ཕོ་ཁ་འཁྱམས་ཤིག་གིས་བཟོས་པའི་ཆག་སྒོ།

——ཁྲག་དྲི་འཐུལ་བའི་དངོས་བྲིས་ཤིག  TE3ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ཁ་འཁྱམས་ཤིག་དང་མོ་རྐྱང་ཞིག་ལོ་འགའ་ལ་བཟའ་འདུག་བྱེད་སྐབས་རྒྱུན་དུ་ཁ་རྩོད་ལངས་པ་དང་། རིམ་བཞིན་ཕན་ཚུན་དབར་གྱི་འགལ་བ་ཛ་དྲག་ཏུ་གྱུར་པས། ཁྱོ་གས་ལག་ཏུ་གྲི་བཟུང་ནས་ཞེ་འཁོན་ཆེན་པོས་ཆུང་མའི་རྗེས་དེད་དེ་མོའི་ཕ་མའི་ཁྱིམ་དུ་སླེབས་རྗེས། མི་གཅིག་དམར་གསོད་བྱས་པ་དང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་མཐར་བྲོས་བྱོལ་བྱས།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཁུལ་ཡན་ལག་ཁང་གི་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉིན་བཞིའི་དུས་ཚོད་སྤྱད་དེ། དོགས་ཡོད་ཉེས་ཅན་ཁོའི་ཕ་ཡུལ་ཀན་སུའུ་ཀན་ཀུའུ་ནས་འཛིན་བཟུང་བྱས་པ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ3པའི་ཚེས3ཉིན་གྱི་ཆུ་ཚོད12སྟེང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཁུལ་ཡན་ལག་ཁང་གི་ཨེར་ཧྲི་ལི་ཕུའུ་མངག་གཏོང་ཁང་ལ་མང་ཚོགས་ཀྱིས་གྱོད་དོན་སྙན་སེང་ཞུ་བའི་ཁ་པར་འབྱོར་ཏེ། མི་ཞིག་གིས་གཞིས་ཁུལ་ག་གེ་མོ་རུ་མི་བསད་འདུག་ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཁ་པར་འབྱོར་རྗེས། ཉེན་རྟོག་པ་ལམ་སེང་གྱོད་དོན་བྱུང་སར་འབྱོར། ཡུལ་དངོས་སུ་ཉེན་རྟོག་པས་ལོ70ལྷག་ཙམ་ལ་སླེབས་པའི་རྒན་མོ་ཞིག་ཁྲག་ནང་དུ་འགྱེལ་འདུག་པ་མཐོང་ཞིང་། གཞན་ད་དུང་ལོ་ན་བཞི་བཅུར་སོན་པའི་བུད་མེད་ཅིག་དང་སྐྱེས་པ་ཞིག་ལའང་རྨས་སྐྱོན་ཚབས་ཆེན་བཟོས་འདུག་པ་མཐོང་། གྱོད་གཞིའི་གནས་ཚུལ་ཚབས་ཆེན་ཡིན་སྟབས་མི་དམངས་ཉེན་རྟོག་པས་རྨས་མ་མྱུར་སྐྱོབ་རླངས་འཁོར་ནང་བཞག་སྟེ། སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་དུ་བཅུག་རྗེས། འཕྲལ་མར་ཡན་ལག་ཅུའུ་ཡི་འགོ་ཁྲིད་ལ་ཡར་ཞུ་བྱས་ཤིང་། ཉེས་དོན་ཉེན་རྟོག་པ་མངགས་ཏེ་རོགས་སྐྱོར་བྱ་དགོས་ཚུལ་ཞུས་པས། སྐར་མ་འགའི་རྗེས་སུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པའང་གྱོད་དོན་བྱུང་སར་བསླེབས།TE3ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉེན་རྟོག་པས་གནས་ཚུལ་མཐོང་མཁན་གྱི་མིར་འདྲི་རྩད་བྱས་པ་བརྒྱུད།  མི་དར་མ་ཞིག་གཞིས་ཁུལ་དུ་ཡོང་ནས་སྒྲོལ་མ་དང་མོའི་ཨ་མ། ནུ་བོ་གསུམ་ལ་ཁ་རྩོད་བྱུང་བ་དང་། དེའི་འཕྲོར། ཉེས་ཅན་དེས་རིང་ཚད་ལ་ཕལ་ཆེར་ལིས་རྨིད30ཡས་མས་ཅན་གྱི་གྲི་ཞིག་བཟུང་སྟེ་སྒྲོལ་མའི་ནུ་བོའི་སྟེང་དུ་བརྒྱུགས། སྐབས་དེར་སྒྲོལ་མའི་ཨ་མས་བར་འགོག་གྲབས་བྱས་ཏེ་རང་གི་བུའི་གམ་དུ་བརྒྱུགས།བསམ་ཡུལ་ལས་འདས་པ་ལ་ཉེས་ཅན་དེས་ཐེ་ཚོམ་ཅི་ཡང་མེད་པར་སྒྲོལ་མའི་ཨ་མར་གྲི་ཡིས་བསྣུན། དེ་མ་ཐག་བུ་མོ་སྒྲོལ་མས་རང་གི་ཨ་མ་སྐྱོབ་པར་གམ་དུ་བརྒྱུགས་པ་ན། ཉེས་ཅན་གྱིས་ཅི་མི་སྙམ་པར་སྒྲོལ་མར་གྲི་ཡིས་ཐེངས་འགར་བསྣུན་པ་དང་། ད་དུང་ཞེ་སྡང་དྲག་ཏུ་ལངས་ཏེ་སྒྲོལ་མའི་ནུ་བོར་གྲི་ཡིས་ཐེངས་གཉིས་ལ་གཙགས། སླར་ཡང་ལུས་པོ་ཁྲག་གིས་བརྫིས་པའི་སྒྲོལ་མའི་ཨ་མའི་གམ་དུ་སོང་ནས་གྲི་འཕྱར་ཏེ་ཐེངས་འགར་བརྒྱབ་རྗེས། གཞིས་ཁུལ་གྱི་ཕྱི་རོལ་དུ་བྲོས། སྐབས་དེར། སྒྲོལ་མའི་ནུ་བོས་འཁྱར་འཁྱོར་ངང་སོ་ཕག་ཅིག་བཟུང་ནས་མི་དེའི་ཕྱོགས་སུ་བརྒྱུགས་མོད། འོན་ཀྱང་མི་དེ་གཞིས་ཁུལ་སྒོ་ཁ་རུ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་བྲོས་སོང་བ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

གྱོད་སྒྲུབ་ཉེན་རྟོག་པས་ཉིན་དཀར་ཉི་མའི་ངོགས་སུ་ཉེས་ཅན་དེས་མངོན་སུམ་འཛེམ་མེད་ཀྱིས་མི་བསད་པའི་གནས་ཚུལ་དེ་ཤེས་རྗེས།  ཉེས་ཅན་གཏེ་བོ་དེ་ངེས་པར་དུ་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་བའི་ཆོད་སེམས་བཅངས།གྱོད་སྒྲུབ་ཉེན་རྟོག་པས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས་ཡན་ལག་ཅུའུ་ཡི་འགོ་ཁྲིད་ལ་ཡར་ཞུ་བྱས་པ་དང་། ཡན་ལག་ཅུའུ་ཡི་འགོ་ཁྲིད་ཀྱིས་མཛུབ་སྟོན