རིགས་གཅིག་མཁས་ཅན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འགག་རྩའི་ཚིག་བཅུ་གསལ་འགྲེལ་བྱེད་པ།

གཅིག དུས་རབས་གསར་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ནང་དོན་གནད་བསྡུས། དུས་རབས་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་མུ་མཐུད་ལེན་པའི་དུས་རབས་ཤིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་དུས་རབས་ཤིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་དང་། མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གསར་གཏོད། རིམ་གྱིས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པའི་དུས་རབས་ཤིག ཀྲུང་ཧྭ་བུ་ཕྲུག་ཡོངས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་དུས་རབས་ཤིག རང་རྒྱལ་འདི་ཉིད་འཛམ་གླིང་གར་སྟེགས་ཀྱི་ལྟེ་བར་ཉིན་རེ་བཞིན་བསྐྱོད་པ་དང་མིའི་རིགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བའི་དུས་རབས་ཤིག་བཅས་རེད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཤིན་མིང་གིས། འདི་ནི་ཏང་གིས་རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ལ་བཏོན་པའི་བརྡར་གཅོད་གསར་པ་ཞིག་རེད། དུས་མཚམས་འདིར་རང་རྒྱལ་གྱི་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་ཆུ་ཚད་གང་འཚམ་ཞིག་ལ་སླེབས་ཡོད། དུས་རབས་གསར་པར་སླེབས་རྗེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་མཚམས་ལེགས་གྲུབ་ཟིན་ནས། འཕེལ་རྒྱས་བྱུང་རྗེས་ཀྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཡོད། ཇི་ལྟར་བྱས་ཏེ་བརྡར་གཅོད་གསར་པ་དེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་མངོན་པར་བྱེད་དགོས་སམ་ཞེ་ན། ང་ཚོར་མཛུབ་ཁྲིད་དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གསར་པ་མཁོ་བ་བཤད་མི་དགོས་པ་ཞིག་ཡིན་ཞིང་། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རེད། དེ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་པ་ཞིག་ཡིན་པ་དང་། དེ་ལས་མངོན་པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་འགྱུར་བའི་གྲུབ་འབྲས་གསར་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་དེ་བས་ཆེ་བ་ཐོབ་པར་ཁྲིད་སྟོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ཅེས་གསུངས།

གཉིས། སྟོབས་ཆེར་ཕྱིན་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ནང་དོན་གནད་བསྡུས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ལས་ཉེ་རབས་ཚུན་དཀའ་སྡུག་ཡུན་རིང་མྱངས་པའི་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་དང་། འབྱོར་ཕྱུག སྟོབས་ཆེ་བཅས་བར་གྱི་རླབས་ཆེན་མཆོང་སྐྱོད་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་པ་མཚོན་པ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པའི་ཀྲུང་གོ་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་རྒྱས་པ་དང་། འཛམ་གླིང་ཐོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་པའི་ལམ་བུ་ཡངས་སུ་བཏང་བ། ཕྱོགས་གཅིག་ནས་འཕེལ་རྒྱས་མྱུར་པོ་ཡོང་རེ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རང་ངོས་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་བྱེད་རེ་བྱེད་པའི་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་རྐྱང་ཞིག་བྱུང་བ་བཅས་མཚོན་པས། མིའི་རིགས་ཀྱི་གནད་དོན་ཐག་གཅོད་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།

ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧུའུ་ཨན་ཀང་གིས། ཀྲུང་གོ“སྟོབས་ཆེར་ཕྱིན་པ”དེ་སྲིད་འཛིན་ཏང་སྟོབས་དང་ལྡན་པ་ཞིག་འཛུགས་སྐྱོང་བྱས་པ་དང་། སྤུས་ཚད་ལ་དེ་བས་སྣང་ཆེན་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་དེ་བས་སྤུས་ཚད་ལྡན་པའི་འཕེལ་རྒྱས་དོན་གཉེར་བྱས་པ། དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་བཏང་བ། རིག་གནས་བྱ་གཞག་འཕེལ་རྒྱས་དང་རིག་གནས་གདེང་ཚོད་ཆེ་རུ་ཕྱིན་པ། ལྗང་མདོག་དང་དེང་རབས་ཅན་གྱི་སྣེ་ཁྲིད་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གཡུར་ཟའི་གྲུབ་འབྲས་བཅས་ལས་མཚོན་ཡོད། “འབྱོར་ཕྱུག་ལྡན་པ”ནས“སྟོབས་ཆེར་ཕྱིན་པའི”ཕྱོགས་སུ་བསྐྱོད་པའི་ལོ་5ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ལ་རྒྱལ་ཁ་ཐོབ་གྲབས་ཡོད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་5ཡིན། ལོ་5གསར་པར་རྒྱང་ལྟ་བྱེད་སྐབས། ཀྲུང་གོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ད་དུང་མུ་མཐུད“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་ཇུས་རྒྱུན་འཁྱོངས་བྱས་ཏེ་མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་ཆེད་འབད་འཐབ་ལྷོད་མེད་དང་འཛམ་གླིང་གར་སྟེགས་ཀྱི་ལྟེ་བར་མིའི་རིགས་ཧྲིལ་པོར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་གསུངས།

གསུམ། འགལ་ཟླ་གཙོ་བོ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ནང་དོན་གནད་བསྡུས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཡོད། རང་རྒྱལ་གྱི་བརྟན་ལྷིང་ལས་མི་དུང་ཕྱུར་བཅུ་གྲངས་ཙམ་གྱི་ལྟོ་གོས་གནད་དོན་ཐག་གཅོད་ཐུབ་པ་དང་སྤྱི་ཡོངས་ཀྱི་ཐོག་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་ཡོད། མི་རིང་བའི་རྗེས་སུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་སོང་སྟེ་དངོས་པོའི་རིག་གནས་འཚོ་བའི་ཐད་རེ་བ་དེ་བས་ཆེ་བ་འདོན་རྒྱུ་མ་ཟད། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་རེ་བའང་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་ངེས་རེད། དེ་དང་ཆབས་ཅིག་རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་ཆུ་ཚད་སྤྱི་ཡོངས་ནས་མངོན་གསལ་དོད་པོ་འཕར་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་ཕྱོགས་མང་པོའི་ཁྲོད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུ་དང་དེ་བས་མངོན་གསལ་དོད་པའི་གནད་དོན་ནི་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བ་དེ་ཡིན་པ་དང་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་ཚོད་འཛིན་དུ་གྱུར་ཡོད།

ཧྲང་ཧའེ་ནོར་དཔལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཚའོ་ཏུང་པོ་ཡིས་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་དེ་ནས་དེ་རྗེས་ཀྱི་ཆབ་སྲིད་ཤེས་དཔལ་འཛུགས་སྐྱོང་དང་། ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་བར་ནི་སྒྱུར་བཅོས་སྒོ་དབྱེ་ལོ་30ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཐོབ་པའི་གྲུབ་འབྲས་ཤིག་ཡིན། དེང་རབས་སྤྱི་ཚོགས་ཁྲོད་མི་ཚོས་དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་བཏོན་པའི་བླང་བྱའང་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད། དངོས་པོའི་རིག་གནས་དགོས་མཁོ་ཁོ་ནའི་ཐོག་ནས་སྙིང་བསྡུས་བྱེད་མི་རུང་ལ་དཔལ་འབྱོར་འཛུགས་སྐྲུན་ཁོ་ནར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་མི་རུང་། དེའི་དོན་སྙིང་ཐོག་ནས་བཤད་ན། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གསར་པའི་ཞིབ་གླེང་གི་སྟོན་ཕྱོགས་ནི་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཡིན་པ་དང་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་དང་འབྲེལ་མཐུད་ཡག་པོ་ཐུབ་ཡོད་ལ་སྔར་བས་འབྲེལ་མཐུད་དམ་ཟབ་ཐུབ་ཡོད། དེས་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པར“རྗེས་ལུས”ཞེས་བརྗོད་དཀའ་བ་དང་འགལ་ཟླ་གཙོ་བོ་གསར་པའི་ཞིབ་གླེང་ལས་ཏང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་ལ་བརྡར་ཤ་གསར་པ་བཅད་པ་ཞིག་ཡིན་ཞེས་གསུངས། 

