ཀྲུང་གོ་བོད་ཀྱི་དྲ་བ།

གན་རྒྱའི་ནང་དུ་ཁ་གསལ་མ་བཀོད་པར་། ཁང་གླ་སྤར་བ་ལུགས་མཐུན་ཡིན་ནམ་མིན་།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་སར་ཡུལ་སྐོར་བ་མང་བའི་དུས་སླེབས་ཉེར་ཡོད་པ་དང་ལས་གྲྭའི་རྣམ་གྲངས་ཁག་ཀྱང་སྔ་རྗེས་སུ་ལས་འགོ་ཚུགས་བཞིན་ཡོད། ལྷ་སར་ཕྱི་ནས་ལས་མི་བྱེད་མཁན་ཇེ་མང་དུ་འགྲོ་བའི་དུས་སུ“ཁང་པ་གླ་དཀའ་བའི”གནད་དོན་ཇེ་མང་དུ་འགྲོ་བཞིན་ཡོད། རླངས་འཁོར་རུ་ཁག་ལྔ་པའི་སྡེ་ཁུལ་དུ་སྡོད་མཁན་ཀྲང་ཆེ་གེ་མོས་ན་ནིང་ཁང་བདག་དང་ལོ་གཅིག་གི་གན་རྒྱ་བཞག་པའི་དུས་ཚོད་སླེབས་ཉེར་ཡོད་པའི་སྐབས་སུ་ཁང་བདག་གི་ཁ་པར་འབྱོར་ནས་ཁང་གླ་སྤོར་རྒྱུ་ཡིན་ལུགས་བཤད་ཅིང་། དེའི་ཚེ་ཀྲང་ཆེ་གེ་མོ་ཁང་གླ་མཐོ་པོ་སྤྲོད་འདོད་མེད་པའི་ཁར་ཁང་པ་གཞན་ཞིག་འཚོལ་བའི་དུས་ཚོད་མེད་པས་ཅི་བྱ་གཏོལ་མེད་དུ་གྱུར།

A.གན་རྒྱའི་ནང་གསལ་པོ་མ་བཀོད་པར་ཁང་བདག་གིས་ཁང་གླ་སྤར་བ།

རླངས་འཁོར་རུ་ཁག་ལྔ་པའི་སྡེ་ཁུལ་དུ་སྡོད་མཁན་ཀྲང་གེ་ཆེ་མོ་ལྷ་སར་ལས་ཀ་བྱས་ནས་ལོ་གསུམ་ལས་ཕྱིན་མེད། ལོ་གཉིས་ཙམ་རིང་ཀྲང་ཆེ་གེ་མོས་ཁང་པ་ཐེངས་ལྔ་སྤོས་ཤིང་། ཉེ་ཆར་རླངས་འཁོར་རུ་ཁག་ལྔ་པའི་སྡེ་ཁུལ་དུ་ལོ་གཅིག་བསྡད་ཟིན་པའི་ཁོང་གིས་ཡང་བསྐྱར་ཁང་པ་གཞན་ཞིག་གླ་མ་ཐུབ་པའི་སེམས་ཁྲལ་བྱེད་བཞིན་ཡོད། “ད་ལྟ་དེར་གོམས་ནས་ཁང་པ་གཞན་ལ་སྤོ་འདོད་མི་འདུག ཡིན་ནའང་ཐབས་ཤེས་ཅི་ཡོད”ཅེས་རང་ཉིད་ཀྱི་སྡོད་ས་ལས་ཀ་བྱ་ཡུལ་དང་ཐག་ཉེ་བ་དང་། ཉི་མའང་ཡག་པོ་ཡོད་པས་སྡོད་འདོད་ཆེན་པོ་ཡོད་ཀྱང་ལོ་གཅིག་གི་གན་རྒྱའི་དུས་ཚོད་ཟིན་གྲབས་ཡོད་པའི་ཁར་ཁང་བདག་གིས་ཁང་གླ་སྤོར་རྒྱུ་ཡིན་ཚུལ་བཤད་པའི་ཀྲང་ཆེ་གེ་མོས་དེ་ལྟར་བརྗོད། ཉལ་ཁང་གསུམ་དང་ཚོམས་ཆེན་གཅིག་ལ་ཟླ་རེར་ཁང་གླ་སྒོར་2500སྤྲོད་ཀྱི་ཡོད། ད་ལྟ་ཁང་བདག་གིས་སྒོར་500སྤོར་རྒྱུ་ཡིན་ལུགས་བཤད་པས་ཀྲང་ཆེ་གེ་མོའི་ངོས་ནས་བརྗོད་ན་ཟླ་རེར་ཁང་གླ་སྒོར་3000མཐོ་དྲགས་པ་མ་ཟད། ཁང་པ་གཞན་འཚོལ་བར་འགྲོ་ཁོམ་ཡང་མེད་པའི་ཁར་གན་རྒྱའི་དུས་ཚོད་ཟིན་པར་ད་དུང་ཉིན་འགའི་ནང་ཁང་པ་གཞན་ཞིག་འཚོལ་བའི་དུས་ཚོད་མེད་པ་རེད།