་བྱས་ཏེ་ང་ཚོས་ངེས་པར་ཆེས་ཐུང་བའི་དུས་ཚོད་ནང་དུ་གྱོད་གཞི་དེར་མྱུལ་ཞིབ་བྱས་ཏེ། གཞིས་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་གནོད་འཚེ་ཕོག་མཁན་ལ་ལན་ཞིག་སྟེར་དགོས་ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

དེའི་རྗེས་སུ། གྱོད་སྒྲུབ་ཉེན་རྟོག་པས་དུས་ཚོད་ཐུང་ངུའི་གྲོས་མོལ་བྱས་པ་བརྒྱུད། ཚོ་ཆུང་བཞི་རུ་བགོས་ནས་ལས་དོན་བསྒྲུབས་པ་སྟེ། ཚོ་ཆུང་དང་པོ་སྨན་ཁང་དུ་སོང་ནས་རྨས་མའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚོ་ཆུང་གཉིས་པས་ལག་རྩལ་རྩད་ཞིབ་བྱས། ཚོ་ཆུང་གསུམ་པས་གྱོད་དོན་བྱུང་སའི་མཐའ་འཁོར་གྱི་བརྙན་ལམ་ལས་ལྟ་ཞིབ་བྱས་ཤིང་། ཚོ་ཆུང་བཞི་པས་མང་ཚོགས་ཀྱི་ཁྲོད་དུ་གནས་ཚུལ་ལ་རྒྱུས་ལོན་བྱས།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཉེས་དོན་མྱུལ་ཞིབ་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཡུན་རིང་མ་འགོར་བར་ཚོ་ཆུང་དང་པོས་གནས་ཚུལ་འབྱོར་གསལ་ལྟར་ན། སྒྲོལ་མའི་ཨ་མའི་རྨས་སྐྱོན་ཚབས་ཆེན་ཡིན་སྟབས་སྨན་ཁང་ལ་བསྐྱལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར་བ་དང་།  ནུ་བོའི་རྨས་སྐྱོན་ཅུང་ལྕི་བས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། སྒྲོལ་མའི་རྨས་སྐྱོན་དེ་འདྲའི་ཚབས་ཆེན་མིན་པས་སྨན་བཅོས་བྱེད་བཞིན་ཡོད་ཟེར། ཆུ་ཚོད་གཅིག་གི་རྗེས་སུ། ཚོ་ཆུང་གཉིས་པ་དང་གསུམ་པ་སོ་སོས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེས་ཅན་གཞིས་ཁུལ་གྱི་སྒོ་ཆེན་ཁ་ནས་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཟམ་ཆུང་ཕྱོགས་སུ་བྲོས་སོང་ལ། ལེ་ཅ་ཞ་རུ་སླེབས་རྗེས་རླངས་འཁོར་ལས་བབས་ཏེ་རྐང་ཐང་ལ་ཅུང་ཙམ་བསྐྱོད་རྗེས་ཡང་བསྐྱར་སྒྲིག་འགལ་ངང་མི་སྐྱེལ་བའི་རླངས་འཁོར་ཞིག་ལ་བསྡད་དེ་ནན་ཁྲོན་ནུབ་ལམ་ཕྱོགས་སུ་བྲོས་སོང་ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

