས་སྲིད་གཞུང་གི་ཐེབས་རྩ་བཙུགས་ཐོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུ་གོང་འཕེལ། འབྱུང་འཕྲོད་གོང་འཕེལ། ཐོན་ལས་གོང་འཕེལ་བཅས་ཀྱི་ཐེབས་རྩ་ཨ་མ་བཞི་ལ་དབྱེ་ནས་སྲིད་གཞུང་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་ཕན་འབྲས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་འཇོག་བསྡུ་འགུག་དང་ནུས་ལྡན་མ་འཇོག་རྒྱ་ཆེར་བཏང་ཐོག《བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལག་བསྟར་བསམ་འཆར》འདོན་དགོས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་མ་རྩ་ཁྲོམ་ར་ཅན་དུ་འཁོར་རྒྱུག་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་རྣམ་གྲངས་PPPཡི་གྲབས་མཛོད་འཛུགས་རྒྱུ་དང་། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས། བོད་སྐྱོར་མ་དངུལ་འབྲེལ་མཐུད་དོན་འཁྱོལ་བྱས་ཁར། རྒྱལ་ཁབ་དང་། དམངས་ཁྲོད། བོད་སྐྱོར་བཅས་ཀྱི་མ་འཇོག་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་གསབ་རེས་བྱེད་པའི་མ་འཇོག་གི་རྣམ་པ་ཞིག་ཆགས་པ་བྱེད་རྒྱུ་དང་། “དངུལ་རྩས་རྒྱབ་སྐུལ”བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། ཞིང་འབྲེལ་སོགས་གཙོ་གནད་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལོ་མཇུག་ཏུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་3600ལས་བརྒལ་བའི་བརྩོན་ལེན་བྱས་ཏེ་20%ཡན་འཕར་བ་བྱེད་རྒྱུ། ཁྲོམ་འགྲེམས་བྱེད་རྩིས་ཡོད་པའི་ཁེ་ལས་སྐྱོང་སྤེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་3ནས་5བར་ཁྲོམ་འགྲེམས་ཐུབ་པ་བྱེད་རྒྱུ་དང་མ་དངུལ་བསྡུ་རྒྱུག་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་རྒྱུན་མཐུད་མ་དངུལ་བསྡུ་རྒྱུག་གི་འཕེལ་ནུས་ཆག་པ་བྱེད་རྒྱུ་མ་ཟད། ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ནས་ཁྲོམ་འགྲེམས་མ་དངུལ་བསྡུ་རྒྱུག་བྱེད་པར་རོགས་རམ་བྱེད་དགོས། ཁེ་ལས་ནས་ཁེ་ལས་ཀྱི་བུ་ལོན་གཏོང་འགྲེམས་དང་དངུལ་རྩ་མིན་པའི་ཁེ་ལས་ཀྱི་བུ་ལོན་མ་དངུལ་བསྡུ་རྒྱུག་བྱེད་ཆས་ཀྱི་གྲབས་གསོག་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། བོད་ལྗོངས་གསར་སྤེལ་མ་འཇོག་ནས་རང་ལྗོངས་ཀྱི་འབྱུང་འཕྲོད་བུ་ལོན་ཐོག་མར་གཏོང་སྤྲོད་བྱེད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཐོག ཁེ་ལས་ཀྱི་ཐད་ཀའི་མ་དངུལ་བསྡུ་རྒྱུག་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་ཐད་ཀའི་མ་དངུལ་བསྡུ་རྒྱུག་གི་བསྡུར་ཚད་མཐོ་རུ་གཏོང་དགོས།

15.ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ཧེ་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་བསྐྲུན་རྒྱུའི་ནང་ཞུགས་རྒྱུ་དང་། ལྷོ་ཨེ་ཤེ་ཡར་ཁ་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུར་དམིགས་ཏེ། ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་དང་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་གང་མགྱོགས་བྱས་ཁར། གཞིས་རྩེ་ནས་སྐྱིད་རོང་འགག་སྒོའི་བར་དང་གཞིས་རྩེ་ནས་གྲོ་མོ་འགག་སྒོ་བར་གྱི་ལྕགས་ལམ་བསྐྲུན་རྒྱུའི་སྔོན་གྲབས་ལས་ཀར་སྐུལ་སྤེལ་གཏོང་རྒྱུ་དང་། ནེ་པ་ལའི་དབར་གློག་ཤུགས་དང་། སྣུམ་རླངས་མདོང་ལམ། དེ་བཞིན་འོད་འཆུན་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། སྐྱིད་རོང་འགག་སྒོའི་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་གང་མགྱོགས་སྐྲུན་དགོས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་དང་སྒྲིག་ཆས“ཕྱིར་གཏོང་”བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས། ཆ་རྐྱེན་ཡོད་པའི་བོད་ཀྱི་ཁེ་ལས་རིགས་ནེ་པ་ལ་དང་རྒྱ་གར་སོགས་ཉེ་འཁོར་རྒྱལ་ཁབ་དུ་སོང་ནས་ཐོན་ནུས་དང་མ་འཇོག་མཉམ་ལས་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས།

