ཀྲུང་གོ་བོད་ཀྱི་དྲ་བ།

ཆང་འཐུང་རྗེས་རླངས་འཁོར་སྐོར་ན་ཁྲིམས་ཆད་གཅོད་པ་མ་ཟད་ལས་ཞུགས་དང་ཕྱི་རྒྱལ་དུ་འགྲོ་རྒྱུར་ཡང་ཤུགས་རྐྱེན་ཐེབས་སྲིད།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

ད་ལོའི་ཟླ5ཚེས1ཉིན་བར“ཆང་འཐུང་རྗེས་རླངས་འཁོར་སྐོར་བ་བཙོན་ལ་འཇུག་རྒྱུ”ལག་ལེན་བསྟར་ནས་ལོ5སོང་བ་རེད། “ཆང་བཏུང་རྗེས་འཁོར་རིགས་མི་གཏོང་རྒྱུའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་དེ་བཞིན་ཁྲིམས་ལག་བསྟར་བྱེད་ཤུགས་དང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་སོང་བའི་དབང་གིས་ཆང་བཏུང་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཚད་གཞི་མཐོ་པོས་ཉུང་དུ་ཕྱིན་ཞིང་། ཟླ6ཚེས26ཉིན་གྱི་དགོང་དྲོའི་ཆུ་ཚོད10ཙམ་ལ་རྒྱལ་ཡོངས་སུ་གཅིག་གྱུར་ཐོག་ཆང་བཏུང་འཁོར་གཏོང་བྱ་སྤྱོད་ལ་ཞིབ་བཤེར་བྱེད་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ཉེན་རྟོག་པ200ཙམ་བཏང་ནས་ཆང་བཏུང་འཁོར་གཏོང་གི་ཁ་ལོ་བ་གསུམ་དང་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གཞན་དག59ཞིབ་བཤེར་ཐུབ་པ་རེད།

ཞིབ་བཤེར་ཐག་གཅོད་བྱེད་པ།

ཆང་བཏུང་འཁོར་གཏོང་དང་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་ཆེད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཆེད་མངགས་ཆང་བཏུང་འཁོར་གཏོང་ལ་རྡུང་རྡེག་གཏོང་བའི་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ཏེ་ཞིབ་བཤེར་ཐུབ་པའི་ཆང་བཏུང་འཁོར་གཏོང་ཁ་ལོ་བར་གཅིག་གྱུར་ཐོག་སྲིད་འཛིན་ཆད་པ་གཅོད་པ་དང་ར་བཟི་འཁོར་གཏོང་གི་ཁ་ལོ་བར་གཅིག་གྱུར་ཐོག་གྱོད་དོན་ཐོ་འགོད་ཀྱི་མྱུལ་ཞིབ་བྱ་རྒྱུ་མ་ཟད། ཉེས་ཁྲིམས་ལས་འགལ་མཁན་ལ་ད་དུང་ཁྲིམས་བཞིན་འབྲེལ་ཡོད་མི་སྣའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།

ཤོང་ཚད་ལས་བརྒལ་ནས་མི་དངོས་བླུགས་ཚེ། ཁ་ལོ་བར་ཉེས་ཆད་སྒོར200གཅོད་རྒྱུ་དང་སྐར་མ་གསུམ་གཅོག་རྒྱུ།

ཚེས26ཉིན་གྱི་ཆུ་ཚོད22དང་སྐར་མ25ཡི་ཐོག་གསར་འགོད་པ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་གཙང་བྲན་ལམ་དུ་བསྐྱོད། ཆང་བཏུང་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། མི་ཚད་ལས་བརྒལ་བ་བླུགས་པ། མྱུར་ཚད་ལས་བརྒལ་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་ཆེད་དམིགས་བསལ་ལས་སྒྲུབ་སྐོར་གཡེང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྔ་ས་ནས་ལམ་དཀྱིལ་དུ་ལམ་འགོག་བཙུགས་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་ཞིབ་བཤེར་བྱས་ཡོད། སྐབས་དེར་འགྲུལ་པ་བླུགས་པའི་འཁོར་རིགས་ཆུང་གྲས་ཤིག་ལྷོ་ངོས་ནས་བྱང་ངོས་སུ་དལ་བུར་གཏོང་སྐབས་མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་དེར་ཞིབ་བཤེར་བྱ་རྒྱུའི་ལག་བརྡ་བྱས་ཤིང་། མི་དམངས་ཉེན་རྟོག་པས་ས་ལམ་ཞུས་རྗེས་འཁོར་རིགས་དེར་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ནང་མི་ཚད་ལས་བརྒལ་བ་བླུགས་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། མི་རྒན་པ་གཉིས་ཀྱི་པང་དུ་ད་དུང་ཕྲུ་གུ་གཉིས་འཁུར་ཡོད་པ་དང་དེའི་ནང་ད་དུང་མི་རྒན་པ་ཅིག་ཁ་ལོ་བ་དང་ཁ་ལོ་བའི་འགྲམ་གྱི་རྐུབ་སྟེགས་དབུས་སུ་བསྡད་ཡོད་པ་དེས་ཁ་ལོ་བས་རླངས་འཁོར་གཏོང་རྒྱུར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།

