ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རྒྱལ་གྱིས་གནམ་གྲུའི་ནང་ཁ་པར་བཏང་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

ཚེ་རྒྱལ་གྱིས་རང་གི་གཉེན་ཉེ་ཞིག་ལ་ནད་ལྕི་མོ་ཞིག་བྱུང་བ་ཐོས་རྗེས། དུས་ཚོད་དམ་འཛིན་བྱེད་ཆེད་བྲེལ་འཚུབ་ངང་ཕྱིར་ཡུལ་དུ་ལོག་པའི་གནམ་གྲུར་བསྡད། གནམ་གྲུ་འཕུར་གྲབས་བྱེད་སྐབས་ཚེ་རྒྱལ་གྱིས་ཁྱིམ་གྱི་ནད་པའི་བདེ་སྡུག་བསམ་སྟེ་སེམས་ལ་འཚུབ་ཆ་ལངས་ནས་མཚམས་མེད་པར་གཉེན་ཉེ་ལ་ཁ་པར་བཏང་། གནམ་གྲུའི་ཞབས་ཞུ་པས་གནམ་གྲུའི་ནང་ནས་ཁ་པར་བཏང་ན་གནམ་གྲུའི་འཕུར་སྐྱོད་ཀྱི་བདེ་འཇགས་ལ་གནོད་པ་ཡོད་པའི་བརྡ་བརྒྱབ་བྱུང་། ཚེ་རྒྱལ་གྱིས་ཁོ་ཚོའི་བརྡ་ལ་མི་ཉན་པར་སྔར་བཞིན་གནམ་གྲུ་འཕུར་རག་བར་དུ་ཁ་པར་བཏང་། གནམ་གྲུའི་འཕུར་སྐྱོད་ཀྱི་བདེ་འཇགས་ཁག་ཐེག་བྱེད་ཆེད་གནམ་གྲུའི་ལས་བྱེད་ཚན་ཆུང་གིས་གནམ་གྲུ་ཕྱིར་ཧྲིན་ཀྲིན་གནམ་གྲུ་འབབ་ཐང་ལ་ལོག་པར་གཏན་ཁེལ་བྱས། གནམ་གྲུ་འབབ་ཐང་གི་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་ཚེ་རྒྱལ་ཕྱིར་ཁྲིད་ཡོང་སྟེ་འདྲི་རྩད་བྱས་པ་དང་། གཞན་ད་དུང་ཁོའི་ཉེ་འགྲམ་དུ་བསྡད་ཡོད་པའི་སྐུ་མགྲོན་སྐོར་ཞིག་བདེན་དཔང་མི་སྣ་བྱས་ཏེ་འདྲི་རྩད་བྱས། དོན་དག་གསལ་ཐག་ཆོད་པའི་རྗེས་སུ་གནམ་གྲུ་འབབ་ཐང་གི་བདེ་སྲུང་མི་སྣས་ཚེ་རྒྱལ་ལ་བདེ་འཇགས་བཀག་སྐྱིལ་གྱི་ཆད་པ་བཅད། ཚེ་རྒྱལ་གྱིས་ཁོ་བོར་ཆད་པ་གཅོད་རྒྱུ་ཡིན་པ་ཤེས་རྗེས། ང་ལ་དོན་དག་ཚབས་ཆེན་ཡོད་པས་གནམ་གྲུའི་ནང་ཁ་པར་བཏང་བ་ཡིན་ཞེས་བཤད། དེས་ན། ཚེ་རྒྱལ་གྱི་བཤད་སྟངས་དེ་འགྲིག་གམ།  