“ཁང་པ་འཚོལ་རྒྱུ་དེ་དཀའ་ལས་ཆེན་པོ་འདུག ཉིན་འགའི་དུས་ཚོད་ནང་བློར་འབབ་པའི་ཁང་པ་ཞིག་རག་ཐུབ་ཀྱི་མ་རེད། ཁང་བདག་གིས་ཁང་གླ་སྤར་ན། སྔ་ཙམ་ནས་བརྡ་གཏོང་དགོས། དུས་ཚོད་ཐུང་ཐུང་ནང་ཁང་པ་ཇི་ལྟར་རག་སྲིད”ཅེས་ཀྲང་ཆེ་གེ་མོས་ཅུང་ཁོང་ཁྲོའི་ངང་དེ་ལྟར་བཤད། ཁང་བདག་གིས་ཁང་གླ་སྤར་ན་སྔོན་ནས་བརྡ་བཏང་སྟེ་ཁང་པར་སྡོད་མཁན་ལ་ཁང་པ་གཞན་འཚོལ་བའི་དུས་ཚོད་སྤྲོད་དགོས་པ་གཞན་གྱིས་དྲན་སྐུལ་བྱེད་དུས། ཀྲང་ཆེ་གེ་མོས་གན་རྒྱ་འཇོག་སྐབས་བྲེལ་འཚུབ་ཆེ་བས་དེ་ལྟར་དྲན་མ་བྱུང་། གན་རྒྱའི་ནང་དེའི་སྐོར་གསལ་པོ་བྲིས་མེད་པས་ཕར་ལ་གནས་ལུགས་ཤོད་ཐབས་བྲལ་སོང་ཞེས་བཤད།