 བཞི། “རླབས་ཆེན་བཞི”

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཕན་ཚུན་འབྲེལ་བ་ཟབ་པ་དང་། ཕན་ཚུན་སྦྲེལ་ཡོད་པ། ཕན་ཚུན་ནུས་པ་ཐོན་གྱི་ཡོད། དེའི་ཁྲོད་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་དེ་ཡིན། རླབས་ཆེན་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་བར། རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་གཏོད་པ། རླབས་ཆེན་གྱི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་སྔ་ཕྱི་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་བློ་གཏད་བཅོལ་སར་་འགྱུར་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་སྔ་ཕྱི་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཧན་ཆིང་ཞང་གིས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་གྱི་ཉམས་མྱོང་ལ་རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་སྡོམ་བྱས་པ་ཚད་གཞི་མི་འདྲ་བའི་ཐོག་ནས“རླབས་ཆེན་བཞིའི”སྤྱིའི་བསམ་ཕྱོགས་ཀྱི་འགོ་ནས་མཇུག་བར་ཁྱབ་ཡོད། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ལའང“རླབས་ཆེན་བཞིའི”གཏན་ཚིགས་ཆ་ཚང་བ་ཞིག་ཡོད། “རླབས་ཆེན་བཞིའི”ནང་གནས་ཀྱི་གཏན་ཚིགས་འབྲེལ་བ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་དམིགས་ཚད་ལ་སྐུལ་འདེད་གཏོང་བ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་གྲུབ་སླ་བ་ཞིག་མིན་པར་ཤིན་ཏུ་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཧུར་ཐག་བྱེད་དགོས། རླབས་ཆེན་གྱི་འཐབ་རྩོད་དེར་འགོ་ཡག་པོ་ཁྲིད་པ་དང་འཐབ་རྩོད་དེ་ཡག་པོ་བྱེད་དགོས་ན། ངེས་པར་དུ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས།

ལྔ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ད་ལྟ་ནས2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཤིག་ཡིན། ཚོགས་ཆེན་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བླང་བྱ་ཁག་ལ་གཞིགས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བར་དམིགས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་མངོན་་གསལ་དོད་སར་འཇོག་པ་དང་། ལྷག་པར་དུ་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་རྒྱུ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐོབ་པ་བྱེད་དགོས་ཞེས་འཁོད་ཡོད།

རྒྱལ་ཁབ་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་པའི་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཝང་ཡུས་ཁའེ་ཡིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་ཞེས་པ་ནི་དུས་ཚོད་སྟོན་པའི་ཐ་སྙད་ཅིག་ཡིན་ཞིང་། ཞིབ་ཕྲ་ནི2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རེད། “ཕྱོགས་ཡོངས་ནས་བསྐྲུན་པ”ཞེས་པ་དེས་རྒྱལ་ཡོངས་ཀྱི་ས་གནས་ཚང་མ་དང་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས་པ་བསྟན་ཡོད། དཔེར་ན། རྫོང་དབུལ་པོ་831ཚང་མའི“དབུལ་ཞྭ”ཕུད་དགོས། དེ་ནི་འགྱུར་བ་མེད་པའི་དུས་ཚོད་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དེ་དངོས་གནས་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སུ་སླེབས་ཡོད། གལ་ཏེ“རྒྱལ་ཁ་ཕུ་ཐག་གཅོད་པའི”རྣམ་པའི་ཐོག་ནས་དམིགས་ཚད་མངོན་འགྱུར་མ་བྱས་ཚེ་ཕྱིས་འབྱུང་གི་དམིགས་ཚད་སྒྲུབ་པའི་ལས་དོན་སྤེལ་དཀའ་ཞེས་གསུངས།

