ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་སྐྱེལ་བྱས་པའི་ཆད་ཡིག་ལ་བཅའ་ཁྲིམས་ཀྱི་ནུས་པ་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 བློ་མཐུན་རྩོམ་སྒྲིག་པ་ལགས།

འཕྲིན་ལས་ཀྱིས་ངའི་ལག་ནས་སྒོར་མོ་འགའ་བསྐྱིས་མོད། འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས། ངའི་ལག་ཏུ་བརྙན་སྐྱེལ་བྱས་འོངས་པའི་ཆད་ཡིག་ཙམ་ལས་མ་ཡིག་མེད། རྒྱུ་མཚན་ནི་དང་ཐོག་ཆད་ཡིག་དེ་ཁོས་བྲིས་རྗེས་ང་ལ་བརྙན་སྐྱེལ་བྱས་པ་ཡིན་ལ། ངས་ཁོའི་ཡིག་གཟུགས་ངོས་ཟིན་པས། ཆད་ཡིག་དེ་ཁོའི་ཡིག་གཟུགས་ངོ་མ་རེད། འདིར་འདྲི་རྒྱུ་ཞིག་ནི། བརྙན་སྐྱེལ་བྱས་པའི་ཆད་ཡིག་དེ་ལ་བཅའ་ཁྲིམས་ཀྱི་ནུས་པ་ཡོད་དམ། གལ་ཏེ་ཁོས་ངའི་ལག་ནས་སྒོར་མོ་བསྐྱིས་པ་ཁས་མ་བླངས་ན། ངས་ཇི་ལྟར་བྱེད་དགོས་སམ།

                                                                                                                                                                                                                                                                                                                               ཀློག་པ་པོ་ཚེ་བརྟན་རྡོ་རྗེ་ནས།

བློ་མཐུན་ཚེ་བརྟན་རྡོ་རྗེ་ལགས།

ཁྲིམས་འཛིན་ལག་ལེན་ཁྲོད། བརྙན་སྐྱེལ་ཡི་གེ་ལ་བཅའ་ཁྲིམས་ཀྱི་ནུས་པ་མེད་པ་མཐའ་གཅིག་ཏུ་གཏན་འཁེལ་བྱས་མེད་མོད། འོན་ཀྱང་བརྙན་སྐྱེལ་ཡི་གེའི་བཅའ་ཁྲིམས་ནུས་པ་ནི་གནས་ཚུལ་ལ་བལྟས་ནས་གཏན་འཁེལ་བྱེད་དགོས་པ་ཞིག་རེད།

1. དོ་བདག་པས་བརྙན་སྐྱེལ་ཡི་གེའི་ནང་དོན་ཁས་ལེན་པ། 2.བརྙན་སྐྱེལ་སྟེང་བཀོད་ཡོད་པའི་ནང་དོན་དག་ཡིག་ངོས་ཀྱི་དཔང་རྟགས་གཞན་དག〔ཡིག་ཆ་དང་གློག་རྡུལ་སྦྲག་སྲིད་སོགས〕དང་མཐུན་དགོས། 3.བརྙན་སྐྱེལ་ཡི་གེའི་ངོས་སུ་བསྐུར་ཕྱོགས་ཀྱི་བརྙན་སྐྱེལ་འཕྲུལ་ཆས་ཀྱི་ཨང་གྲངས་དང་བཏང་བའི་ཉིན་སྐར་སོགས་གསལ་པོར་ཡོད་པ། 4.བརྙན་སྐྱེལ་བསྐུར་མཁན་གྱིས་བརྙན་སྐྱེལ་བསྐུར་བའི་དཔང་རྟགས་ཉར་ཚགས་བྱས་ཡོད་པ།

ཁྱོད་ཀྱི་གནས་ཚུལ་ལ་བལྟས་ན། གལ་ཏེ་བརྙན་སྐྱེལ་ཆད་ཡིག་དེ་སྒོར་མོ་བསྐུར་མཁན་གྱིས་དངོས་སུ་བྲིས་པ་ཡིན་མིན་མི་ཤེས་པའམ་ཡང་ན་ཅིག་ཤོས་ཀྱིས་བདེན་དཔང་གི་ནུས་པ་ཁས་མི་ལེན་ན། ངེས་པར་བདེན་དཔང་གཞན་པ་བཏོན་ནས་རོགས་འདེགས་བདེན་དཔང་བྱེད་དགོས། དཔེར་ན་སྒོར་མོ་ཆད་པའི་དོན་དངོས་ཀྱི་སྒྲ་ཕབ་དང་ཡང་ན་དངུལ་ཁང་ནས་སྒོར་མོ་བསྐུར་བའི་ཟིན་ཐོ། འབྲེལ་ཡོད་ཀྱི་དཔང་མི་དང་དཔང་ཚིག་སོགས་ལྟ་བུ།

བརྙན་སྐྱེལ་ཆད་ཡིག་དང་དཔང་རྟགས་གཞན་པ་འབྲེལ་མཐུད་བྱུང་སྟེ། བདེན་དཔང་མུ་འབྲེལ་ཆགས་སྐབས། དེ་ནི་དོན་དངོས་བདེན་དཔང་བྱེད་པའི་གཞི་འཛིན་ས་བྱེད་ཐུབ། དེའི་རྐྱེན་གྱིས་ཁྱོད་ཀྱིས་ཆད་ཡིག་དེར་རོགས་འདེགས་བྱེད་ཐུབ་པའི་འབྲེལ་ཡོད་བདེན་དཔང་གཞན་པ་འཚོལ་སྡུད་བྱེད་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།