བོད་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་ལས་བརྩོན་ཕྱུག་འགྱུར་གྱི་ཐབས་ལམ་བརྒྱད།

378.jpg

2015ལོའི་ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག ཀྲུང་གོའི་དབུལ་སྐྱོར་འགག་སྒྲོལ་ལས་ཀར་གནད་སྨིན་དབུལ་སྐྱོར་གྱི་ཇུས་གཞི་ལག་བསྟར་དང་། དབུལ་སྐྱོར་མ་དངུལ་ཇེ་མང་དང་གཟིགས་སྐྱོང་སྲིད་ཇུས་བྱེད་ཐབས་བཏོན་ཞིང་། ཀྲུང་གོའི་ལམ་ལུགས་ཀྱི་བཟང་ཆ་རྒྱུན་འཁྱོངས་དང་གནད་སྨིན་དྲུག་དོ་སྣང་བྱེད་པ། རིགས་དབྱེ་སྒོ་ནས་ཐབས་ཇུས་འདོན་པ་དང་། མི་དང་ས་གནས་ལ་བརྟེན་ནས་ཐབས་ཇུས་འདོན་པ། དབུལ་ཕོངས་རྒྱུ་རྐྱེན་ལ་བརྟེན་ནས་ཐབས་ཇུས་འདོན་པ། དབུལ་ཕོངས་རིགས་སྣ་ལ་བརྟེན་ནས་ཐབས་ཇུས་འདོན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པར་བསྟན། ཏང་དང་རྒྱལ་ཁབ་ཀྱིས་གནད་སྨིན་དབུལ་སྐྱོར་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གཡུལ་འཐབ་འགག་རྩ་ཅན་ཞིག་ཏུ་ངོས་འཛིན་བྱས།ཐེངས་འདིའི་ལེ་ཚན་དུ་བོད་ཁུལ་དུ་ཅི་ལྟར་གནད་སྨིན་དབུལ་སྐྱོར་དང་ཧུར་བརྩོན་གྱིས་དབུལ་གྲོལ་ཕྱུག་འགྱུར་ཡོང་བའི་གནད་དོན་ལ་བྱེད་ཐབས་བརྒྱད་བཏོན་ཡོད།

ཀྲུང་དབྱང་གིས་གཅིག་གྱུར་དང་ཞིང་ཆེན་ས་ཁོངས་ཀྱིས་སྤྱིའི་འགན་ཁུར་བ།ཁུལ་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་ཏུ་བསྟར་དགོས།

སྤྱི་ལེ་གྲུ་བཞི་མ་ཁྲི250ཡོད་པའི་བོད་ཁུལ་དུ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ལོ་རྒྱུས། འགྲིམ་འགྲུལ་ཆ་རྐྱེན། དེ་མིན་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་སོགས་རྒྱུ་རྐྱེན་གང་མང་གིས་དབུལ་ཕོངས་དུད་ཚང་གི་མི་འབོར་ཅུང་མང་ཞིང་། དབུལ་ཕོངས་ས་ཁོངས་རྒྱ་ཁྱོན་ཆེ་ཞིང་ཁ་འཐོར་ཡིན་པ་དང་། དབུལ་ཕོངས་ཚད་རིམ་ཅུང་ཚབས་ཆེ་བ། དབུལ་སྐྱོར་ལས་འགན་ལྕི་བར་མ་ཟད་ས་ཁོངས་འཕེལ་རྒྱས་ཀྱི་འཇུར་མིག་གི་ཚོད་འཛིན་ལས་གཏོང་གྲོལ་དང་གནད་དུ་འཁེལ་བའི་ངོས་འཛིན་དཀའ་ཁག་ཆེ་བ།  དབུལ་ཕོངས་མང་ཚོགས་ཀྱི་ཤུགས་སྐྱེད་ནུས་པ་ཞན་པ། གནད་སྨིན་དོ་དམ་དཀའ་ཁག་ཆེ་བ། དབུལ་སྐྱོར་དངུལ་འཇོག་གི་དགོས་མཁོ་ཚད་ཆེ་བ། དབུལ་གྲོལ་ནུས་ཕན་གྱི་དུས་ཡུན་རིང་བ་བཅས་གོང་གི་གནད་དོན་བདུན་ནི་བོད་ཁུལ་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་དཀའ་ཁག་དང་ས་ཁོངས་ཀྱི་ཁྱད་ཆོས་ཡིན་ཏེ། བོད་ཁུལ་གནད་སྨིན་དབུལ་སྐྱོར་ལ་ཀྲུང་དབྱང་གིས་གཅིག་གྱུར་དང་ཞིང་ཆེན་ས་ཁོངས་ཀྱིས་སྤྱིའི་འགན་ཁུར་བ། ཁུལ་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་དོ་དམ་སྒྲིག་སྲོལ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཇུས་གཞི་དང་དམ་ཟབ་སྦྲེལ་དགོས།

375.jpg

བོད་མི་རིགས་ཀྱི་གཤིས་སུ་གྲུབ་པའི་དཀའ་སྤྱད་སྡུག་རུས་དང་། བློ་བརྟན་འགྱུར་མེད། བློ་རིག་ལྡན་ལ་དཔའ་ངར་ཆེ་བའི་སྙིང་སྟོབས་དར་སྤེལ་བྱ་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་སེམས་ཀྱི་རྟེན་ས་དང་ནང་གི་སྒུལ་ཤུགས་ཡིན།

