ཀྲུང་གོ་བོད་ཀྱི་དྲ་བ།

དབང་མོས་དོན་དངོས་རྫུན་བཟོ་བྱས་པར་ཉེས་ཆད་ག་འདྲ་ཕོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ

2006ལོའི་ཟླ3པའི་ཉིན་ཞིག་ལ། སྡེ་བ་ག་གེ་མོའི་སྡེ་མི་ཟླ་བས་ཁོ་ཚང་གི་ས་དོང་ནང་དུ་མིའི་བེམ་པོ་ཞིག་ཡོད་པ་མཐོང་ནས་མྱུར་དུ་སྤྱི་བདེ་ཅུའུ་ལ་ཉེན་བརྡ་བཏང་། སྤྱི་བདེ་ཅུའུ་ཡིས་ཉེན་བརྡ་འབྱོར་རྗེས་འཕྲལ་མར་དམག་ཤུགས་རྩ་འཛུགས་བྱས་ཏེ་མྱུལ་ཞིབ་བྱས། བརྟག་དཔྱད་བྱས་པ་ལྟར་ན་འདི་ནི་མི་གསོད་གྱོད་དོན་ཞིག་སྟེ། འདས་པོ་ནི་ལོ་བཅུའི་ཡར་སྔོན་དུ་གར་སོང་མ་ཤེས་པའི་དབང་ཆེ་གེ་མོ་ཡིན་པ་ཤེས་པར་མ་ཟད། ཉིན་དེར་དོགས་ཡོད་ཉེས་ཅན་ཚེ་སྐྱིད་ཀྱང་འཛིན་བཟུང་བྱས། ཚེ་སྐྱིད་ཀྱི་གྲོགས་མོ་དབང་མོས་ཚེ་སྐྱིད་ནི་ལག་དམར་ཡིན་པ་དཔེ་མི་སྲིད་པར་འདོད་དེ། དྲ་ཐོག་ནས་ཚེ་སྐྱིད་ལ་སྡུག་དམོད་བྱེད་མཁན་གྱི་དྲ་གྲོགས་ཚང་མའི་ཁོང་ཁྲོ་ཞི་ཆེད། ས་དེའི་སྤྱི་བདེ་ལས་ཁུངས་ཀྱི་མིང་གཡར་ནས་དྲ་རྒྱའི་གླེང་སྟེགས་སྟེང“གྲོང་ཁྱེར་ག་གེ་མོའི་མི་གསོད་དོན་རྐྱེན་དེ་གནས་ཚུལ་ངོ་མ་མིན་པ་དང་། DNAབརྟག་དཔྱད་ལྟར་ན་བེམ་པོ་དེ་དབང་ཆེ་གེ་མོ་མིན་པ། དོགས་ཡོད་ཉེས་ཅན་ཚེ་སྐྱིད་བཙོན་གྲོལ་བཏང་བ་སོགས་ཀྱི་གནས་ཚུལ་གྲོང་ཁྱེར་དེའི་བརྙན་འཕྲིན་ལས་ཐེངས་དུ་མར་བཏང་ངོ”ཞེས་པའི་གསལ་བསྒྲགས་སྤེལ། ཉིན་དེར། ས་དེའི་སྤྱི་བདེ་ཅུའུ་ཡི་དྲ་རྒྱ་ལྟ་ཞིབ་ཁང་གིས་དྲ་ངོས་སྐོར་ཞིབ་བྱེད་སྐབས་གནས་ཚུལ་དེ་མཐོང་བ་དང་། མྱུར་དུ་ས་གནས་དེའི་མངག་གཏོང་ཁང་དང་མཉམ་དུ་གྱོད་གཞི་འདི་ལ་རྩད་གཅོད་བྱས་པར་མ་ཟད། དབང་མོ་ཉིན་ལྔའི་རིང་བཀག་སྐྱིལ་བྱས། འོ་ན། དབང་མོས་དོན་དངོས་རྫུན་བཟོ་བྱས་པའི་བྱ་སྤྱོད་དེ་ལ་བདེ་འཇགས་དོ་དམ་བཅའ་ཁྲིམས་ཀྱི་ཆད་པ་བཅད་ཆོག་གམ།