ལག་རྩལ་ཚོ་ཆུང་གིས་རྩད་ཞིབ་བྱས་པ་བརྒྱུད་ཉེས་ཅན་གྱི་མིང་ལ་ཚེ་བརྟན་ཟེར་བ་དང་། ཕ་ཡུལ་ཀན་སུའུ་ཀན་ཀུའུ་ནས་ཡིན་ལ། མིག་སྔར་ནན་ཁྲོན་ནུབ་ལམ་གྱི་སྡོད་ཁང་ག་གེ་མོ་རུ་ཁང་བ་གླས་ནས་བསྡད་ཡོད་པ་ཤེས་རྟོགས་བྱུང་རྗེས། ཉེན་རྟོག་པ་མགྱོགས་མྱུར་ངང་ཁང་བའི་ནང་དུ་འབྱོར་དུས། ཉེས་ཅན་གྱིས་དངོས་པོ་ཚང་མ་བསྡུ་གསོག་བྱས་ཏེ་སྔ་མོ་ནས་བྲོས་ཟིན།TE3ཀྲུང་གོ་བོད་ཀྱི་དྲ་བ།

གྱོད་སྒྲུབ་ཉེན་རྟོག་པས་བསྐྱར་དུ་བྱ་བར་སྤྱི་བསྡོམས་དང་བཀོད་སྒྲིག་བྱས་ནས་ཚོ་ཆུང་གཉིས་སུ་བགོས་ཏེ། ཚོ་ཆུང་གཅིག་གིས་ཟི་ལིང་ནས་མུ་མཐུད་དུ་བརྙན་ལམ་ལྟ་ཞིབ་བརྒྱུད་དེ་དོགས་ཡོད་ཉེས་ཅན་ལ་རྩད་ཞིབ་བྱས་པ་དང་། ཚོ་ཆུང་ཅིག་ཤོས་དེས་རླངས་འཁོར་བསྐོར་ནས་ཀན་ཀུའུ་ཕྱོགས་སུ་བསྐྱོད་དེ་ཉེས་ཅན་འཛིན་བཟུང་བྱེད་དུ་སོང་།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་དྲོའི་ཆུ་ཚོད3ཡས་མས་སུ། ཉེན་རྟོག་པས་རླངས་འཁོར་བསྐོར་ཏེ་ཀན་སུའུ་ཕྱོགས་སུ་བསྐྱོད་སྐབས། ལམ་བར་དུ་ཁོ་ཚོར་ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་ཁ་པར་འབྱོར་ཏེ། ཉེས་ཅན་ཚེ་བརྟན་སྒྲིག་འགལ་སྐྱེལ་འཁོར་ལ་བསྡད་པའི་ཁ་ལོ་བ་དེ་རྙེད་ཟིན་པ་དང་། ཁ་ལོ་བར་དྲིས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་དྲོའི་ཆུ་ཚོད1དང་སྐར་མ40ཙམ་ལ་ལོ50ཡས་མས་ལོན་པའི་སྐྱེས་པ་དེས་པང་དུ་རུས་ཐལ་སྒམ་ཞིག་བཟུང་ནས། ཁ་ལོ་བར་ཀན་ཀུའུ་ན་ཁོ་ལ་དོན་དག་གལ་ཆེན་ཞིག་ཡོད་པས་མྱུར་དུ་འགྲོ་དགོས་ཟེར་ལ། གླ་རིན་མཐོན་པོ་བྱིན་ཡང་ལམ་ཐག་ཧ་ཅང་རིང་བས་ཁ་ལོ་བ་འཐད་པ་མ་བྱུང་། ཡིན་ནའང་ཉེས་ཅན་ཚེ་བརྟན་གྱིས་ཡང་དང་བསྐྱར་དུ་གོང་ཇེ་མཐོར་བཏང་མཐར་ཁ་ལོ་བས་ཁོའི་གྲོགས་པོ་ཨ་བསམ་ལ་ངོ་སྤྲོད་བྱས། དེ་བས་ཕྱོགས་གཉིས་ཀས་རིན་གོང་གཏམས་རྗེས་རླངས་འཁོར་གླ་རིན་སྒོར3000སྤྲད་དེ་འགྲོ་རྒྱུར་གྲོས་འཆམ་བྱུང་སོང་ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉེན་རྟོག་པས་ཁ་ལོ་བ་བརྒྱུད་དེ་ཨ་བསམ་ལ་ཁ་པར་བརྒྱབ་ནས་གནས་ཚུལ་འདྲི་རྩད་བྱས། ཨ་བསམ་གྱིས་ཁ་པར་ནང་ནས་དངངས་སྐྲག་གིས་བཤད་རྒྱུར། “ ལམ་བར་ནས་ཉེས་ཅན་དེས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པ་དང་། མཚམས་རེར་རླངས་འཁོར་མགྱོགས་པོར་བསྐོར་ཟེར། གདོང་གི་རྣམ་འགྱུར་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད།རླངས་འཁོར་ཀན་ཀུའུ་རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་ལྔ་ཙམ་ཡོད་པའི་ལམ་བར་དུ་ས་རུབ་སོང་། མི་མེད་ས་སྟོང་དུ་ཁོས་གཅུན་གཏོང་དགོས་ཟེར། ཁོ་རླངས་འཁོར་ལས་བབས་རྗེས་ངས་རླངས་འཁོར་ཕྱིར་བསྐོར་ཏེ་རང་གཅིག་པུ་བྲོས་ནས་ཡོང་བ་ཡིན” ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉེན་རྟོག་པས་དུས་ཚོད་ལ་འགོར་འགྱངས་མི་བྱེད་པའི་ཆེད་དུ་དེ་འཕྲལ་ཨ་བསམ་གྱི་རླངས་འཁོར་ནང་དུ་ཡོད་པའི་དངོས་རྫས་ལ་སྔོག་བཤེར་བྱས་པ་བརྒྱུད་ཉེས་གསོག་མཚོན་ཆའི་རིགས་དང་རུས་ཐལ་སྒམ། ད་དུང་སྒེར་གྱི་རྒྱུ་ནོར་ཁ་ཤས་ལག་སོན་བྱུང་།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས3ཉིན་གྱི་དགོང་མོའི་ཆུ་ཚོད11སྟེང་། མི་དམངས་ཉེན་རྟོག་པ་དོགས་ཡོད་ཉེས་ཅན་གྱི་ཕ་ཡུལ་ཀན་ཀུའུ་རྫོང་དུ་ཐོན་པ་དང་། ཁོ་ཚོས་ལམ་ཐག་རིང་པོའི་ངལ་དུབ་དང་ལྟོགས་སྐོམ་ལ་མི་འཛེམ་པར་མྱུར་དུ་ས་གནས་དེ་གའི་མངགས་གཏོང་ཁང་ལ་འབྲེལ་གཏུག་བྱས་ཏེ། དོགས་ཡོད་ཉེས་ཅན་གྱི་གཞི་རྩའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་འབྲེལ་བ་རྩད་གཅོད་བྱས།TE3ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་དེ་གའི་མངག་གཏོང་ཁང་གི་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། ཚེ་བརྟན་གྱི་ཁྱིམ་དུ་ཆུང་མ་དང་བྱིས་པ་གཉིས་ལས་མེད་མོད། འོན་ཀྱང་ཁོ་ཚོར་སྔར་ནས་ཕན་ཚུན་ལ་བརྩེ་བ་མེད་པར་གྱུར་ཏེ། ཚེ་བརྟན་ཕྱི་རུ་ཞོར་ལས་སུ་སོང་ནས་ལོ་ཉི་ཤུ་ལྷག་ཙམ་འགོར་ཟིན་པས། ཕྱིར་ཁྱིམ་དུ་ལོག་མི་སྲིད་ཟེར།