བོད་མི་རིགས་འཚོ་སྡོད་ཀྱི་ཁོར་ཡུག་ཐབས་རྡུགས་ཤིང་། དངོས་པོའི་ཐོན་ཁུངས་ཉམ་ང་ལ། ནམ་ཟླ་གྲང་ངར་ཆེ་བའི་འཛམ་གླིང་གི་སྒལ་ཚིགས་སྟེ་མདོ་དབུས་མཐོ་སྒང་དུ་གནས་ཡོད།  ཡིན་ན་ཡང་རླབས་ཆེ་བའི་བོད་མི་རིགས་ཀྱི་བསིལ་ལྡན་ཁ་བའི་ལྗོངས་འདི་ནས་མཚར་སྡུག་གི་དངོས་པོའི་དཔལ་ཡོན་དང་གཏིང་དཔག་དཀའ་པའི་བསམ་པའི་དཔལ་ཡོན་གསར་གཏོད་བྱས་ཡོད། འདི་ནི་བོད་མི་རིགས་ལས་ལ་བརྩོན་ཞིང་བློ་རིག་ལྡན་ཞིང་དཔའ་ངར་དང་སྤོབས་པ་ཆེ་བ་ལས་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་དང་སྔོན་ཐོན་རིག་གནས་འདི་འདྲ་བྱུང་བ་ཡིན་ལ། མི་རིགས་འདིར་གདོད་མ་ནས་བཟུང་དཀའ་སྤྱད་སྡུག་རུས་དང་འབད་པ་ལྷོད་མེད། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལྡན།  ང་ཚོའི་རིགས་མཐུན་སྤུན་ཟླ་སུས་ཀྱང་བློ་བརྟན་འགྱུར་མེད་སྒོས་སྙིང་སྟོབས་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོ་དབུལ་ཕོངས་ལས་རྒྱལ་བ་དང་དབུལ་གྲོལ་ཕྱུག་འགྱུར་བྱ་བཞག་གི་སེམས་ཀྱི་རྟེན་ས་དང་ནང་གི་སྒུལ་ཤུགས་ཡིན།

ཏང་དང་རྒྱལ་ཁབ་ཀྱིས་སྤེལ་བའི་དམངས་ཕན་སྲིད་ཇུས་གཅེས་སྤྲས་དང་དམ་འཛིན་བྱེད་པ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་མཐུན་རྐྱེན་མཆོག་གྱུར་ཡིན།

ལོ་ངོ་སྟོང་ཕྲག་རིང་ཞིང་པས་སོ་ནམ་ལས་ཞིང་ཁྲལ་འཇལ་རྒྱུ་ནི་འདས་པའི་ལོ་རྒྱུས་སུ་གྱུར་ཡོད་ལ།  དེ་ལས་ལྡོག་སྟེ་སོ་ནམ་དང་ཕྱུགས་ཟོག་འཚོ་སྐྱོང་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད། ད་དུང་ས་ཁུལ་གྱི་ཁྱད་ཐོན་དངོས་རྫས་ཐོན་སྐྱེད་དང་ཁྱད་ཐོན་དཔལ་འབྱོར་བརྩོན་ལེན་བྱས་ན་དེ་བས་རོགས་སྐྱོར་བྱེད་བཞིན་ཡོད། ད་ལྟ་ཁྱིམ་གྱི་སྒོ་ཁར་ཨར་འདམ་གྱི་ལམ་བཟོས་ཡོད་ལ། འཐུང་ཆུ་དང་གློག འཕྲིན་གཏོང་དྲ་རྒྱ་སོགས་ཁྱིམ་དུ་འཐེན་ཡོད་པས། སྔོན་ཆད་ལྟར་རི་འགོར་བུད་ཅིང་འཐུ་བར་འགྲོ་མི་དགོས་ལ། ཆུ་ཁུར་ཏུ་འགྲོ་མི་དགོས། དེ་བས་ཀྱང་སྒྲོན་མེའི་འོད་ལ་བརྟེན་མི་དགོས། དངོས་ཟོག་སྐྱེལ་འདྲེན་ཡང་ཁལ་མར་འགེལ་བཞིན་མེད། ཆ་འཕྲིན་བརྒྱུད་སྐུར་ཡང་སྔོན་གྱི་འཕྲིན་ཡིག་དང་སྐད་སྐུར་ལ་རེ་མི་དགོས་པས།   འཕེལ་རྒྱས་དང་འགྱུར་ལྡོག་འདི་འདྲ་བྱུང་བ་ལས་ང་ཚོས་ཏང་དང་རྒྱལ་ཁབ་ཀྱིས་ལག་བསྟར་གནང་བའི་དམངས་ཕན་སྲིད་ཇུས་དམ་འཛིན་དང་གཅེས་སྤྲས་བྱེད་དགོས། ང་ཚོས་རང་ཉིད་ནས་མགོ་བརྩམས་སྟེ། ང་རང་དབུལ་ཕོངས་ལས་ཐར་དགོས། ང་རང་ཕྱུག་པོར་འགྱུར་དགོས་སྙམ་པའི་རང་སྟོབས་ཀྱི་ནུས་པ་བསྐྱེད་བསྲིང་བྱས་ནས་ལས་ལ་བརྩོན་ཞིང་བློ་རིག་པས་དཔྱད་ནས་མ་རྩ་བཏང་འཇོག་བྱས་ན་དབུལ་གྲོལ་ཕྱུག་འགྱུར་མངོན་འགྱུར་བྱེད་ཐུབ།

མི་རིགས་ཀྱི་བཙན་གནོན་ཉམ་སྐྱོར་དང་བདག་པོས་གཞན་གཅེས། ཕན་ཚུན་རོགས་རམ་བྱེད་པའི་ཁྱད་འཕགས་སྲོལ་རྒྱུན་དར་སྤེལ་བྱས་ཏེ། དབུལ་པོའི་ཁྱིམ་ཚང་དག་ལ་ཁྱིམ་མཚེས་གཡས་གཡོན་གྱིས་དྲོད་ཁོལ་དང་བརྩེ་སེམས་སྦྱིན་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་སེམས་ཀྱི་རྟེན་ས་ཡིན།