ཞིབ་བཤེར་བྱེད་རིང་མི་དམངས་ཉེན་རྟོག་པས་འགྲུལ་སྐྱེལ་འཁོར་རིགས་ཆུང་གྲས་དེའི་ནང་གཏན་འཁེལ་བྱས་པའི་མི་གྲངས་ལྔ་ལས་བླུགས་མི་ཆོག་ཀྱང་མི་རྒན་པ་དྲུག་དང་ཕྲུ་གུ་གཉིས་བླུགས་ཡོད་པ་དེ་ཤོང་ཚད་ལས་བརྒལ་ནས་མི་ཚད་ལས་བརྒལ་བ་བླུགས་པའི་ཉེས་པ་བསགས་ཡོད། “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རླངས་འཁོར་གཏོང་མཁན་ཁ་ལོ་བ་དེར་མི་ཚད་ལས་་བརྒལ་བ་བླུགས་པར་ཉེས་ཆད་དངུལ་སྒོར་200དང་སྐར་མ་3གཅོག་རྒྱུའི་ཐག་བཅད་ཡོད”ཅེས་དམིགས་བསལ་ལས་སྒྲུབ་སྐོར་གཡེང་རུ་ཆེན་གྱི་ས་གནས་ས་ཐོག་ཏུ་ལས་ཀ་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་བྱུང་།

ཆང་བཏུང་རྗེས་རླངས་འཁོར་སྐོར་བའི་དོགས་པ་ཡོད་ཚེ། ཁ་ལོ་བར་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་པ།

ཚེས་26ཉིན་གྱི་དགོང་མོའི་ཆུ་ཚོད11དང་སྐར་མ25ལྷག་ཙམ་ཐོག་གསར་འགོད་པ་མི་དམངས་ཉེན་རྟོག་པའི་རྗེས་སུ་འབྲངས་ནས་ཅང་སུའུ་ཤར་ལམ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་གནས་སྐབས་ཞིབ་བཤེར་ས་ཚིགས་སུ་སླེབས་ཤིང་། དེར་འབྱོར་མ་ཐག་གསར་འགོད་པས་ཁ་ལོ་བ་ཞིག་གིས་ཆང་རག་ཞིབ་བཤེར་དང་ལེན་བྱེད་བཞིན་པ་མཐོང་བ་རེད། མི་དམངས་ཉེན་རྟོག་པས་ཆང་རག་ཞིབ་བཤེར་ཐེངས་དང་པོ་བྱས་པ་བརྒྱུད་ཁ་ལོ་བ་དེའི་ཆང་རག་འདུས་ཚད80.4mg/mlཟིན་པ་ཤེས་རྟོགས་བྱུང་བ་རེད། གནས་ཚུལ་དེ་ཤེས་རྟོགས་བྱུང་འཕྲལ་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་ཆང་བཏུང་འཁོར་གཏོང་དྲག་རྡུང་ཆེད་དོན་གྱོད་གཞི་ཚོགས་ཆུང་ལ་བརྡ་ཐོ་བཏང་བ་རེད།

“དོ་དགོང་ཞིབ་བཤེར་བྱུང་བའི་ཆང་བཏུང་འཁོར་གཏོང་དོགས་ཡོད་ཁ་ལོ་བ་འདི་ང་ཚོས་སྨན་ཁང་དུ་ཁྲག་བཤེར་བྱེད་པར་འཁྲིད་རྒྱུ་ཡིན། གལ་སྲིད་ཆང་བཏུང་འཁོར་གཏོང་ཡིན་པར་གཏན་འཁེལ་ཚེ་ཁ་ལོ་བ་དེར་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་རྒྱུ་ཡིན”ཞེས་ཆང་བཏུང་འཁོར་གཏོང་དྲག་རྡུང་ཆེད་དོན་གྱོད་གཞི་ཚོགས་པའི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པ་དང་། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་ནས་ལྷ་ས་གྲོང་ཁྱེར་གྱིས་ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་་ཀྱི་སྡེ་ཚན་ཁག་ནས་མི་སྣ་སྐོང་འཐེན་བྱས་ནས་ཆང་བཏུང་འཁོར་གཏོང་དྲག་རྡུང་ཆེད་དོན་གྱོད་གཞི་ཚོགས་ཆུང་་བཙུགས་པ་རེད།