དྲུག རྒྱང་སྐྱོད་ཀྱི་ལམ་བུ་གསར་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྦྲེལ་མཚམས་ཀྱི་དུས་ཤིག་ཡིན། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། བབ་བསྟུན་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུཌ་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུཌ་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བརྩམས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིཌ་ཚད་ཀྱི་ཕྱོཌ་སུའང་དཔུང་སྐྱོད་བྱེད་དགོས་ཞེས་དང་། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་རང་རྒྱལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཚེ། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་སུ་ཕྱེ་ནས་བཀོད་སྒྲིག་བྱེད་ཆོག་པ་སྟེ། དུས་མཚམས་དང་པོ་ནི་2020ལོ་ནས་2035ལོའི་བར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔ་འབད་འཐབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར། དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔ་འབད་འཐབ་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རེད་ཅེས་འཁོད་ཡོད།

རྒྱལ་ཁབ་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་པའི་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཡུས་ཁའེ་ཡིས། “རྒྱང་སྐྱོད་ལམ་བུ་གསར་པ”ཞེས་པ་ནི་དོན་གྱིས་སྟོངས་པའི་འབོད་ཚིག་དང་ཐ་སྙད་ཅིག་མིན་པར་དེའི་ནང་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་ཕྱོགས་མང་པོའི་ནང་དོན་འདུས་ཡོད། “རྒྱང་སྐྱོད་ལམ་བུ་གསར་པ”ཞེས་པ་བཏོན་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་དེང་གི་དུས་མཚམས་ཀྱི་དམིགས་ཚད་ཅིག་གྲུབ་པ་བྱེད་པར་ངོས་འཛིན་སྔར་བས་གསལ་པོ་ཞིག་ཆགས་པར་ཕན་ཐོགས་ཡོད་ལ། ང་ཚོས་དུས་རབས་གསར་པའི་དམིགས་ཚད་དང་། ལས་འགན། འཐབ་ཇུས་བཅས་གསལ་པོ་བཟོ་བར་ཕན་ཐོགས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཕན་ཚུན་མགོ་ཐུག་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དམིགས་ཚད་འགྲུབ་པ་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་དགོས།

བདུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ང་ཚོའི་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་མཐའ་འཁྱོངས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་བཅས་བྱས་ནས་དུས་རབས་ཀྱི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་གསར་པ་དང་ཟུང་འབྲེལ་དམ་ཟབ་ཀྱིས་མཐོང་རྒྱ་གསར་རྐྱང་གི་སྒོ་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་ཟབ་ཏུ་བཏང་བ་དང་དཀའ་སྤྱད་སྙིང་རུས་ཀྱིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་ཐོབ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ཡོད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཡན་ཧྲུའུ་ཧན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་རྩ་བའི་མཚོན་རྟགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིན། དགོངས་པ་དེ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཏང་དང་མི་དམངས་ཀྱི་ལག་ལེན་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་པ་ལྷོད་མེད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ཞེས་གསུངས།

བརྒྱད། ས་ཞིང་འགན་གཙང་ལེན་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་བའི་ཁར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འགན་གཙང་ལེན་པའི་ས་ཞིང་གི“དབང་ཆ་གསུམ”དབྱེ་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་འགྱུར་མེད་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་འཐིམས་རྗེས་ཡང་བསྐྱར་ལོ་30རིང་དུ་གཏོང་རྒྱུ།