376.jpg

བོད་ཀྱི་རིག་གནས་ནི་བྱམས་སྙིང་རྗེ་ལྡན་ཞིང་བློ་གྲོས་ཀྱིས་ཁེངས་པའི་རིག་གནས་ཤིག་ཡིན་ལ། བརྩེ་སེམས་སྦྱིན་པ་དང་རྒྱུད་ལ་སྙིང་རྗེ་ལྡན་པ། མ་གྱུར་སེམས་ཅན་ཐམས་ཅད་ཕན་པར་འདོད་པ་ནི་རིག་གནས་ཉིང་བཅུད་ཞིག་ཏུ་གྲུབ་ཡོད།  ནམ་རྒྱུན་མི་དང་མིའི་བར་ཕན་ཚུན་ཐུགས་ཁུར་དང་བྱམས་སྐྱོང་། རོགས་རམ། བཟོད་སྒོམ། བག་ཡོད། གུད་སྐྱོབ། མཛའ་བརྩེ་བཅས་ལྡན་དགོས་ལ། མི་དང་མིའི་བར་གྱི་ཕྲག་དོག་དང་། དོགས་ཚོམ། འགྲིག་ཆགས་དཀའ་བ། རྩོད་པ། ཧམ་སེམས། མགོ་སྐོར་སོགས་ལ་དགག་པ་ཆེན་པོ་རྒྱག་བཞིན་ཡོད། བོད་ཀྱི་ཁ་དཔེར་ནོར་སྦྱིན་པ་ཉིད་ཀྱི་བསོད་ནམས་ཡིན། རྒྱུ་རྐུན་ལ་ཤོར་ན་ངོ་ཚ་ཡིན་ཞེས་པ་ལྟར།  ས་ཆ་གང་ཞིག་ཏུ་བོད་ཀྱི་འདུས་སྡོད་བྱས་པ་མང་ན་གནས་དེ་ན་དབང་པོ་སྐྱོན་ཅན་དང་སྤྲང་པོ་ཤིན་ཏུ་མང་ལ། བོད་པ་ཞིག་གང་དུ་སོང་ཡང་རྗེས་འདེད་ནས་ཡོང་བས། འདི་ལས་བོད་མི་རིགས་འདི་སྦྱིན་པའི་ལས་ལ་དགའ་ཞིང་། དཀར་པོའི་དགེ་ལས་ལ་དད་པ། བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ།   

དབུལ་ཕོངས་ཁྱིམ་ཚང་དང་དབུལ་པོའི་མི་ཚོགས་ཡོད་པའི་ཞིང་འབྲོག་ཁུལ་དུ། ཁྱིམ་མཚེས་གཡས་གཡོན་དང་ཉེ་འཁོར་གྱི་ཁྱིམ་པ་དག་གིས་ནམ་ཡང་རང་ཉིད་ཀྱི་ནུས་པ་ཅི་ལྕོག་བཏོན་ནས་དེ་དག་ལ་རོགས་སྐྱོར་དང་སེམས་ཁུར་བྱས་ནས་བོད་མི་རིགས་ཀྱི་བདག་པོས་གཞན་གཅེས་དང་བྱམས་སྙིང་རྗེ་ལྡན་པའི་ཡ་རབས་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་ལ། ང་ཚོས་རང་ཉིད་ཀྱི་བརྩེ་སེམས་དབུལ་ཕོངས་ཁྱིམ་ཚང་དེ་དག་ལ་གཏད་ནས་རང་ནུས་ཅི་ལྕོག་གི་རོགས་རམ་དང་ཐུགས་ཁུར་བྱས་ནས་ཁོ་ཚོར་ཉེ་འཁོར་ནས་ཐོན་པའི་དྲོད་ཁོལ་ཚོར་དུ་འཇུག་དགོས་ལ། ཁོ་ཚོའི་དབུལ་གྲོལ་ཕྱུག་འགྱུར་བྱས་ནས་ཕྱུག་འགྱུར་བདེ་སྐྱིད་ཀྱི་ལམ་ཆེན་དུ་བསྐྱོད་རྒྱུའི་འདུན་པ་སློང་དགོས།

རང་ས་གནས་ནས་སྒོར་མོ་བཙལ་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཡག་ཤོས་ཡིན།

རང་ས་གནས་གྱི་མིས་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་པའི་སྒོར་མོ་ཁྲི་འབུམ་དུང་ཕྱུར་དེ་རག་ཐབས་བྱ་དགོས་ལ། འདི་ནི་རང་ས་གནས་གྱི་སྒོར་མོ་བཙལ་བ་ལས་དབུལ་གྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཡག་ཤོས་ཡིན། དེར་བསྟུན་ཕ་ཡུལ་འཛུགས་སྐྲུན་དང་ཕ་ཡུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན་པར་མ་ཟད། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་ཡག་ཤོས་ཀྱང་ཡིན།

རང་ས་གནས་ནས་སྒོར་མོ་བཙལ་ཐུབ་པའི་གཞན་མི་དེ་དག་དཀའ་སྡུག་ལ་མི་སྐྲག་ཅིང་། གྲང་འཁྱག་ལ་མི་གཞོལ་བ། གཙང་བཙོག་ལ་མི་ལྟ་བ། མ་རྩ་རྡིབ་པར་མི་སྐྲག་ལ། ཚོང་ལས་ཆུང་ཆུང་ནས་འགོ་བརྩམས་ཏེ་སྒོར་ཟུར་དང་སྐར་མ་ནས་བརྒྱ་དང་སྟོང་གི་བར་དུ་འབད་པ་བྱས་ཏེ། ཚོང་ལས་ཙག་ཙིག་ནས་འབད་པ་ལྷོད་མེད་བྱས་སྟེ་རིམ་བཞིན་ཕྱུག་པོར་ཆགས་བཞིན་ཡོད།   ང་ཚོའི་བོད་མི་རིགས་ཀྱི་ཞན་ས་ནི་ཏག་ཏག་གཞན་གྱིས་ལེགས་ཆ་དང་ཁྱད་ཆོས། དཔེར་འཛིན་སར་གྱུར་འདུག