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཚེས6ཉིན་གྱི་དགོང་མོར། ཟི་ལིང་ཕྱོགས་ནས་མངགས་པའི་གྱོད་སྒྲུབ་ཉེན་རྟོག་པས་སླར་ཡང་གྱོད་གཞིའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཚང་མས་སོ་སོའི་ལྟ་ཚུལ་བཏོན་ཏེ་དོགས་ཡོད་ཉེས་ཅན་གྱི་ཁྱིམ་ཚང་གི་ཕྱོགས་ནས་བསམ་ཚུལ་བརྗོད་སྐབས།མི་དམངས་ཉེན་རྟོག་པ་ཞིག་གིས་དོགས་གཞི་གལ་ཆེན་ཞིག་སྣང་མེད་དུ་བཞག་པ་རྟོགས། དེ་ནི་མི་དམངས་ཉེན་རྟོག་པས་ཚེ་བརྟན་དང་ཆུང་མར་བརྩེ་བ་མེད་པར་གྱུར་བས་ཁོ་ཨ་ཞང་ཚང་ལ་འགྲོ་མི་སྲིད་པར་ངོས་འཛིན་བྱས་པ་དེ་རེད། དེ་བས་ཁོའི་ཨ་ཞང་ཚང་མ་གཏོགས་གཉེན་ཉེ་ཚང་མར་སྔོག་བཤེར་བྱས་ཟིན་པ་དང་། ཚང་མས་གྲོས་བྱས་རྗེས་ཉེན་རྟོག་པ་སྐོར་ཞིག་ཚེ་བརྟན་གྱི་ཨ་ཞང་ཚང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་རྩིས་དང་། ཡང་ཉེན་རྟོག་པ་སྐོར་ཞིག་གིས་ཁོའི་གཉེན་ཉེ་ཚང་ལ་འགྲོ་སའི་ལམ་སྐེད་ནས་བསྲུང་རྩིས་བྱས།TE3ཀྲུང་གོ་བོད་ཀྱི་དྲ་བ།

གྱོད་སྒྲུབ་ཉེན་རྟོག་པ་ཚེ་བརྟན་གྱི་ཨ་ཞང་གི་ཁྱིམ་དུ་སླེབས་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས་ཁྱིམ་ཚང་དེའི་མི་ཚང་མས་ཁས་ལེན་གཏན་ནས་མི་བྱེད་མོད། འོན་ཀྱང་ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་། མགོ་ནག་མི་ཡི་རྣམ་འགྱུར་ཤེས་ཞེས་པ་ལྟར་ཁོ་ཚོའི་རྣམ་འགྱུར་ལས་ཧ་ཅང་རྒྱུན་ལྡན་མིན་པའི་ཉམས་ཤིག་མངོན་ཡོད་པས། མི་དམངས་ཉེན་རྟོག་པས་སུན་སྣང་མེད་པར་གཟབ་ནན་སྒོས་ཡང་དང་བསྐྱར་དུ་ཨ་ཞང་གཙོས་བཟའ་མི་ཡོངས་ལ་ཁ་ཏ་སློབ་གསོ་བྱས་མཐར།  ཁོ་ཚོས་བཤད་དོན། “ ཚེ་བརྟན་ཁ་སང་ཡོང་སྟེ་སྒོར་མོ་བསྐྱིས་མོད། ང་ཚོས་ཁོ་ལ་མ་བསྐྱིས ” ཞེས་བཤད་བྱུང་།TE3ཀྲུང་གོ་བོད་ཀྱི་དྲ་བ།

