ཀྲུང་གོ་བོད་ཀྱི་དྲ་བ།

དངུལ་ཁང་ལས་མིས་ཧ་རེ་ཧུ་རེས་དངུལ་སྨར་ཐོལ་པ་སྤྲད། མི་དམངས་ཉེན་རྟོག་ཕྱོགས་ནས་བར་འདུམ་བྱས་ཏེ་ལེན་རོགས་བྱས།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་ཤས་གོང་། རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་ཟླ་3ཚེས་28ཉིན་གྱི་ཉིན་དགུང་ཆུ་ཚོད་12ཙམ་ལ་དངུལ་ཁང་ཞིག་གི་ལས་མིས་ལས་སྒོའི་འགྲོ་ལུགས་གཉེར་སྐབས་མི་དམངས་ཤོག་སྒོར་ཁྲི་བཅུ་ཆག་གཅིག་ཁྲི་ལྔར་བརྩིས་ནས་འཛད་སྤྱོད་པར་སྤྲད་པས། དངུལ་ཁང་ལ་གྱོང་གུན་སྒོར་ཁྲི་ལྔ་ཕོག་སོང་ཞེས་པའི་ཁ་པར་ཞིག་འབྱོར། དངུལ་ཁང་དང་འཛད་སྤྱོད་པའི་དབར་ནང་གྲོས་བྱས་རུང་གནས་ཚུལ་ཐག་མ་ཆོད་པར་མི་དམངས་ཉེན་རྟོག་ལ་སྙན་སེང་ཞུས། སྙན་སེང་འབྱོར་བའི་ཉིན་དེར་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མཐུན་སྦྱོར་དང་བར་འདུམ་ཧུར་ཐག་བྱས་མཐར་དངུལ་ཐོལ་པ་རྣམས་ཚུར་ལེན་ཐུབ་པ་བྱུང་ཡོད།

A. སྒོར་ཁྲི5ལེན་སྐབས་ཁྲི10རག་པ།

ཉིན་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་རྔ་ཆེན་ལམ་གྱི་སྡེ་ཁུལ་ཞིག་ཏུ་སྡོད་མཁན་ཁུང་ཆེ་གེ་མོས་གནས་ཚུལ་དེ་འདྲ་རང་ཉིད་ལ་འཕྲད་སྲིད་པ་ད་ལྟའང་ཡིད་ཆེས་ཀྱི་མེད། ཟླ3ཚེས28ཉིན་ལས་གྲྭའི་དངུལ་སྤྲོད་དགོས་པས། ཁུང་ཆེ་གེ་མོ་རྔ་ཆེན་ལམ་གྱི་དངུལ་ཁང་ཞིག་ཏུ་དངུལ་སྒོར་ཁྲི5ལེན་པར་ཕྱིན། དངུལ་འབོར་མང་བས་ཁུང་ཆེ་གེ་མོས་སྤ་སེ་བླངས་ཏེ་དངུལ་ཁང་གི་སྒེའུ་ཁུང་མདུན་དུ་བང་བསྒྲིགས་ནས་བསྡད།

དེ་ནས་ལས་སྒོ་བདེ་བླག་ངང་བསྒྲུབས་པ་དང་ཁུང་ཆེ་གེ་མོའི་རེ་བ་ལྟར་གཙང་རྩིས་དང་དངུལ་རྣམས་ཆག་པ་བརྒྱབ་རྗེས་དངུལ་ཁང་གི་ལས་མིས་གནས་ཐང་སྒོར་50ཡི་མི་དམངས་ཤོག་སྒོར་ཁྲི་བཅུ་ཡི་ཆག་པ་ཞིག་ཁོང་ལ་སྤྲད། ཉིན་དེའི་དགོང་མོར་ཁུང་ཆེ་གེ་མོར་དངུལ་ཁང་ནས་ཁ་པར་འབྱོར་ཏེ་དངུལ་ཁང་གི་ལས་མིའི་ནོར་འཁྲུལ་གྱིས་རྐྱེན་པས་སྒོར་ཁྲི་བཅུ་སྒོར་ཁྲི་ལྔར་བརྩིས་ཏེ་ཁོང་ལ་སྤྲད་པས་ད་ལྟ་ཚུར་སློག་རྒྱུའི་རེ་བ་བཏོན།

དེ་ཉིན་ཐོན་པའི་གནས་ཚུལ་དེ་འདྲ་རེད་འདུག དངུལ་ཁང་ནས་དངུལ་བླངས་རྗེས་ཁོང་གིས་རྩིས་གསལ་པོ་མ་བརྒྱབ་པར་དེ་དག་ཐད་ཀར་ལས་གྲྭའི་འགན་འཁུར་བར་སྤྲད། ད་ལྟ་གློ་བུར་དུ་དངུལ་ཁང་གི་ཁ་པར་འབྱོར་ནས་རང་ཉིད་ཀྱིས་དངུལ་ཐོལ་པ་བླངས་འདུག་ཅེས་ཟེར་སྐབས་ཅི་བྱ་གཏོལ་མེད་དུ་གྱུར། དངུལ་ཁང་དང་ཁུང་ཆེ་གེ་མོའི་དབར་ནང་གྲོས་བྱས་རུང་གནས་ཚུལ་ཐག་མ་ཆོད་པར་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་སྙན་སེང་ཞུས།