ང་ཚོས་ཁ་ནང་འཁོར་ནས་གཏམ་ཞིག་བཤད་ན་ཚང་མ་ཉན་རྒྱུར་མི་སྤྲོ་ཡང་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཅེས་པ་ནང་བཞིན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་། ང་ཚོའི་བོད་མི་རིགས་ཀྱིས་ཕྱི་ཡོང་རིག་གནས་ཀྱི་ཉིང་བཅུད་དང་དེང་རབས་སྔོན་ཐོན་གྱི་བྱ་དངོས་ལ་དང་ལེན་དང་སློབ་སྦྱོང་ཡག་པོ་བྱས་མེད་ལ། སློབ་སྦྱོང་དང་ལད་མོ་བྱེད་རྒྱུར་དགའ་མོ་མེད། དུས་བསྟུན་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཉིང་བཅུད་སྐོར་ཞིག་བོར་འདུག  དོན་དག་འདིའི་རིགས་ངེད་ཅག་གི་བློ་ངོར་ངེས་དགོས་པར་མ་ཟད་དེ་ལ་འགྱོད་པ་དང་གདུང་སེམས་སྐྱེས་ན་འགྲིག  བོད་ཀྱི་ཁ་དཔེ་ལ། ཁང་པ་ལྟ་བུའི་སྡུག་རིག་ན། སྟར་ཀ་ལྟ་བུའི་སྐྱིད་ཞིག་ཐོབ་ཅེས་པ་ལྟར། ང་ཚོས་དུས་ཡུན་རིང་པོའི་ནང་གཞན་གྱི་སྦྱིན་པ་དང་གནང་བ་ལ་སྒུག་ཏེ་སྒྱིད་ལུག་དང་རྣམ་གཡེང་གི་དབང་གིས་འཁྱེར་མི་ཉན་པར། མེས་པོའི་རུས་གསེང་ན་ཡོད་པའི་དཀའ་སྡུག་གི་སེམས་པ་དང་། འབད་པ་ལྷོད་མེད་ཀྱི་སྤོབས་པ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སེམས་རྒྱུད་ཡག་པོ་དེ་སྔོག་འདོན་དང་རྒྱུད་འཛིན་བྱ་དགོས།

ང་ཚོས་རང་ངོས་ནས་བློ་གཟུ་བོའི་སྒོས་ཉེ་འགྲམ་གྱི་ལས་གཏོད་དང་ཚོང་གཉེར། ལས་གཉེར་བྱས་པའི་གཞན་པའི་དཀའ་སྡུག་ལ་མི་སྐྲག་པ། སེམས་རྒྱུད་གཡུང་ལ་མ་རྩ་རྡིབ་པར་མི་སྐྲག་པའི་འབད་འབུངས་མཐའ་སྐྱོང་གི་སྙིང་སྟོབས་དང་གཞན་གྱི་བཀོད་སྒྲིག་དང་སྤོ་སྒུལ་དང་ལེན་བྱས་ནས་ལས་ཀའི་སྒྲིག་ལམ་བརྩི་སྲུང་བྱེད་པ་སོགས་ལ་སློབ་སྦྱོང་ནན་མོ་བྱེད་དགོས།

377.jpg

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལས་སྒྲུབ་ཚན་ཁག་གི་བཀོད་སྒྲིག་ལྟར། འདིའི་སྐོར་གྱི་ཕུལ་བྱུང་མི་སྣ་སྐྱེད་བསྲིང་བྱས་ནས་འཇོན་ནུས་ལྡན་པའི་མི་སྣ་འདི་དག་གསོ་སྐྱོང་བྱེད་བཞིན་ཡོད།  འཛུགས་སྐྲུན་ཆེ་འབྲིང་གི་རྨང་གཞིའི་སྒྲིག་གཞི་དང་ཟམ་པ་སྐྲུན་པ། ལམ་འདིང་བ། གློག་འདྲེན་ས་ཚུགས་འཛུགས་པ། ཆུ་རྐ་བཟོ་བ། ས་འོག་སྦུ་གུ་འཇུག་པ་སོགས་ས་གནས་རང་གི་མི་དག་གིས་བཟོ་ཐུབ་པ་ཞིག་ཏུ་གྱུར་ན། ང་ཚོས་དེའི་ཁྲོད་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱས་སྟེ་རང་ཉིད་འཕེལ་རྒྱས་གཏང་ཐུབ།

གསོལ་མགྲོན་ཁང་གི་བཟའ་བཏུང་ཞབས་ཞུ་དང་སྤྲོ་གསེང་གླིང་། དངོས་ཟོག་དབོར་སྐྱེལ། ཚོང་ཟོག་སྡེབ་ཚོང་དང་འགྲེམ་ཚོང་སོགས་ཀྱི་ལས་རིགས་ལ་ཡོན་ཚད་དང་ཆེད་ལས་ཀྱི་ཚད་བཀག་ཆེན་པོ་མེད་ལ། ལས་རིགས་འདི་དག་གི་ཁྲོད་ནས་ལེགས་འགྲུབ་བྱུང་བའི་ཁྲོད་དུ། སློབ་གྲྭ་འགྲོ་མ་མྱོང་བའི་མི་མང་པོ་འདུག ཁོ་ཚོར་གཅིག་ནས་ཉེན་ཁ་མེད་ལ། གཉིས་ནས་མ་རྩ་ཉུང་ཉུང་། གསུམ་ནས་ཞབས་ཞུའི་སྤུས་ཚད་བཟང་པོ་ལ་བརྟེན་ནས་ཡོད་ལ། བཞི་ནས་སེམས་རྣལ་མའི་སྒོས་ཚན་རིག་དང་མཐུན་པའི་བདག་དམ་བྱེད་བཞིན་ཡོད། 

ལྭ་བ་དང་སྔོ་ཚལ། སིལ་ཏོག ཤ་དང་སྒོ་ང་། ཟས་རིགས། སྐྲ་བཞར། དུ་ཆང་ལ་སོགས་པའི་ཚོང་ཁང་བཙུགས་པའི་མ་རྩ་ཆུང་བའི་ཚོང་ལས་འདི་དག་ཕྱི་མི་ལས་རང་ས་གནས་གྱི་མི་ལ་མཐུན་རྐྱེན་འཛོམས་ཡོད་ལ། ངོ་མི་ཚ་བ་དང་དཀའ་སྡུག་ལ་མི་སྐྲག་པ་ཞིག་ཆགས་ཐུབ་ན་རིག་གནས་ཡོན་ཚད་ཀྱི་ཆ་ནས་ཆ་རྐྱེན་དང་མི་འདང་བ་ཅི་ཡང་མེད།