16.ཁ་གཏད་བོད་སྐྱོར་གྱི་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དཔལ་འབྱོར་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ཚན་རྩལ་བོད་སྐྱོར། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་སོགས་བོད་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་སྐྱོར་བྱེད་པའི་ཞིབ་དཔྱད་སྐུལ་ལྕག་ལམ་སྲོལ་བཙུགས་ནས་ཁེ་ལས་བོད་སྐྱོར་གྱི་ཧུར་སེམས་དང་རང་འགུལ་བྱེད་སེམས་ཆེ་རུ་གཏོང་རྒྱུ་དང་། བོད་སྐྱོར་མ་དངུལ་དང་རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས། ཞིང་ཆེན(གྲོང་ཁྱེར)ཁག་གིས“ལོ་ལྔ་ཚན་བཅུ་གསུམ་པའི”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། “ཀྲུང་དབྱང་ཁེ་ལས་བོད་དུ་འཛུལ་ཞུགས་བྱེད་པའི”ལས་ཀར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ་དང་། སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཐོག རྣམ་གྲངས་མ་དངུལ་གྱི་གན་འཇོག་བྱས་འབྲས་སྲ་བརྟན་དུ་བཏང་ནས་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གན་འཇོག་བྱས་འབྲས་ལ་རྗེས་འདེད་ཧུར་ཐག་གཏོང་དགོས། གཙོ་གནད་མཉམ་ལས་རྣམ་གྲངས་ཀྱི་སྐུལ་སྤེལ་ལམ་སྲོལ་བཙུགས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག གན་འཇོག་རྣམ་གྲངས་ཁག་ནུས་ལྡན་དོན་སྨིན་ཐུབ་རྒྱུར་འགན་ལེན་བྱེད་དགོས།

(ལྔ)རྒྱུན་སྲིང་ལྷོད་མེད་ཀྱིས་མཐའ་ཚད་སྲུང་དགོས།

17. འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། 《རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་རྒྱུར་ཤུགས་བརྒྱབ་ནས་འབྱུང་ཁམས་ཤེས་དཔལ་དར་སྤེལ་གཏོང་བར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུའི་དམར་ཐིག་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ཚན་རིག་དང་མཐུན་པའི་དབྱེ་འབྱེད་བྱེད་རྒྱུ་དང་སྦྲགས། དམ་བཟུང་བྱས་ཏེ་གཙང་ཆུའི་ཆུ་འགོའི་ཁུལ་དང་། རྨོ་ཞིང་། རྩྭ་ཐང་། རྒྱུག་ཆུ། མཚེའུ། གཤེར་ས། རང་བྱུང་ནགས་ཚལ། ཆུའི་འབྱུང་ཁམས་བཅས་དང་། ས་གཤིས་རྗེས་ཤུལ་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་འབྱུང་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས། འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་། འཛུགས་སྐྲུན་འཆར་འགོད། “ཆུ་བོ་གཉིས་དང་གཙང་པོ་བཞིའི”ནགས་བཟོ་སྔོ་སྒྱུར་ལས་གཞི་བཅས་གང་མགྱོགས་ལག་བསྟར་བྱེད་རྒྱུ་དང་། འབྱུང་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུའི་ལས་དོན་ལེགས་པར་བསྒྲུབ་དགོས། ད་ཡོད་ཁེ་ལས་ཀྱི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་བེད་མེད་དུ་སྐྱུར་བའི་གཏེར་རི་དང་གསར་སྦོལ་བྱས་ཟིན་པའི་རྩྭ་ཐང་། གཤེར་ས་བཅས་ཀྱི་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འབྱུང་འཕྲོད་ཐཱན་ཉུང་གི་རྒྱུན་འཁོར་གོང་འཕེལ་ལ་སྐུལ་སྤེལ་བཏང་སྟེ། གཙོ་བོའི་སྦགས་བཙོག་དངོས་རིགས་དང་། ཐཱན་འབུད་གཏོང་གི་སྤྱི་འབོར། རྩིས་གཞིའི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཟད་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱེད་དགོས། ལྗོངས་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་ཐཱན་འབུད་གཏོང་དབང་ཆ་བརྗེ་ཚོང་བྱེད་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་དགོས། 

18. བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་དགོས། 《བདེ་འཇགས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ཀྱི་སྐོར་ཞིབ་དང་ལེན་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། རྒྱ་ལམ་འགྲིམ་འགྲུལ་དང་། ཨར་སྐྲུན་ལས་ཡུལ། བཟོ་གཏེར་ཚོང་དོན། བཟའ་བཅའ་སྨན་རྫས། དེ་བཞིན་མེ་ཟོན་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཐོག ཚབས་ཆེ་དང་ཚབས་ཤིན་ཏུ་ཆེ་བའི་ལས་འཛོལ་ཐོན་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་བྱེད་རྒྱུ་མཐའ་འཁྱོངས་དང་ཁྲིམས་ལྟར་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ“མི་ཐོན་པ་གསུམ”འགན་ལེན་བྱེད་དགོས། 

(དྲུག)དོན་འཁྱོལ་ཐུབ་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་དགོས། 

19. དཔལ་འབྱོར་འཁོར་རྒྱུག་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་དང་། གལ་ཆེའི་ཐོན་ལས་ཀྱི་ཁྱབ་བཀོད། མ་དངུལ་བསྡུ་གཏོང་གསར་གཏོད་བྱེད་རྒྱུ་སོགས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་དཔལ་འབྱོར་འཁོར་རྒྱུག་བྱེད་རྒྱུའི་མཉམ་འབྲེལ་ཚོགས་འདུའི་ནུས་པ་འདོན་སྤེལ་གང་ལེགས་དང་། སྡེ་ཚན་གྱིས་མཉམ་འགུལ་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། འགུལ་ཕྱོགས་ལྟ་ཞིབ་དང་ཕྱོགས་བསྡུས་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། དཔལ་འབྱོར་འཕེལ་ཕྱོགས་ལ་ཚོད་དཔག་གནད་འཁེལ་བྱས་ཏེ་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་གྲོས་འཆར་འདོན་རྒྱུ་དང་། གལ་ཆེའི་དངོས་ཟོག་གྲབས་གསོག་ལམ་ལུགས་འཐུས་སྒོ་ཚང་དུ་གང་ལེགས་བཏང་ནས་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་དགོས་བཅས་འབྲེལ་མཐུད་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། གཙོ་གནད་ས་ཁུལ་དང་གཙོ་གནད་དུས་མཚམས་སུ་དངོས་ཟོག་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། སྲིད་གཞུང་དང་ཁྲོམ་ར་ཕྱོགས་གཉིས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག དགོས་གཏུག་ཆེ་བའི་གཙོ་རྒྱུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། 20. རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་གང་མགྱོགས་སྤེལ་ཏེ། སྤྱིའི་མ་འཇོག་སྒོར་དུང་ཕྱུར་10མན་གྱི་རྣམ་གྲངས་རིགས་ཀྱི་སྔོན་གྲབས་ལས་ཀ་དེ་2017ལོའི་ལོ་སྟོད་ནང་ཚང་མ་ཚར་བ་བྱེད་རྒྱུ་དང་། དེ་འཕྲོས་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་དེ་2018ལོར་ཡོངས་རྫོགས་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། རྣམ་གྲངས་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་ལས་ཀ་ཧུར་ཐག་བྱེད་པ་དང་། གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གང་ཆེ་བཏང་སྟེ་ལྷ་ས་ནས་ཉིང་ཁྲི་བར་དང་། གཞིས་རྩེའི་གནམ་ཐང་ནས་བསམ་གྲུབ་རྩེ་ཆུད་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་སྐྲུན་ཐུབ་པ་བྱེད་དགོས། ནག་ཆུ་ནས་ལྷ་ས་བར་དང་། ཆབ་མདོ་ནས་སྤོམ་མདའ་གནམ་ཐང་བར། ཆབ་མདོ་ནས་སྡེ་དགེ་བར། ཆབ་མདོ་ནས་འགུ་རུ་བཅས་བར་གྱི་