རྒྱལ་ཁབ་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབང་ཡུས་ཁའེ་ཡིས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་འཐིམས་རྗེས་ཡང་བསྐྱར་ལོ་30རིང་དུ་བཏང་ནས་ཞིང་པ་ཚོར་སེམས་རྣལ་རིལ་བུ་ཞིག་སྦྱིན་པ་དང་། ས་ཞིང་འགན་གཙང་ལེན་པའི་ལམ་ལུགས་ནི་ཞིང་པ་ཚོས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་འགག་རྩའི་གནད་དོན་ཞིག་ཡིན་པས། དེའི་ཤུགས་རྐྱེན་ཧ་ཅང་ཆེ། གཏན་འབེབས་དེ་བྱས་རྗེས། རང་རྒྱལ་གྲོང་གསེབ་ཀྱི་ས་ཞིང་སྒྱུར་བཅོས་ལ་དམིགས་ཏེ་སྲིད་ཇུས་གསར་པ་བཏོན་ནས་སྲིད་ཇུས་ཀྱི་འབྲེལ་མཐུད་རང་བཞིན་འགན་ལེན་བྱ་རྒྱུ་ཡིན་པ་དང་། སྲིད་ཇུས་གསར་པ་རབ་དང་རིམ་པས་ཞིང་པའི་ས་ཞིང་ཁེ་དབང་འགན་ལེན་སྔར་བས་ཡག་པོ་བྱ་རྒྱུ་རེད་ཅེས་གསུངས།

དགུ ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པས། ངེས་པར་དུ་ཁྲིམས་སྐྱོང་ནན་ཏན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

རྒྱལ་ཁབ་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབང་ཡུས་ཁའེ་ཡིས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་དང་ལས་འགན་གཙོ་བོ་བཏོན་རྗེས། ཁྲིམས་ལྟར་རྒྱལ་སྐྱོང་ཐད་འགག་རྩའི་གོམ་སྟབས་གཅིག་སྤོས་ཡོད། “ཁྲིམས་སྐྱོང་རྒྱལ་ཁབ”དང་། “ཁྲིམས་སྐྱོང་སྲིད་གཞུང”“ཁྲིམས་སྐྱོང་སྤྱི་ཚོགས”“རྩ་ཁྲིམས་ལྟར་སྲིད་སྐྱོང་བ”“བཅའ་ཁྲིམས་ལྟར་སྲིད་སྐྱོང་བ”སོགས་བཏོན་པ་དེའི་ཐོག་ནས། རང་རྒྱལ་གྱི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དམིགས་ཚད་ཧ་ཅང་ཁ་གསལ་ཡོད་པ་མཚོན་ཐུབ། དམིགས་ཚད་ཁ་གསལ་བྱུང་ཡང་ཇི་ལྟར་དོན་འཁྱོལ་བྱ་རྒྱུ་ནི་སྔར་བཞིན་གནད་དོན་མངོན་གསལ་དོད་པོ་ཞིག་དང་མི་སེར་ཚོས་གཅིག་སྡུད་ཐོག་དོ་ཁུར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་དོན་ཚན་ཡོད་པ་ཙམ་གྱིས་མི་འདང་བར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྐྱོང་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས། ངས་བལྟས་ན། འགོ་ཁྲིད་ཚོགས་ཆུང་འཛུགས་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་འཛུགས་ཀྱི་འགན་ལེན་ཆེ་ཤོས་དེ་རེད། གཏན་འབེབས་འདིས་མིག་སྔའི་སྤྱི་ཚོགས་ཀྱིས་ཁྲིམས་འཛིན་དྲང་གཞག་ཡོང་བའི་རེ་འབོད་བྱས་པར་ཨ་ལན་བསློགས་ཡོད་པ་མ་ཟད། བཅའ་ཁྲིམས་ལ་བརྟེན་ནས་མི་སེར་གྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་པས་རང་རྒྱལ་འདི་ཉིད་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས།