རང་ས་གནས་ཀྱི་མིས་སྒོ་འགྲམ་གྱི་སྒོར་མོ་བཙལ་དགོས་ན།

དང་ཐོག་སྒུག་པ་དང་བརྟེན་པ།  སློང་བ་སོགས་ལ་བརྟེན་ནས་འཚོ་བ་འཁྱོལ་བའི་གོམས་གཤིས་དེ་དོར་ནས། རང་ཉིད་ཀྱི་ཐབས་དང་ཤེས་རབ་ལ་བརྟེན་ནས་དབུལ་གྲོལ་ཕྱུག་འགྱུར་བྱས་ཏེ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ། འབད་འབུངས་ཀྱིས་ལས་གཏོད་བྱས་ནས་རང་ཁ་རང་གསོའི་སྙིང་སྟོབས་བསྐྱེད་བསྲིང་བྱ་དགོས།

གཉིས་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ས་གནས་རང་གི་མིས་རང་ཡུལ་ནས་སྒོར་མོ་བཙལ་བའི་བྱེད་ཐབས་དང་སྲིད་ཇུས་འདོན་བཞིན་ཡོད་ལ། དེ་ནི་ས་གནས་རང་གི་མི་དམངས་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་དང་འབབ་འཕར་ཁ་སྣོན། འཚོ་བའི་ཆུ་ཚད་ཇེ་མཐོ། ལས་ཤོར་མི་སྣ་དང་ལས་སྒུག་མི་སྣའི་ལས་ཞུགས་ཐག་གཅོད་བྱ་ཐུབ་པའི་ཐབས་ལམ་བཟང་པོ་དང་མདུན་ལམ་ཡག་ཤོས་ཡིན།

གསུམ་པ། སྲིད་གཞུང་གི་རིམ་པ་སོ་སོས་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་སེམས་ལ་བཅངས་ནས་ཕྲག་ཏུ་འཁུར་སྟེ་ལག་ཏུ་བསྟར་ནས་ས་གནས་རང་གི་མི་ལ་རང་ངོས་ནས་ལས་ཞུགས་དང་ཁ་རྒྱབ་ཀྱི་ཐབས་ལམ་འཚོལ་དུ་འཇུག་དགོས་ལ། ས་གནས་རང་གི་སྒོར་མོ་བཙལ་རྒྱུ་དེ་ནི་རང་ཉིད་ཀྱི་རང་ཁ་རང་གསོ་ལ་བསྟེན་ནས་རང་ཉིད་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་ལ་རང་ཉིད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པའི་ཐབས་ཤིག་ཀྱང་ཡིན།

379.jpg

བཞི་པ། མི་རིགས་ས་ཁུལ་གྱིས་རྗེས་ཕྱོགས་ཀྱི་ཚོང་འདྲེན་མར་འགུག་དང་ཐོན་ཁུངས་སྔོག་འདོན་སོགས་འཛུགས་སྐྲུན་རིགས་གང་ཞིག་སྤེལ་ཡང་ངེས་པར་དུ་མ་རྩ་འཇོག་མཁན་དང་གསར་སྤེལ་བྱེད་མཁན་ལ་ས་ཁུལ་རང་གི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་ས་ཁུལ་རང་གི་མི་དམངས་མང་ཚོགས་ཀྱི་འབབ་འཕར་མཐོར་འདེགས་དང་ལས་ཞུགས་ཐག་གཅོད། ལག་རྩལ་སློབ་སྦྱོང་སོགས་ཀྱི་ཕྱོགས་གང་ཐད་ནས་བསམ་བློ་བཏང་སྟེ་ཆ་རྐྱེན་ནན་མོ་འདོན་དགོས། འདི་ནི་ས་ཁུལ་མི་དམངས་ཀྱི་ལས་ཞུགས་ལས་གཏོད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཡིན་ལ། ཡོང་འབབ་ཇེ་མཐོར་དང་དབུལ་གྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཡག་ཤོས་ཡིན།

ས་ཁུལ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ཤེས་བཏོན་ཏེ་འཆར་གཞི་ཡོད་པའི་སྒོ་ནས་གཞུང་ལམ་དང་ཟམ་པ། ཕུག་ལམ། སྦུག་ལམ། འཛུགས་སྐྲུན། ཆུ་བེད། གློག་ཤུགས། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་འཆར་འགོད་ཇུས་འགོད་མི་སྣ་གསོ་སྐྱོང་བྱ་དགོས། རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་བྱེད་ཐུབ་ན་འདི་དག་ལོབས་རྒྱུ་ཤིན་ཏུ་སླ། དེར་བསྟུན་ས་ཁུལ་གྱི་འཛུགས་སྐྲུན་སྤྱི་གཉེར་ཁང་དག་གིས་འཛུགས་སྐྲུན་ཁྲོད་ས་ཁུལ་དེའི་ཁྱད་ཆོས་ལྡན་པའི་བཟོ་རིགས་ལག་རྩལ་སྔོག་འདོན་དང་ས་གནས་རང་གི་ལག་ཤེས་མི་སྣ་བཀོལ་སྤྱོད་བྱ་དགོས།  སློབ་གླིང་ནས་ཐོན་པའི་ལག་རྩལ་མི་སྣའི་གཞུང་ལུགས་དང་ས་ཁུལ་གྱི་ལག་ཤེས་མི་སྣའི་ལག་རྩལ་སྡེབ་ནས་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པ་དང་། ཞོར་དུ་དེ་དག་གི་ཡོང་འབབ་ཇེ་ལེགས་སུ་བཏང་ནས་དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་སྣར་འདྲེན་དགོས།  འདི་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་བོད་ཁུལ་བརྟན་བརླིང་འཕེལ་རྒྱས་ཀྱི་བྱ་བའི་ནང་དོན་ཞིག་ཡིན།