རིམ་མཐོའི་གཞུང་ལམ་དང་། དེ་བཞིན་ས་དགའ་ནས་སྣང་རྫོང་བར་དང་། སྤོ་མེས་ནས་མེ་ཏོག་བར། འཕྱོངས་རྒྱས་ནས་མཚོ་སྣ་བར། སེང་གེ་ཁ་འབབ་ནས་སྤུ་ཧྲེང་བར(རྩྭ་མདའི་ཡན་ལག་གཞུང་ལམ་ཚུད)སོགས་ཀྱི་གཞུང་ལམ་ལས་གྲྭ་ལས་འགོ་འཛུགས་རྒྱུར་སྐུལ་སྤེལ་གང་ཆེ་གཏོང་དགོས། ལྷ་ཉིང་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱི་ནུས་པ་ཆེར་གཏོང་བསྒྱུར་བཀོད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་བཏང་ནས་ཁྲོན་བོད་ལྕགས་ལམ་གྱི་ཉིང་ཁྲི་ནས་ཆབ་མདོ་བརྒྱུད་གཡག་རྔའི་དུམ་མཚམས་བར་གྱི་སྔོན་གྲབས་ལས་ཀར་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། གོང་དཀར་གནམ་ཐང་གི་མཁའ་ཚུགས་ཁུལ་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་དང་འཕྲལ་མཁོའི་རོགས་སྐྱོབ་ལས་གཞི་ལག་བསྟར་བྱེད་དགོས། ཨ་ཆེན་དང་། ཡེར་པ་ཐང་། ཝ་ཐོག གསེར་ཟམ་བཅས་ཀྱི་ཆུ་ཤུགས་གློག་ཁང་སྐྲུན་འགོ་འཛུགས་རྒྱུ་དང་། མཁར་སྒང་དང་འཇོ་མདའི་ཆུ་ཤུགས་གློག་ཁང་སྐྲུན་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས། བོད་དབུས་རྒྱུད་དང་ཆབ་མདོའི་གློག་དྲ་སྦྲེལ་མཐུད་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས་གློག་དྲ་གཙོ་བོའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་དང་། ལྷ་ཉིང་ལྕགས་ལམ་གྱི་གློག་འདོན་ལས་གྲྭར་སྐུལ་སྤེལ་བཏང་ནས་དུས་ཐེངས་གསར་པའི་གྲོང་གསེབ་ཀྱི་གློག་དྲ་བཟོ་བཅོས་རིམ་སྤོར་ལེགས་སྒྲུབ་ཐུབ་པ་བྱེད་དགོས། གོར་མོ་ནས་ལྷ་ས་བར་གྱི་རླངས་འདྲེན་མདོང་ལམ་དང་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་བཟོ་བཅོས་རྒྱ་སྐྱེད་བྱེད་དགོས། མངའ་རིས་ཀྱི་གློག་དྲ་མཉམ་སྦྲེལ་ལས་གྲྭའི་སྔོན་གྲབས་ལས་ཀ་བཅས་སྤེལ་མགྱོགས་སུ་གཏོང་རྒྱུ་དང་། ཤངས་ཆུ་དང་རྫོང་ཐང་ཁའི་ཆུ་བེད་ལྟེ་གནས་དང་གྲོ་ཡུལ་སོགས་ཀྱི་ཆུ་མཛོད་འབྲིང་གྲས་བཞིའི་ལས་གྲྭ་སྐྲུན་འགོ་འཛུགས་ཐུབ་པ་བྱེད་དགོས། གློག་རྡུལ་སྲིད་དོན་དང་དྲ་ཆེན་གྲོང་ཚོར་འཁྲིད་གཏོང་བྱེད་པའི་ལས་གཞི་ཕྱོགས་ཡོངས་ནས་སྤེལ་རྒྱུ་དང་། ཤང་གྲོང་གི་སྦྲག་ལས་ཞབས་ཞུའི་དྲ་ཚུགས་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོར་སྒུལ་འཕྲིན་དྲ་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས། “གསང་སྤྱོད་གསར་བརྗེ”བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་གང་ཆེ་རྒྱག་རྒྱུ་དང་། མཐའ་མཚམས་ཡུལ་མིའི་སྡོད་ཁང་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཐོག ས་ཁད་མཐོ་བའི་རྫོང་གྲོང་གི་དྲོད་གཏོང་ལས་གཞི་ཧུར་ཐག་སྤེལ་དགོས། གཙོ་གནད་རྣམ་གྲངས་ལ་མཐུན་སྦྱོར་ཡག་པོ་བྱེད་རྒྱུ་དང་། རྒྱུན་གཏན་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་བྱས་ཁར། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་བསྐྲུན་རྒྱུའི་བཀོད་གཏོང་ཚོགས་འདུ་སྐབས་བསྟུན་ཐོག་སྐོང་ཚོགས་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་དང་། དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ཞིབ་བཤེར་བཅོས་སྒྲིག་གི་བསམ་འཆར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

21. ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཐོང་ཆེན་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་བུ་ལོན་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོ་རྒྱུ་དང་། སྲིད་གཞུང་གིས་བུ་ལོན་གཡར་བ་དང་། སྤྱོད་པ། བུན་འཇལ་བཅས་བྱེད་རྒྱུ་ཕན་ཚུན་གཅིག་གྱུར་ཡིན་པའི་བུན་འཇལ་དོ་དམ་ལམ་སྲོལ་བཙུགས་ཏེ་སྲིད་གཞུང་བུ་ལོན་གྱི་ཉེན་བརྡ་གཏོང་སྲོལ་འཐུས་ཚང་དུ་གཏོང་དགོས། རྫོང་ཁོངས་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲེལ་དངུལ་བུན་མང་དུ་བཏང་བར་བྱ་དགའ་སྤྲོད་པ་དང་གྲོང་གསེབ་དངུལ་རྩའི་ལས་ཁུངས་ལ་དམིགས་གཏན་འགྲོ་གྲོན་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་བུན་གཡར་ཉེན་ཁར་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། དངུལ་རྩའི་ཉེན་ཁར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱུན་འཁོར་རང་བཞིན་གྱི་ཉེན་ཁ་དང་། དངུལ་རྩའི་ཐོན་རྫས་བརྗེ་རེས་ཉེན་ཁ། བཀོལ་སྤྱོད་ཉེན་ཁ། ཁྲིམས་འགལ་མ་རྩ་བསྡུ་རུབ་བྱེད་པའི་ཉེན་ཁ་བཅས་ལ་དོགས་ཟོན་ནན་པོ་བྱས་ཁར། P2Pདྲ་རྒྱའི་བུན་གཡར་ཉེན་ཁར་ཆེད་དམིགས་བཅོས་སྐྱོང་བྱེད་རྒྱུའི་ལས་ཀ་བརྟན་པོའི་སྒོ་ནས་བསྒྲུབ་དགོས། 

22. གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་ཟམ་མི་ཆད་པར་གཏོང་དགོས། མཁྲེགས་ཆས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག ནང་དངོས་ཀྱི་ཁོར་ཡུག་མཐུན་རྐྱེན་ལེགས་བཅོས་དང་གོང་འཕེལ་ཤུགས་ཆེ་བཏང་སྟེ་ཚོང་དང་མ་རྩ་འདྲེན་འགུག་བྱེད་པའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རང་ལྗོངས་ཀྱི་འཛུགས་སྐྲུན་ཐད་མ་རྩ་དེ་བས་མང་བ་འདྲེན་འགུགས་བྱེད་རྒྱུ་དང་། མིག་སྔའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིམ་ཁྲོད་གནས་པའི་ལས་ཀར་བཀག་འགོག་བྱེད་པ་དང་ལས་ཪྙོག་བཟོ་བ། བཙན་ཤེད་ཀྱི་ཉོ་འཚོང་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་ཤུགས་ཆེར་གཏོང་དགོས་པ་དང་། ཁོར་ཡུག་འཛུགས་སྐྱོང་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱས་ནས་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིམ་ཁྲོད་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། དགོས་པའི་ལས་མི་བྱེད་པ་དང་། ལས་ཀ་བྱེད་འགོར་བ། ལས་རྙོག་བཟོ་བ་བཅས་ཀྱི་སྣང་ཚུལ་རིགས་མཐའ་གཅིག་ཏུ་རྩད་བཤེར་ཐག་གཅོད་བྱས་ཐོག ཏན་ཏིག་ངང་དམངས་འཚོ་འགན་སྲུང་ཡག་པོ་དང་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ནས་ཞི་མཐུན་བརྟན་ལྷིང་གི་གོང་འཕེལ་གི་ཁོར་ཡུག་ཞིག་གཏོད་རྒྱུ་བཅས་ཡིན། 

འཐུས་མི་རྣམ་པ། 2017ལོ་ནི་ཕྱོགས་ཡོངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པ་དང་། དུས་བཀག་ལྟར་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་འགག་རྩའི་ལོ་ཞིག་ཡིན་ལ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག འདེགས་སྐྱོར་ཤུགས་ཆེ། དམངས་འཚོར་ཕན་སྦྱར། ཆད་སྐྱོན་སེལ་བ། བསྒྱུར་བཅོས་ལ་སྐུལ་འདེད། མཐའ་ཚད་སྲུང་བ། ཉེན་ཁར་འགོག་ཟོན་བཅས་བྱེད་རྒྱུ་མངོན་ཆེར་བཟུང་སྟེ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཡོངས་སུ་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱས་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།