ཁྲིམས་བཤད།

དབང་མོས་དྲ་རྒྱའི་སྟེང་འཆམ་གཏམ་སྤེལ་ཏེ་ཉེས་དོན་རྫུན་ཞུ་དང་། བསམ་བཞིན་དུ་ཐུན་མོང་གི་སྒྲིག་ལམ་ལ་གཏོར་བརླག་བཟོས་པས་ཁོ་མོར་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་སྟེ། འཆལ་གཏམ་སྤེལ་ཏེ་ཉེས་དོན་རྫུན་ཞུ་དང་རིམས་ནད་ཀྱི་གནས་ཚུལ་རྫུན་བཟོ། ཡང་ན་ཐབས་ལམ་གཞན་དག་ལ་བརྟེན་ནས་བསམ་བཞིན་དུ་ཐུན་མོང་གི་སྒྲིག་ལམ་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་དང་མེ་སྐྱོན། ཆུ་སྐྱོན། ས་ཡོམ། འགོས་ནད། མེ་སྐྱོན་ཉེན་བརྡ་སོགས་ཀྱི་གནས་ཚུལ་ཉེན་ཁ་ཅན་གྱི་རིགས་རྫུན་བཟོ་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་མི་གཞན་ལ་ཁྱབ་སྤེལ་བྱས་ཏེ་མང་ཚོགས་ལ་འཇིགས་སྐུལ་བ་དང་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོའི་རྒྱུན་ལྡན་གྱི་བྱ་བར་བར་ཆད་བཟོས་ནས་སྤྱི་ཚོགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བ། འགས་གཏོར་རང་བཞིན་དང་དུག་སྐྱོན་རང་བཞིན། འཕྲོ་ཁྱབ་རང་བཞིན། རུལ་སོང་རང་བཞིན་གྱི་དངོས་རྫས། འགོས་ནད་རང་བཞིན་གྱི་དངོས་ཟོག་བཀྲམ་པར་ཁ་གཡར་ཏེ་སྤྱི་ཚོགས་ཀྱི་ཐུན་མོང་སྒྲིག་ལམ་ལ་གཏོར་བརླག་བྱེད་པ། མེར་གཏོང་བ་དང་འགས་གཏོན་བྱེད་པ། ཉེན་ཁ་ཆེ་བའི་དངོས་པོ་བཞག་པའི་གཏམ་ངན་སྤེལ་ཏེ་ཐུན་མོང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་བྱ་སྤྱོད་དེ་དག་ལ་བཀག་སྐྱིལ་དང་ཆད་པ་བཅད་ཆོག

གོང་གི་གྱོད་དོན་འདི་ལས། དབང་མོས་སྤྱི་བདེ་ལས་ཁུངས་ཀྱི་མིང་གཡར་ནས་དྲ་རྒྱའི་སྟེང་ཁུངས་མེད་ལོང་གཏམ་གྱི་གནས་ཚུལ་རྫུན་བཟོ་བྱས་ཏེ་སྒྲོག་སྤེལ་བྱས་ཤིང་ཅང་མ་འགོར་བར་རྩད་ཆོད་ནའང་། དྲ་རྒྱ་བེད་སྤྱད་ནས་ཁྱབ་བསྒྲགས་བྱས་པ་དེའི་ཤན་ཤུགས་ཅུང་ཆེ་བས། ཚད་ངེས་ཅན་ཞིག་ནས་མང་ཚོགས་ལ་དོགས་པ་སྐྱེས་སུ་བཅུག་ཅིང་གྲོང་ཁྱེར་ག་གེ་མོའི་སྤྱི་བདེ་ཅུའུ་ཡི་མཚན་སྙན་ལ་གནོད་པ་དང་སྤྱི་ཚོགས་སྒྲིག་གཞི་ལ་གནོད་པ་སྐྱེལ་ཡོད། འོན་ཀྱང་དབང་མོས་དོན་དངོས་རྫུན་བཟོ་བྱེད་པའི་ཀུན་སློང་ནི་དྲ་གྲོགས་རྣམས་ཀྱིས་རང་གི་གྲོགས་པོར་སྡིགས་དམོད་མི་བྱེད་པའི་ཆེད་ཡིན་ལ། སྤྱི་བདེ་ལས་ཁུངས་ཀྱིས་དུས་ལྟར་རྩད་ཆོད་དེ་མཇུག་འབྲས་ཚབས་ཆེན་བཟོ་མ་ཐུབ་པས། ས་དེའི་སྤྱི་བདེ་ཅུའུ་ཡིས་ཁོ་མོ་ཉིན་ལྔའི་རིང་བཀག་སྐྱིལ་བྱས་པ་ནི་གཏན་ཁེལ་ཡང་དག་ཡིན་པ་དང་ཆད་གཅོད་བྱས་པའང་འོས་མཚམ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།