ང་ཚོའི་བྱིས་པ་རྣམས་ལ་ཆེད་ལས་ལག་རྩལ་སློབ་ཏུ་འཇུག་ནས་རང་འགུལ་ལས་གཏོད་བྱ་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་ཆེས་ལེགས་པའི་གདམ་ཀ་ཡིན།

གཞུང་ཞབས་པའི་ལས་ལ་འཇུག་པ་ནི་ལས་ཞུགས་ཀྱི་ཐབས་ལམ་རང་ག་པ་ཞིག་ཡིན་ལ། ལྷག་པར་དུ་ལས་རིགས་འདིར་མཁོ་བའི་མི་གྲངས་ཧ་ཅང་ཉུང་ཉུང་ཡིན། ད་རུང་རྒྱུགས་འཕྲོད་རྒྱུ་དཀའ་ལ་དེ་ཡང་འགྱུར་མེད་ཀྱི་ཇ་ཕོར་ཞིག་གཏན་ནས་མིན། རང་ཉིད་ཀྱི་དགའ་ཕྱོགས་དང་ལེགས་ཆ་གཞིར་བཟུང་ནས་ཆེད་ལས་ལག་རྩལ་ཞིག་སློབ་སྦྱོང་བྱས་ཏེ། རང་ངོས་ནས་ལས་གཏོད་བྱས་ཏེ་ལས་ཞུགས་ཐག་གཅོད་བྱ་རྒྱུ་དེ་ནི་རྗེས་ཕྱོགས་ཀྱི་འགྲོ་ལུགས་ཡིན། དེ་བས་ཁྱིམ་བདག་དང་བྱིས་པ་དག་གིས་ལས་ཞུགས་ཀྱི་དམིགས་འབེན་ལ་འགྱུར་བ་གཏང་རྒྱུ་ནི་མིག་སྔའི་གནད་དོན་གལ་ཆེན་ཞིག་རེད། བྱིས་པ་དག་རང་ཉིད་ཀྱི་མོས་པ་ཡོད་སའི་ཆེད་ལས་སློབ་གྲྭར་འགྲོ་རུ་འཇུག་པ་དང་། ཡང་ན་སྲོལ་རྒྱུན་གྱི་ཁྱིམ་རྒྱུད་ལག་རྩལ་དང་མི་རིགས་བཟོ་རིགས་ལག་རྩལ་སློབ་ཏུ་འཇུག་དགོས། ཆེད་ལས་སློབ་གྲྭ་ཕལ་ཆེ་བར་སློབ་ཡོན་མི་དགོས་པ་དང་ཡང་ན་མང་ཆེ་ཤོས་རྩ་ཆག་ཏུ་གཏོང་བཞིན་ཡོད་པས་སློབ་ཡོན་གྱི་གནོན་ཤུགས་མེད་ལ། རླངས་འཁོར་ཞིག་གསོ་དང་སྐྲ་བཞར་གདོང་བཀྲུ། ཡིག་དཔར། པར་ལེན། གྱོན་གོས་ཇུས་འགོད། བརྡ་ཁྱབ་ཇུས་འགོད་སོགས་ཆེད་ལས་ལག་རྩལ་སློབ་སྦྱོང་བྱ་དགོས། སློབ་མཐར་ཕྱིན་རྗེས་རང་ཉིད་ཀྱི་ལས་ཞུགས་ལ་སེམས་ཁུར་བྱ་མི་དགོས་པར་རང་ཉིད་དགའ་སའི་ལས་ཀ་ཞིག་རག་ཐུབ་ན་དགའ་འོས་པ་ཞིག་མིན་ནམ། འདི་ནི་ཁྱིམ་ཚང་དང་སྡེ་གྲོང་དབུལ་གྲོལ་ཕྱུག་འགྱུར་ཡོང་བའི་ལམ་བུ་ཡིན་ལ། ཕ་ཡུལ་འཛུགས་སྐྲུན་དང་ཕ་ཡུལ་འགྱུར་ལྡོག་གཏོང་བའི་དངོས་ཡོད་ལས་ཀ་ཞིག་ཀྱང་ཡིན།

380.jpg

སྟབས་བདེའི་གནས་སུ་གནས་སྤོ་བཀོད་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་ཁག་ཅིག་དབུལ་གྲོལ་བྱ་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་རྒྱུན་རིང་བའི་ཐབས་ལམ་ཡིན།

རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་དཀར་མཛེས་ཁུལ་དང་རྫོང་གི་འགོ་ཁྲིད་དག་ལ་ཕུལ་བའི་རི་ཁུལ་དང་གྲོག་རོང་། ནགས་གསེབ་བཅས་ཁོར་ཡུག་ཞན་པའི་ཁྲོད་ཀྱི་ཞིང་པ་དག་ཆུ་དང་ལམ་གྱི་འགྲམ་རྒྱུད་ས་ཁུལ་དུ་སྤོས་ནས་བོད་རིགས་མི་དམངས་ཀྱི་སྡེ་པ་གསར་དུ་འཛུགས་པའི་གྲོས་གཞི།ཞེས་པའི་སྙན་ཞུའི་ཁྲོད་དུ་བོད་ཁུལ་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་། འདུས་སྡོད་ཐར་འཐོར་ཡིན་པ། རི་ཁུལ་གཅིག་ཏུ་ཁྱིམ་ཚང་འགའ་རེ་ལས་མེད་པ། རི་ལུང་དུ་མ་དང་གྲོག་རོང་དུ་མས་བཅད་པའི་ཐབས་རྡུག་གི་སྡེ་པ་ཤིན་ཏུ་མང་བ། ས་ཁུལ་འདི་དག་གི་སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཤིན་ཏུ་ཞན་ལ། མང་ཆེ་བ་ཆུ་དཀོན་པ་དང་། ས་དཀོན་པ། ལམ་དཀོན་པ། གློག་དཀོན་པ། འཕྲོད་བསྟེན་དཀོན་པ། སློབ་གསོ་དཀོན་པ། བརྡ་འཕྲིན་དཀོན་པ། ཚན་རྩལ་དཀོན་པ་སོགས་ས་ཁུལ་དེ་དག་གི་མི་རྣམས་ཡུན་རིང་པོའི་ཁྲོད་དབུལ་གྲོལ་བྱུང་མེད་ལ། དེ་དག་གི་རྣམ་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་དགོས་ཚེ་ཐོབ་ཤོར་ཆ་མི་སྙོམས་ལ། འདི་དག་གི་འཚོ་སྡོད་ཀྱི་ཁོར་ཡུག་འགྱུར་བ་གཏང་ཆེད། ཁོ་ཚོར་སྐུལ་མ་བཏང་ནས་ཆུ་འགྲམ་དང་ལམ་འགྲམ། རགས་ཁ་སོགས་སུ་གནས་སྤོ་རུ་འཇུག་ནས་སྐྱེ་ཁམས་ཡུལ་སྤོ་ཡི་སྡེ་པ་གསར་པ་འཛུགས་སྐྲུན་བྱ་དགོས་ཞེས་བཏོན་ཡོད།