B.དུས་ཚོད་འདིར་བོགས་གཏོང་ཁང་པ་ཧ་ཅང་ཐ་ཁང་བ།

ཁང་བདག་གིས་ཁང་གླ་སྤོར་རྒྱུ་ཡིན་པ་ཀྲང་ཆེ་གེ་མོས་གོ་རྗེས་ཁང་པའི་མཚམས་སྦྱོར་ལས་ཀ་ལོ་མང་བྱེད་མྱོང་བའི་ལས་དོན་པ་ཞིག་གིས་ལོ་གསར་ཚར་རྗེས་གནམ་གཤིས་དྲོ་རུ་སོང་བ་དང་བསྟུན་ནས་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ་དང་། ལས་གྲྭ་ཁག་ལས་འགོ་ཚུགས་པ། ཡུལ་སྐོར་བ་དང་ལས་མི་ཇེ་མང་དུ་འགྲོ་དུས་ཁང་གླར་ཡང་འགྱུར་ལྡོག་འགྲོ་ངེས་རེད། “དེ་ནི་ཆོས་ཉིད་ཅིག་ཡིན། འདིར་རྒྱུན་དུ་སྡོད་མཁན་གྱིས་དགུན་ཁར་ཁང་པ་གླས་ན་ཡག་པོ་ཡོད། དེ་དུས་མི་མང་ཆེ་བ་ནང་སར་ལོག་ནས་ཁང་པ་སྟོང་པ་མང་པོ་ལྷག་ཡོད་པས་ཁང་པ་གླ་བདེ་པོ་ཡོད”ཅེས་ལས་དོན་པས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ལས་མི་མང་པོ་གྲོང་ཁྱེར་དུ་ཡོང་བ་དང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བའི་རྐྱེན་གྱིས་ལྷ་སར་བོགས་གཏོང་ཁང་པ་ཁ་ཐང་པོ་ཡོད། “ཉལ་ཁང་གཅིག་དང་ཚོམས་ཆེན་གཅིག་དང་། ཉལ་ཁང་གཉིས་དང་ཚོམས་ཆེན་གཅིག་མཁོ་མཁན་ཅུང་མང་བས་ཁང་པ་དེ་རིགས་དཀོན་པོ་ཡོད”ཅེས་ལས་དོན་པས་བཤད་པ་དང་། ཡང་ཁོང་གིས་བོགས་གཏོང་ཁང་པའི་ཁང་གླ་ལོ་གོང་མ་ལས་ཅུང་འཕར་བ་དང་ཁང་པའི་བཟོ་ལྟ་ལྟར་ཟླ་རེར་སྒོར་200ནས་500བར་འཕར་ཡོད། ལྷ་སའི་བོགས་གཏོང་ཁང་པའི་ཁང་གླ་ལོ་གཉིས་ནང་འཕར་ཚད་གཅིག་མཚུངས་བསྡད་མེད་ཅེས་བཤད།

ལས་དོན་པས་ད་ཆ་མི་མང་པོས་དྲ་རྒྱའི་ཐོག་ནས་ཁང་པ་གླ་གི་ཡོད། དེ་ལྟར་བྱས་ན་སྟབས་བདེ་བ་དང་དངུལ་གྲོན་ཆུང་ཐུབ་ནའང་དྲ་རྒྱའི་ཐོག་ཁང་པ་གླ་སྐབས་ངེས་པར་དུ་གཟབ་ནན་བྱས་ནས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། ཁང་བདག་གི་གནས་ཚུལ་གསལ་པོ་གཏན་འཁེལ་མ་བྱུང་གོང་གཏའ་མ་གང་བྱུང་དུ་སྤྲོད་མི་ཉན། གཏའ་མ་སྤྲོད་པའི་སྐབས་ངེས་པར་ཁྲིམས་མཐུན་གྱི་ཡི་གེའི་བྱུང་འཛིན་བཞག་ནས་དེའི་དམིགས་ཡུལ་དང་། དངུལ་གྱི་ཁ་གྲངས། དུས་ཚོད་བཅས་གསལ་པོ་འགོད་དགོས། གཞན་ཡང་པར་རིས་མཛེས་པོ་བཀོད་པ་དང་ཁང་གླ་ཁེ་པོ་བཀོད་པར་དོགས་ཟོན་བྱེད་དགོས། ཤོད་རྒྱུན་ལ་དཀའ་བ་མ་སྤྱད་པར་དངོས་གྲུབ་མི་ཐོབ་ཅེས་པའི་དཔེ་ལྟར་ཁང་པ་དེ་རིགས་དངོས་སུ་ཡོད་ཀྱང་ཁང་བདག་གིས་གོང་ཁེ་པོའི་ངང་བོགས་མར་གཏོང་གི་ཡོད་པར་གཞན་གྱིས་མི་ཤེས་པའི་རྒྱུ་མཚན་ཡོད་སྲིད་ཅེས་ལས་དོན་པས་དྲན་སྐུལ་བྱས།