B. མི་དམངས་ཉེན་རྟོག་པས་བར་འདུམ་བྱས་ནས་སྒོར་ཁྲི་5ཚུར་ལེན་རོགས་བྱས་པ།

ཟླ3ཚེས29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་གཡས་གཡོན་དུ་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་དངུལ་ཁང་གི་སྙན་སེང་ཁ་པར་འབྱོར། དུས་ཚོད་རིང་པོ་སོང་བ་མ་ཟད། དངུལ་གྲངས་མང་བ་དང་དངུལ་འདེད་དཀའ་བས་རྔ་ཆེན་ནུབ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཤི་ལོག་ཚེ་རིང་གིས་རུ་སྣེ་འཁྲིད་དེ་གྱོད་གཞི་དེ་ཆེད་མངགས་སྒྲུབ་འགན་འཁུར།

དངུལ་ཁང་གིས་མཁོ་འདོན་བྱས་པའི་ཁུང་ཆེ་གེ་མོའི་ཁ་པར་ཨང་གྲངས་བརྒྱུད་ཁོང་གི་སྡོད་གནས་བཙལ། ཤི་ལོག་ཚེ་རིང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ལི་ཧྲའོ་ཕུའུ་དང་ལས་རོགས་ཉེན་རྟོག་པ་བཀྲ་ཤིས་འཁྲིད་དེ་དོ་བདག་ཁུང་ཆེ་གེ་མོ་འཚོལ་བར་ཕྱིན། མི་དམངས་ཉེན་རྟོག་པའི་རོགས་རམ་འོག་དངུལ་ཁང་གིས་སྒོར་ཁྲི་བཅུ་པོ་དེ་དག་ཁྲི་ལྔར་བརྩིས་ནས་རང་ཉིད་ལ་སྤྲད་པ་གཞི་ནས་གསལ་པོ་ཤེས། ཡིན་ནའང་ཁུང་ཆེ་གེ་མོ་ནི་ནོར་འཁྲུལ་ཤོར་མཁན་མིན་པ་དང་དེས་མ་ཚད་དངུལ་དེ་དག་ཨར་ལས་རུ་ཁག་ལ་སྤྲད་ཟིན་པས་འདེད་ཁག་པོ་ཡོད།

ཤི་ལོག་ཚེ་རིང་གིས་ཁུང་ཆེ་གེ་མོར་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་དེ་ཉིན་དགོང་མོའི་ཆུ་ཚོད་9པར་ཁུང་ཆེ་གེ་མོ་དང་དངུལ་ཁང་གཉིས་དབར་བསམ་གཞིག་བྱས་ནས་མི་དམངས་ཤོག་སྒོར་ཁྲི་5དངུལ་ཁང་ལ་སློག་རྒྱུའི་མོས་མཐུན་བྱས། ངང་རྒྱུད་རིང་པོས་བསམ་བློའི་སློབ་གསོ་ཆུ་ཚོད་གསུམ་བརྒྱབ་པ་བརྒྱུད། རྔ་ཆེན་ནུབ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དངུལ་དེ་དག་ཚུར་བླངས་ནས་དངུལ་ཁང་ལ་གྱོང་གུན་མི་ཕོག་པ་བྱས་པ་རེད།

C. ལུགས་དང་མ་མཐུན་པའི་ཁེ་ཕན་ཡིན་ཕྱིན་ཕྱིར་སློག་བྱེད་དགོས།

མིག་སྔར་གསར་འགྱུར་ནང་གྱོད་གཞི་དེ་རིགས་མང་པོ་མཐོང་རྒྱུ་ཡོད་ཀྱང་དེའི་མཇུག་འབྲས་ནི་ཧ་ཅང་ཚབས་ཆེན་པོ་ཡོད། དེའི་ནང་རྒྱུ་མཚན་མང་ཆེ་བ་ནི་དངུལ་ཁང་གི་ལས་དོན་པས་ལས་ཀ་བྱེད་སྐབས་ཧ་རི་ཧུ་རི་བྱས་པའི་རྐྱེན་གྱིས་དངུལ་ཁང་ལ་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་ཕོག་པ་དང་ཡང་འགའ་ཞིག་ནི་གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་དབང་གིས་རེད།

“《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ〉གྱི་གནད་དོན་འགའ་ཞིག་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར(ཚོད་ལྟའི་ལག་བསྟར)》གྱི་དོན་ཚན131ནང་ཁྲིམས་ལ་མ་བསྟུན་པར་ལུགས་དང་མ་མཐུན་པའི་ཁེ་ཕན་ཐོབ་ཐབས་བྱས་ནས་གཞན་ལ་གྱོང་གུན་བཟོས་པའི་རིགས་ཡིན་ཕྱིན། ཐོབ་པའི་ཁེ་ཕན་རྣམས་གྱོང་གུན་ཕོག་མཁན་ལ་ཕྱིར་སློག་བྱེད་དགོས”ཞེས་ཤི་ལོག་ཚེ་རིང་གིས་ཤོད་བཞིན་དུ་ལུགས་དང་མ་མཐུན་པའི་ཁེ་ཕན་ཁྲོད་ནས་ངལ་ལས་དོ་དམ་གྲོན་དངུལ་འཐེན་རྗེས་ཚང་མ་བསྡུ་དགོས་པའི་དབྱེ་ཞིབ་བྱས་པ་རེད།

གོང་གསལ་གྱི་གྱོད་གཞིའི་ནང་ཁུང་ཆེ་གེ་མོར་ཐོབ་པའི་ཁེ་ཕན་ནི་ལུགས་དང་མ་མཐུན་པ་ཞིག་ཡིན། རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གལ་ཏེ་གནས་ཚུལ་དེ་རིགས་འཕྲད་ཚེ། དུས་ཐོག་ཏུ་དངུལ་དོ་བདག་ལ་སྤྲོད་པའམ་ཡང་ན་ཉེན་རྟོག་ས་ཚིགས་ལ་ཁ་པར་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།