ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་བརྗོད་ཚུལ་གསར་པ་དང་བྱ་ཐབས་གསར་པ།(གསུམ་པ)

21.སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལོ་སྟོང་གི་ཇུས་ཆེན་ཡིན་ཞེས་བཏོན་ཡོད།

22.རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རང་བྱུང་སྣོད་བཅུད་ཀྱི་ལྟ་སྡོམ་སྒྲིག་གཞི་འཛུགས་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་འཆར་འགོད་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རང་བྱུང་སྣོད་བཅུད་ཀྱི་ལྟ་སྡོམ་སྒྲིག་གཞི་འཛུགས་དགོས་ཞེས་བཏོན་ཡོད།

23.དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྲོད་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱེད་དགོས་ཞེས་བཏོན་ཡོད། དེ་སྔ“དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ”ཞེས་བརྗོད་ཀྱི་ཡོད། དེ་སྔ“དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད”ཅེས་བརྗོད་པ་དེའང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད”ཅེས་སུ་བསྒྱུར་ཡོད།

24.དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་གཞི་འཛུགས་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་གཞི་བཙུགས་ཏེ་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་དམག་མི་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་ཞུ་བའི་ལས་རིགས་སུ་འགྱུར་བར་བྱེད་དགོས་ཞེས་བཏོན་ཡོད།

25.ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དེ་སྔ“མཉམ་ལས་གཉིས་ཕན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ”ཞེས་བརྗོད་ཀྱི་ཡོད།

26.ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་ཞེས་བཏོན་ཡོད། དེ་སྔའི་བརྗོད་སྟངས་ནི“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་དེ་རེད།

27.དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་ཡོད།

སྤྱིའི་བླང་བྱ་དེ་ནི། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཕུགས་བསམ་དད་སེམས་དམིགས་ཡུལ་གསུམ་བརྟན་དུ་གཏོང་བ་གཞི་རྩར་འཛིན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་ཤུགས་རྒྱག་སར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ལམ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་པ་འདི་རེད།

28.ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།

དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། “ཕྱོགས་ཡོངས”ཞེས་པའི་ཡིག་འབྲུ་གཉིས་ལས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པ་མཚོན་ཡོད།

29.ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས།

དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་སྔ“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་དགོས”ཞེས་བརྗོད་ཀྱི་ཡོད།

30.ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཡུན་རིང་སྲིད་སྐྱོང་བའི་ནུས་པ་འཛུགས་སྐྱོང་གི་བརྗོད་གཞི་བཏོན་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཡུན་རིང་སྲིད་སྐྱོང་བའི་ཏང་གི་ནུས་པ་འཛུགས་སྐྱོང་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

31.ཕྱོགས་ཁག་རིང་ལུགས་དང་། འཁོར་རྒྱའི་རིག་གནས། གྲུ་ཁའི་རིག་གནས་བཅས་བཀག་འགོག་དང་ངོ་རྒོལ་བྱེད་དགོས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གཅེས་རིང་ལུགས། མི་བཟང་རིང་ལུགས་བཅས་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱོགས་ཁག་རིང་ལུགས་དང་། འཁོར་རྒྱའི་རིག་གནས། གྲུ་ཁའི་རིག་གནས་བཅས་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད། འཁོར་རྒྱའི་རིག་གནས་དང་གྲུ་ཁའི་རིག་གནས་ཞེས་པ་དེ་སྔ་བརྗོད་དཀོན་པོ་ཡིན། (མུ་མཐུད་འགོད་རྒྱུ)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།