ད་ལྟ་ལས་གཞི་འདི་ལེགས་གྲུབ་བྱུང་ཡོད་ལ། ང་ཚོས་གནད་སྨིན་དབུལ་སྐྱོར་བྱེད་པའི་དུས་སུ་གལ་ཏེ་ད་དུང་དགུ་དཀོན་ཐབ་ཆག་གི་གནས་ཡོད་ཚེ། གནས་སྤོ་ལག་བསྟར་བྱེད་པ་དང་ཡང་ན་སྐྱེ་ཁམས་སྲུང་སྐྱོབ་དབུལ་གྲོལ་གྱི་དབུལ་གྲོལ་འགག་སྒྲོལ་བྱ་རྒྱུ་ནི་དབུལ་གྲོལ་ཕྱུག་འགྱུར་གྱི་རྒྱུན་རིང་བའི་ཐབས་ཤེས་ཡིན།

ས་ཁུལ་ནས་གཞི་བྱས་ཏེ་ཅི་ལྟར་ས་ཆ་དང་མི་ལ་དམིགས་ནས་ཐབས་དང་བཀོད་པ་གང་འདྲ་བཟོ་དགོས།

ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་ལ་གཞི་བཅོལ་བ་ཞེས་པ་ནི་ས་གནས་རང་གི་རང་བྱུང་གི་ཆ་རྐྱེན་དང་སྐྱེ་ཁམས་ཐོན་ཁུངས། ཐོན་རྫས་ཐོན་ཁུངས། འགྲིམ་འགྲུལ་ཆ་རྐྱེན། ཡུལ་སྲོལ་གོམས་གཤིས། མི་གྲངས་མང་ཉུང་། འཕེལ་རྒྱས་མདུན་ལྗོངས་སོགས་ལ་བལྟས་ནས་དབུལ་གྲོལ་ཕྱུག་འགྱུར་གྱི་ཐབས་བཀོད་འཐེན་དགོས།

ས་ཁུལ་དང་མི་ལ་དམིགས་ནས་ཐབས་ཇུས་འདོན་རྒྱུ་ནི་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་འབྲེལ་བ། ཕན་ཚུན་རྒྱུ་འབྲས་ཀྱི་གནད་དོན་ཞིག་ཡིན་ལ། དེ་ཡང་ས་ཁུལ་མི་གཅིག་པུའི་དབུལ་ཕོངས་ཀྱི་རྣམ་པར་དམིགས་ནས་ནད་ཐོག་སྨན་གྱི་ཚུལ་དུ་ཐབས་ཇུས་བཀོད་སྒྲིག་བྱས་ནས་མི་དང་ས་ཁུལ་གྱི་ཁྱད་ཆོས་ལ་དམིགས་ཏེ་དབུལ་གྲོལ་ཕྱུག་འགྱུར་གྱི་ཐབས་ཇུས་འཐེན་དགོས། གངས་ལྗོངས་མཐོ་སྒང་གི་མིའི་རིགས་ཀྱི་འཚོ་སྡོད་ཆ་རྐྱེན་ལ་བལྟས་ན་ས་ཁོངས་དབུལ་ཕོངས་དེ་གཙོ་བོ་རང་བྱུང་གི་ནམ་ཟླ་དང་ས་བབ་ཀྱི་ཆགས་ཚུལ། འགྲིམ་འགྲུལ་བརྡ་འཕྲིན། ཐོན་ཁུངས་ཐོན་སྐྱེད། མ་རྩ་གཏོང་མིན་བཅས་ལ་རག་ལས་ཡོད།

མིའི་དབང་གིས་དབུལ་ཕོངས་ཆགས་པར་རྒྱུ་རྐྱེན་གོང་དང་བསྡུར་ན་རྙོག་འཛིང་ཆེ་ལ། ཁྱིམ་ཚང་གི་བཟའ་མི་རྒན་པ་དང་ནད་པ། དབང་པོ་སྐྱོན་ཅན་ཡོད་པ་ནི་རྒྱུ་རྐྱེན་གཅིག་ཡིན་ལ། མ་རྩ་གཏང་རྒྱུ་མེད་པ་ཡང་རྒྱུ་རྐྱེན་གཅིག་ཡིན། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྤྱི་ཁོག་བདག་དམ་དང་ལག་རྩལ་ཁྲིད་སྟོན། ཆ་འཕྲིན་ཞབས་ཞུ་བཅས་ཀྱི་ནུས་པ་ཞན་པ་ཡང་རྒྱུ་རྐྱེན་གཅིག་ཡིན། དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་མི་སྒྱིད་ལུག་རྣམ་གཡེང་ཡིན་ལ། ནམ་ཡང་སྒུག་པ་དང་བརྟེན་པ། སློང་བ་སོགས་ལས་ཉི་མ་འཁྱོལ་ཐབས་བྱེད་བཞིན་པ་ཡང་རྒྱུ་རྐྱེན་གཅིག་ཡིན།