ཁྲིམས་བཤད།

ཚེ་རྒྱལ་གྱི་བཤད་སྟངས་དེ་ནོར་འདུག་སྟེ། ཁོའི་གནས་ལུགས་ཀྱང་གཞི་ཚུགས་མི་ཐུབ། བྱ་བ་ཇི་འདྲའི་གལ་ཆེན་ཡིན་རུང་གནམ་གྲུ་འཕུར་སྐབས(འཕུར་གྲབས་དང་འཕུར་སྐྱོད། འབབ་བཞིན་པ་བཅས་འདུས)ཁ་པར་བཏང་མི་ཆོག  ཚེ་རྒྱལ་གྱིས་ཁ་པར་བཏང་པའི་བྱ་སྤྱོད་དེས་གནམ་གྲུ་འཕུར་སྐྱོད་ཀྱི་བདེ་འཇགས་ལ་གནོད་རྐྱེན་ཐེབས་པས་ན་བདེ་འཇགས་ཆད་གཅོད་ཀྱི་ཆད་པ་བཅད་ན་འགྲིག  གནམ་གྲུ་འཕུར་སྐབས་མགྲོན་པོས་ཁ་པར་དང་གློག་རྡུལ་རིགས་ཀྱི་འཕྲུལ་ཆས་ཅིའི་ཕྱིེར་བཀོལ་མི་ཆོག་ཅེ་ན། རྒྱུ་མཚན་ནི་ཁ་པར་དང་གློག་ཀླད། སྒྲ་སྡུད་འཕྲུལ་འཁོར་བཅས་ཀྱི་སྐུད་མེད་བརྡ་འཕྲིན་དྲག་ཞན་གྱིས་གནམ་གྲུ་སྟེང་གི་མཁའ་སྐྱོད་ཡོ་བྱད་ལ་གནོད་ཤུགས་ཐེབས་སྲིད། གལ་ཏེ་སྐུད་མེད་བརྡ་འཕྲིན་གྱི་གྲངས་ཚད་དང་མཁའ་སྐྱོད་ཡོ་བྱད་ཀྱི་གྲངས་ཚད་གཅིག་འདྲའམ་ཡང་ན་ཉེ་མཚུངས་ཡིན་ན་གནམ་གྲུ་ལ་གཏོར་བརླག་ཆེན་པོ་བཟོ་བས། ཉེན་ཁ་ཧ་ཅང་ཆེ་བར་མ་ཟད་གནམ་གྲུ་དང་ས་ཐོག་གི་བརྡ་རྟགས་ལ་ཡང་བར་ཆད་བཟོ་ངེས། ལྷག་པར་དུ་གནམ་གྲུ་འཕུར་གྲབས་དང་མར་འབབ་སྐབས་སུ་གནོད་པ་དེ་བས་ཀྱང་ཆེ། གལ་ཏེ་ཕྱོགས་སྟོན་ཡོ་བྱད་ཀྱི་གཞི་འཛིན་གནས་ཡུལ་ཅུང་ཙམ་ནོར་སོང་ཚེ། གནམ་གྲུ་སར་ལྷུང་བ་སོགས་གནམ་གྲུ་འཕུར་སྐྱོད་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེ། དེ་ལས་གཞན། ཁ་པར་གཏོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་རྣོ་ཁབ་ལེན་གྱིས་བརྡ་རྟགས་བསྐྱལ་ནས་ཁ་པར་གྱི་བརྡ་མཚམས་མ་བཞག་པའི་སྔོན་དུ་མུ་མཐུད་དུ་ས་ངོས་ཀྱི་བརྡ་ཚིགས་ལ་འབྲེལ་བ་བྱེད་ཀྱིན་ཡོད་པས། བརྡ་རྟགས་སྐྱེལ་བའི་དུས་ཚོད་ཤིན་ཏུ་ཐུང་ན་ཡང་། མུ་འབྲེལ་རང་བཞིན་གྱི་ཤུགས་ཧ་ཅང་ཆེ་བས། གནམ་གྲུའི་ནང་འདུག་སྐབས་ལུས་ལ་ཁྱེར་ཡོད་པའི་གློག་རྡུལ་སྒྲིག་ཆས་རིགས་ཀྱི་གློག་སྒོ་རྒྱག་དགོས། གནམ་གྲུའི་སྟེང་བཀོལ་མི་ཆོག་པའི་གློག་རྡུལ་སྒྲིག་ཆས་ཀྱི་ནང་དུ་ཁ་པར་དང་རོལ་རྩེད་སྒྲིག་ཆས། རྒྱང་འཛིན་ཡོ་བྱད། སྐུད་མེད་གློག་སྡུད་སྒྲིག་ཆས། ལག་འཁྱེར་རྩིས་འཁོར། གླུ་དབྱངས་འཕྲུལ་ཆས། སྐུད་མེད་གློག་གིས་བརྡ་རྟགས་གཏོང་ཐུབ་པའི་བརྙན་ཁེལ་འཕྲུལ་འཁོར་སོགས་འདུས།

གོང་གསལ་གྱི་གྱོད་དོན་ལྟར་ན། ཚེ་རྒྱལ་གྱིས་གནམ་གྲུ་འཕུར་སྐབས་ཁ་པར་བཏང་བ་དེས་ཁ་པར་གྱི་རྣོ་ཁབ་ལེན་གྱིས་གནམ་གྲུ་ཁ་ལོ་སྒྱུར་བཞིན་པའི་མཁའ་སྐྱོད་ཡོ་བྱད་སྟེང་གི་ལམ་སྟོན་མ་ལག་ལ་གནོད་ཤུགས་ཐེབས་སྲིད་པས། འཕྲུལ་ཆས་རིགས་ཀྱི་ལག་ཆ་བཀོལ་སྤྱོད་བྱེད་པར་བཀག་སྡོམ་བྱས་ཡོད་པས་གསལ་བརྡ་ལ་མི་ཉན་མཁན་ལ་ཉིན་ལྔ་མན་གྱི་བཀག་སྐྱིལ་དང་ཡང་ན་སྒོར500མན་གྱི་ཆད་པ་གཅོད་དགོས། དེ་བས་གནམ་གྲུ་ཐང་གི་སྤྱི་བདེ་ཅུའུ་ཡིས་ཚེ་རྒྱལ་ལ་ཆད་གཅོད་བྱས་པ་ཡང་དག་ཡིན་པས། དེང་རབས་ཚན་རིག་ལག་རྩལ་གྱིས་བསྐྲུན་པའི་སྟབས་བདེ་ལག་ཆ་བདེ་སྤྱོད་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་ཁེལ་སྣང་མེད་དུ་བསྐྱུར་མི་རུང་། མི་རང་ཉིད་དང་གཞན་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་སྐབས་རང་ཉིད་ཀྱི་དགོས་དབང་ཙམ་ལ་མི་དམིགས་པར་གློག་ཆས་ཀྱི་སྒོ་བརྒྱབ་ཡོད་མེད་ལ་ཞིབ་ཏུ་བལྟ་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།