ཅི་ཞིག་ལ་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་ཟེར།

སྤྱི་ཚོགས་ཀྱི་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་ཞེས་པ་ནི། བསམ་བཞིན་ནམ་ལས་འཛོལ་ལ་བརྟེན་ནས་གཞན་མིའི་ཚེ་སྲོག་དང་བདེ་ཐང་། ཡང་ན་མི་ལུས་དང་ཐད་ཀར་འབྲེལ་བ་ཡོད་པའི་མཚན་སྙན་དང་མི་གཤིས། སྡོད་གནས་དང་མི་ལུས་རང་དབང་སོགས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་ཟེར། ཉེས་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་ནི་གཤམ་གསལ་གྱི་རིགས་འདི་དག་ཡོད་དེ། བསམ་བཞིན་དུ་མི་བསད་པའི་ནག་ཉེས། ལས་འཛོལ་སྒོས་མི་བསད་པའི་ནག་ཉེས། བསམ་བཞིན་དུ་གནོད་འཚེ་བཏང་བའི་ནག་ཉེས། ལས་འཛོལ་སྒོས་མི་ལུས་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའི་ནག་ཉེས། བཙན་ཤེད་ཀྱིས་ནག་ཉེས་ཞུ་ལེན་བྱེད་དུ་བཅུག་པའི་ནག་ཉེས། མི་མང་པོ་བསྡུས་ཏེ་རྡུང་བཅོམ་འཕྲོག་གསུམ་བྱས་པའི་ནག་ཉེས། བུ་མོ་ཆུང་བར་ལོག་གཡེམ་བྱས་པའི་ནག་ཉེས། བཙན་ཤེད་ཀྱིས་བུད་མེད་ལ་སྨད་འཚོང་དུ་བཅུག་པའི་ནག་ཉེས། མི་གཡོ་ཚོང་བྱས་པའི་ནག་ཉེས། ཁྲིམས་འགལ་བཀག་ཉར་གྱི་ནག་ཉེས། ཁྲིམས་འགལ་དོ་དམ་བྱས་པའི་ནག་ཉེས། ཁྲིམས་འགལ་སྔོག་བཤེར་ནག་ཉེས། ཁྲིམས་འགལ་སྒོས་གཞན་གྱི་སྡོད་ཁང་དུ་བཙན་གྱིས་འཛུལ་བའི་ནག་ཉེས། བརྙས་བཅོས་བྱས་པའི་ནག་ཉེས། སྐྱར་འདེབས་བྱས་པའི་ནག་ཉེས། སྐུར་འདེབས་བྱས་པའི་ནག་ཉེས། འཁོན་སློག་ཉེས་འགལ་གྱི་ནག་ཉེས། དཔང་རྟགས་རྫུས་མ་བཟོས་པའི་ནག་ཉེས་སོགས་ཡོད།

 སྤྱི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་གནད་འཚེ་བཏང་བའི་ནག་ཉེས་ཞེས་པ་ནི། སྤྱི་དམངས་ཀྱིས་ལོངས་སུ་སྤྱོད་པའི་རྒྱལ་ཁབ་དོ་དམ་དང་ཆབ་སྲིད་ཀྱི་ལས་འགུལ་དུ་ཞུགས་པའི་ཁེ་དབང་དང་རང་དབང་སོགས་ལ་སྒྲིག་འགལ་སྒོས་བཙན་འཕྲོག་གམ་གནོད་འཚེ་བཏང་བར་ཟེར། ཉེས་ཁྲིམས་ཀྱི་གཏན་འབེབས་ལྟར་ན། སྤྱི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་ལའང་རིགས་འགའ་དབྱེ་བ་སྟེ། འདེམས་བསྐོ་ལ་གཏོར་བཤིག་བཏང་བའི་ནག་ཉེས། ཁྲིམས་འགལ་གྱིས་ཆོས་ལུགས་དད་མོས་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས། ཁྲིམས་འགལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་ལ་གནོད་འཚེ་བཏང་བའི་ནག་ཉེས། ཡིག་བསྐུར་རང་དབང་ལ་གནོད་པ་བཏང་བའི་ནག་ཉེས་སོགས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།