381.jpg

ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་མི་དང་ས་ཁུལ་ལ་གཞིགས་ནས་དབུལ་གྲོལ་གྱི་ཐབས་ཇུས་སྐོར་གྱི་བསམ་འཆར་ལ།

དང་པོ། ངེས་པར་དུ་རི་ལ་བརྟེན་ན་རི་དང་ཆུ་ལ་བརྟེན་ན་ཆུ། ནགས་ལ་བརྟེན་ན་ནགས། ས་ལ་བརྟེན་ན་ས་ཞེས་པ་བཞིན་གང་ལ་བརྟེན་པ་དང་གང་གི་ཕྱོགས་ན་ཁྱད་ཆོས་ཡོད་ན་དེ་ལ་བརྟེན་ནས་རང་བྱུང་གི་ཐོན་ཁུངས་སྔོག་འདོན་བྱས་ཏེ་དབུལ་གྲོལ་བྱ་དགོས། འོན་ཀྱང་ཐབས་ཇུས་འདི་ངེས་པར་དུ་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་རྩོམ་དགོས་ལ། སྔོན་ལ་ཞིབ་འཇུག་དང་དཔྱད་པ་གང་ལེགས་གཏོང་དགོས་པ་ལས། དངོས་ཡོད་གནས་ཚུལ་དང་རྒྱབ་འགལ་བྱེད་པའམ་དེ་དང་ཐག་རིང་ན་དོན་དག་འགྲུབ་དཀའ་བར་མ་ཟད། ཐོབ་ཤོར་དོ་མཉམ་ཡོང་རྒྱུ་ཡང་ཤིན་ཏུ་དཀའ།

གཉིས་པ། ཁྱིམ་ཚང་གི་སྒོ་ཟོག་དང་བྱ་རིགས་གསོ་ཚགས་འཛུགས་པ་དང་སྡེ་གྲོང་གི་སིལ་ཏོག་ར་བ་འཛུགས་ནས་དབུལ་གྲོལ་བྱེད་པ།

གསུམ་པ། ས་ཁུལ་རང་གི་ཁྱད་ལྡན་ཐོན་རྫས་དང་ཞིང་ལས་ཐོན་རྫས་ཀྱི་དངོས་པོ་དར་སྤེལ་གཏོང་བ་དང་ས་ཁུལ་གྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་འཕེལ་རྒྱས་གཏོང་བ་ལས་དབུལ་གྲོལ་བྱེད་པ།

བཞི་པ། ཡུལ་སྐོར་ལས་རིགས་གསར་སྤེལ་བྱས་ནས་དབུལ་སྐྱོར་བྱེད་པ། ས་ཁུལ་གྱི་ཆོས་ལུགས་རིག་གནས་ཀྱི་ཐོན་ཁུངས་དང་། གནས་ཆེན་དང་རིག་དངོས་ཐོན་ཁུངས། ཡུལ་དཔོན་རིག་གནས་ཐོན་ཁུངས། འབྲོག་པའི་རིག་གནས་ཐོན་ཁུངས། ཞིང་པའི་རིག་གནས་ཐོན་ཁུངས། བླ་རི་དང་བླ་མཚོའི་རིག་གནས་ཐོན་ཁུངས། ཁྱད་ཆོས་ལྡན་པའི་ས་བབ་ཆགས་ཚུལ། ཡུལ་སྲོལ་གོམས་འདྲིས་ཀྱི་རིག་གནས་ཐོན་ཁུངས། ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟས་རིགས་རིག་གནས་ཐོན་ཁུངས། རྒྱན་གོས་རིག་གནས་ཐོན་ཁུངས། དམངས་ཁྲོད་གླུ་གར་རིག་གནས་ཀྱི་ཐོན་ཁུངས། ལྷ་སྒྲུང་ངག་རྒྱུན་རིག་གནས་ཐོན་ཁུངས་སོགས་ཡུལ་སྐོར་གྱི་གཞི་བཅོལ་ས་བྱས་ནས། ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་སྔོན་འདོན་དང་གསར་སྤེལ་བྱས་ནས་དབུལ་སྐྱོར་བྱེད་པ།

ལྔ་པ། དབུལ་ཕོངས་ཀྱི་ཁྱིམ་ཚང་དང་དབུལ་ཕོངས་ཀྱི་མི་ཡིས་ངེས་པར་དུ་རྟོགས་དགོས་པ་ཞིག་ནི། དབུལ་སྐྱོར་བྱེད་པ་ནི་ཕྱི་རྐྱེན་དང་རང་ཉིད་ཀྱི་དབུལ་གྲོལ་ཕྱུག་འགྱུར་བྱ་རྒྱུ་ནི་ནང་རྐྱེན་ཡིན་པ་ཤེས་དགོས། རྩ་བ་ནས་དབུལ་གྲོལ་བྱ་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་ཕྱི་རྐྱེན་དང་རང་ཉིད་ཀྱི་དབུལ་གྲོལ་ཕྱུག་འགྱུར་གྱི་ནང་རྐྱེན་སྦྲགས་ནས་སྙིང་སྟོབས་བསྐྱེད་པ་དང་ཡིད་ཆེས་ཡོད་པའི་སྒོ་ནས་དཀའ་ཁག་གཏོར་དགོས། དབུལ་ཕོངས་མི་ཚོགས་ཡོངས་ལ་རང་ངོས་ནས་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་དོར་བ་དང་། ལེ་ལོ་སྒྱིད་ལུག་གི་གོམས་གཤིས་བསྐྱུར་ནས་རྒྱུ་མེད་ཀྱང་དཔའ་མི་ཞུམ་པར་བློ་རྩ་བརྟན་པོས་ཧུར་ཐག་འབད་འབུངས་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་ཏེ་ཁྱོན་ཡོངས་འབྱོར་ཕྱུག་ལྡན་པའི་ལམ་ལ་བསྙེག་དགོས། །  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།