C.ཁང་གླ་སྤར་ཚེ་གན་རྒྱའི་ནང་གསལ་པོ་འགོད་དགོས།

ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་མཚམས་སྦྱོར་རྩ་འཛུགས་མང་པོར་གསར་འགོད་པས་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲང་ཆེ་གེ་མོའི་གནས་ཚུལ་འདི་རིགས་ནི། ཁང་པ་བོགས་མར་མ་བླངས་གོང་གན་རྒྱའི་ནང་གསལ་པོ་འགོད་དགོས། “ཁང་གླར་འགྱུར་ལྡོག་གཏོང་བ་དང་དེ་མིན་གྱི་གནས་ཚུལ་གང་ཡིན་རུང་གན་རྒྱའི་ནང་ངེས་པར་དུ་གསལ་པོ་བྲིས་ཚེ་དོན་མེད་ཀྱི་རྙོག་དྲ་མང་པོ་ཡོང་མི་སྲིད”ཅེས་ལས་དོན་པས་བཤད།

ཁང་པ་བོགས་མར་གཏོང་ཐབས་མང་པོ་ཡོད། སྤྱིར་ན་མཚམས་སྦྱོར་རྩ་འཛུགས་བརྒྱུད་པ་དང་། རང་ཉིད་དང་ཁང་བདག་དབར་གདོང་ཐུག་ནས་སྐད་ཆ་བྱས་པ་གཉིས་ཡོད། སྡོད་ཁང་མཚམས་སྦྱོར་བྱེད་མཁན་བརྒྱུད་མཚམས་སྦྱོར་རྩ་འཛུགས་དང་གན་རྒྱ་བཞག་ན་གན་རྒྱའི་ནང་དོན་ཅུང་ཆ་ཚང་བས། གནད་དོན་ལྷག་ཚེ་ཐད་ཀར་མཚམས་སྦྱོར་རྩ་འཛུགས་བཙལ་ན་འགྲིག་པས་རང་ཉིད་ཀྱིས་ཉེན་ཁ་ཆེན་པོ་དེ་ཙམ་འཁུར་དགོས་མེད། ཡིན་ནའང་མཚམས་སྦྱོར་རྩ་འཛུགས་ཀྱིས་ཞབས་ཞུའི་འགྲོ་གྲོན་བསྡུ་བ་དང་སྤྱིར་བཏང་ཟླ་རེ་བྱས་ནས་ཁང་གླ་གཏོང་གི་ཡོད། ཡང་རང་ཉིད་དང་ཁང་བདག་གདོང་ཐུག་ནས་སྐད་ཆ་བྱས་པ་དེས་མཚམས་སྦྱོར་གྱི་འགྲོ་གྲོན་སྤྲོད་མི་དགོས་ནའང་། ཁང་པ་བོགས་མར་གཏོང་མཁན་གྱི་ཉམས་མྱོང་དེ་ཙམ་མེད་ཚེ་དཀའ་ཉེན་ཆེན་པོ་འཕྲད་སྲིད།

“གན་རྒྱ་མ་བཞག་གོང་། ཁང་པ་གླ་མཁན་གྱིས་ཁང་བདག་ལ་མཚམས་སྦྱོར་རྩ་འཛུགས་ཀྱིས་བདེན་དཔང་བྱས་པར་བརྟེན་ནས་ཁང་པའི་སྤ་སེ་དང་ཐོབ་ཐང་ལག་ཁྱེར་འདོན་དགོས་པ་དང་། ཡག་ཤོས་བྱུང་ན་མི་གཞན་གྱིས་དཔང་པོ་བྱས་ཚེ་མགོ་སྐོར་ཐེབས་པ་སོགས་མི་ཡོང་། གན་རྒྱ་མ་བཞག་གོང་ཁང་པ་གླ་མཁན་གྱིས་རོགས་པ་འཁྲིད་དེ་ཁང་བདག་དང་མཉམ་དུ་ཁང་པའི་སྒྲིག་བཀོད་དང་འཛིན་ཆས་སོགས་ལ་ཞིབ་བཤེར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།