ཆང་འཐུང་རྗེས་རླངས་འཁོར་སྐོར་ན་ཁྲིམས་ཆད་གཅོད་རྒྱུ་ཡིན་པས། ཁྱེད་ཀྱིས་ནམ་ཡང་བྱེད་མི་རུང་།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས། གལ་སྲིད་ཁྱེད་ནི་རྒྱལ་ཁབ་ཀྱི་ལས་བྱེད་པའམ་ཡང་ན་གཞུང་ལས་པ་ཞིག་ཡིན་ཚེ་ར་བཟི་འཁོར་གཏོང་བྱས་ན་ཁྲིམས་ཆད་གཅོད་པ་མ་ཟད། ད་དུང་ལས་ཁུངས་དང་ཏང་ཁོངས་ནས་འབུད་རྒྱུ་རེད། གལ་སྲིད་ཁྱེད་ཀྱིས་ར་བཟི་འཁོར་གཏོང་བྱས་ནས་ཁྲིམས་ཆད་ཕོག་ཚེ་ཕྱི་རྒྱལ་དུ་སྐྱོད་སྐབས་གནས་སྤོའི་རྒྱལ་གྲོལ་མཆན་འགོད་དང་རྒྱལ་ཕྱིར་སློབ་གཉེར་གྱི་རྒྱལ་གྲོལ་མཆན་འགོད་གཉེར་མི་ཐུབ་སྟེ། རྒྱུ་མཚན་ནི་རྒྱལ་ཁབ་མང་པོ་ཞིག་གིས་ནག་ཉེས་བསགས་མ་མྱོང་བའི་ཟིན་ཐོ་མཁོ་འདོན་བྱེད་རྒྱུའི་བླང་བྱ་འདོན་གྱི་ཡོད་པ་རེད། གལ་སྲིད་ཁྱེད་ཀྱིས་ར་བཟི་འཁོར་གཏོང་བྱས་ནས་ལས་འཛོལ་བྱུང་ཚེ་འགན་བཅོལ་ཀུང་སིས་གུན་གསབ་བྱེད་ཀྱི་མེད། གལ་སྲིད་ར་བཟི་འཁོར་གཏོང་བྱས་ན་མི་སྤྱོད་ཚན་པས་ཕྱིར་འབུད་བྱས་ཚེ་དཔལ་འབྱོར་གུན་གསབ་ཀྱང་རག་ཐབས་མེད་པ་རེད། གལ་སྲིད་ཁྱེད་ཀྱིས་ཀུང་སི་ཞིག་འཛུགས་འདོད་ཀྱང་ནག་ཉེས་བསགས་མྱོང་རྐྱེན་ལས་གཉེར་ལག་ཁྱེར་མི་རག་པའི་ཉེན་ཁའང་ཡོད། གལ་སྲིད་ཁྱེད་ཁྲིམས་རྩོད་དང་། བདེ་སྲུང་། མཁའ་འགྲུལ་སོགས་དང་། ཡང་ན་དམག་ཁོངས་སུ་ཞུགས་པ་དང་། དམག་མིའི་སློབ་གྲྭ་དང་། ཉེན་རྟོག་སློབ་གྲྭ། གཞུང་ལས་པ་སོགས་ལ་རྒྱུགས་སྤྲད་ཀྱང་ནག་ཉེས་བསགས་མྱོང་རྐྱེན་ཤུགས་རྐྱེན་ཐེབས་ཀྱང་སྲིད། ....... གལ་སྲིད་ཁྱེད་ནི་གཉེར་སྐྱོང་རླངས་འཁོར་ཞིག་གི་ཁ་ལོ་བ་ཡིན་ཚེ། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ར་བཟི་འཁོར་གཏོང་བྱས་ནས་ཁྲིམས་ཆད་ཕོག་ཚེ། ཡང་བསྐྱར་ཁ་ལོ་བའི་ལག་ཁྱེར་རག་ཀྱང་མི་ཚེ་གང་པོར་གཉེར་སྐྱོང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་བྱེད་ཆོག་གི་མེད། གལ་སྲིད་ཆང་བཏུང་འཁོར་གཏོང་ངམ་ར་བཟི་འཁོར་གཏོང་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་བྱུང་སྟེ་མི་སྣ་ཤི་རྨས་བྱུང་བ་དང་འཁོར་རིགས་ལ་སྐྱོན་ཤོར་ཚེ་མཇུག་འབྲས་དེ་བས་ཚབས་ཆེན་པོ་ཡོད། གལ་སྲིད་ཆང་བཏུང་འཁོར་གཏོང་ངམ་ར་བཟི་འཁོར་གཏོང་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་བྱུང་སྟེ་ཉེས་གསོག་གི་ཚད་གཞིར་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་མ་ཟད། ད་དུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཕྱིར་བསྡུས་ཏེ་མི་ཚེ་གང་པོར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་ལེན་ཆོག་གི་མེད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།