བཅུ། ལང་ཚོའི་ཕུགས་འདུན།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ན་གཞོན་དར་ན་རྒྱལ་ཁབ་དར་བ་དང་། ན་གཞོན་སྟོབས་ཆེན་ཆགས་ན་རྒྱལ་ཁབ་སྟོབས་ཆེན་ཆགས། ན་གཞོན་རྣམས་ཕུགས་བསམ་ཡོད་པ་དང་། འཇོན་ཐང་ལྡན་པ། འགན་འཁྲི་འཁུར་ཐུབ་པ་བཅས་བྱུང་ཚེ་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ལྡན། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་། དངོས་ཡོད། འབྱུང་འགྱུར་བཅས་ཀྱི་ཕུགས་འདུན་ཡིན་པ་མ་ཟད། ང་ཚོ་རྒན་རབས་པ་ཚོའི་ཕུགས་འདུན་ཡིན་ལ་གཞོན་རབས་པ་ཚོའི་ཕུགས་འདུན་དེ་བས་ཀྱང་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འདི་གཞོན་ནུ་མི་རབས་ནས་མི་་རབས་ཀྱི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་ཡོང་རྒྱུ་ཡིན་པས། ཏང་ཡོངས་ཀྱིས་ན་གཞོན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོང་ཚོའི་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱ་རྒྱུར་གར་སྟེགས་གཏོད་དགོས། རྒྱ་ཆེའི་ན་གཞོན་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ཐོག་བླ་ན་མེད་པའི་ཕུགས་བསམ་བཅངས་ནས་ཏན་ཏན་ཏིག་ཏིག་གིས་དུས་རབས་ཀྱི་རླབས་གཤག་ཕོ་རྒོད་ཅིག་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་བསམ་སྒྲུབ་པ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ནས་ངོ་མཚར་ཆེ་བའི་མི་ཚེའི་ལེའུ་རྩོམ་དགོས།

ཀྲུང་དབྱང་གུང་གཞོན་སྡེ་ཚོགས་སློབ་གྲྭ(ཀྲུང་གོ་ན་གཞོན་ཆབ་སྲིད་སློབ་གླིང)ཀྲུང་གོའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ལག་བསྟར་ཡོན་ཀྲང་ལི་ཝེ་ཡིས། ན་གཞོན་ལ་སྐྱེ་སྟོབས་དང་གསོན་ཤུགས་དང་གསར་གཏོད་སྙིང་སྟོབས་ཆེན་པོ་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། ལང་ཚོའི་ཕུགས་འདུན་སྒྲུབ་པར། ན་གཞོན་ཚོས་ཐོག་མར་རྣམ་ཤེས་ཀྱི་བ་གམ་ལྟ་བུ་བཟོས་རྗེས་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་སྙེག་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་གདེང་ཚོད་བཞི་བརྟན་པོ་ཡོད་པ་བཅས་བྱེད་དགོས་པ་དང་། བླ་ན་མེད་པའི་ཕུགས་བསམ་བཅངས་ནས་ཏན་ཏན་ཏིག་ཏིག་གིས་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཐོག་ཕུགས་བསམ་མངོན་འགྱུར་བྱེད་པར་སློབ་སྦྱོང་ནས་འགོ་རྩོམ་པ་དང་བྱ་གཞག་སྒྲུབ་པར་འཇོན་ཐང་དང་གྲུབ་འབྲས་ལ་བརྟེན་དགོས་པའི་འདུ་ཤེས་འཛུགས་དགོས་པ། དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་དཀའ་སྤྱད་འབད་བརྩོན་བྱེད་ཕོད་པ་དང་། ལག་ལེན་ཧུར་ཐག་བྱེད་པ། གསར་གཏོད་བྱེད་མཁས་པ། གདོང་ལེན་པ་བྱ་རྒྱུ་བརྩོན་ལེན་བཅས་བྱས་ནས“འབད་འབུངས་ལྷོད་མེད་ཀྱི་ན་གཞོན”ཞིག་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།