རེད་དེ། དོགས་ཡོད་ཉེས་ཅན་གྱི་དངོས་པོ་ཡོད་ཚད་ལམ་བར་དུ་རླངས་འཁོར་ཁ་ལོ་བས་ཕྱིར་ཁྱེར་ཡོང་ཡོད་པས། ད་ལྟ་ཁོའི་ལག་ཏུ་དངུལ་སྒོར་གཅིག་ཀྱང་ཡོད་མི་སྲིད། དེ་བས་ཁོ་རང་བྲོས་བྱོལ་བྱེད་ཆེད་ད་དུང་ཕྱིར་ཨ་ཞང་ཚང་ལ་ཡོང་ནས་སྒོར་མོ་བསྐྱི་སྲིད། མི་དམངས་ཉེན་རྟོག་པས་གནས་ཚུལ་ལ་དེ་ལྟར་དབྱེ་ཞིབ་བྱས་ཏེ། ཉེས་ཅན་ཚེ་བརྟན་ཨ་ཞང་ཚང་དུ་ཡོང་རག་བར་དུ་སྒུག་རྩིས་བྱས།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས7ཉིན་གྱི་ཆུ་ཚོད10ཙམ་ལ།  མི་ཞིག་གིས་ཚེ་བརྟན་ཨ་ཞང་ཚང་གི་སྒོ་བརྡུངས་བྱུང་། མི་དམངས་ཉེན་རྟོག་པས་ཁང་བའི་སྒེའུ་ཁུང་ལས་རྐང་བ་གྱོལ་བོ་ཞིག་སྒོ་ཁར་ཐོན་ཡོད་པ་མཐོང་བ་དང་། ད་དུང་ཤིང་གི་འཁར་བ་ཞིག་ལ་ཁེན་ཏེ་མགོ་ལ་ཞྭ་མོ་ཧྲལ་ཧྲུལ་ཞིག་ཀྱང་གྱོན་འདུག་པ་མཐོང་། ཉེན་རྟོག་པས་དང་ཐོག་མི་དེ་ནི་དངོས་གནས་ཟ་མ་སློང་མཁན་ཞིག་ལ་ངོས་འཛིན་བྱས་མོད། འོན་ཀྱང་མི་དེས་ཁང་བའི་ནང་གི་མི་གཞན་དག་མཐོང་དུས་མིག་མདངས་ལས་ལུ་གུས་སྤྱང་ཀི་མཐོང་བ་ལྟ་བུའི་ཉམས་ཤིག་མངོན་འདུག་པས། མི་དམངས་ཉེན་རྟོག་པས་མི་དེ་ནི་དོགས་ཡོད་ཉེས་ཅན་ཚེ་བརྟན་ཡིན་པ་ཤེས་ཏེ་འཕྲལ་དུ་འཛིན་བཟུང་བྱས་པ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཤེས་གསལ་ལྟར་ན། ཉེས་ཅན་ཚེ་བརྟན་གྱིས་ཟི་ལིང་དུ་ཞོར་ལས་བྱས་ཏེ་མི་ལོ་ཉི་ཤུ་ལྷག་ཙམ་སོང་ཞིང་། སྔོན་ཆད་བརྐུས་དངོས་ཉོ་འཚོང་གི་བྱས་ཉེས་བསགས་མྱོང་བས་ཁྲིམས་ཆད་བཅད་མྱོང་བ་དང་། ད་ཐེངས་གྱོད་དོན་མ་བྱུང་གོང་དུ་ཁོ་རང་ཟི་ལིང་གྲོང་ཁྱེར་གྱི་དངུལ་ཁང་ག་གེ་མོ་ཞིག་གི་བདེ་སྲུང་བ་ཡིན། ལོ་བཅུ་ལྷག་གི་སྔོན་ལ་གནོད་འཚེ་ཕོག་མཁན་སྒྲོལ་མ་དང་ཁོ་གཉིས་ངོ་ཤེས་ཏེ་མཉམ་སྡོད་བྱས། ཉེ་ལམ་ཁོ་གཉིས་ཁ་རྩོད་བྱུང་བས། ཟླ3པའི་ཚེས3ཉིན། སྤྱིར་ཁོ་རང་ཟམ་ཆུང་ནས་ཁོ་མོར་ངོ་ཐུག་སྟེ་དགོངས་དག་ཞུ་བསམ་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་སྒྲོལ་མས་གཏན་ནས་གུ་ཡངས་མ་བཏང་བས། ཁོ་རང་ཞེ་འཁོན་ཆེན་པོ་ལངས་ནས་རྗེས་དེད་དེ་མོའི་ཕ་མ་སྡོད་སར་སོང་རྗེས་དོན་རྐྱེན་བཟོས་པ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

གཞན་ཡང་རླངས་འཁོར་ཁ་ལོ་བ་སྐྲག་སྣང་སྐྱེས་ཏེ་ལམ་བར་ནས་ཕྱིར་འབྲོ་སྐབས། ཚེ་བརྟན་གྱིས་རླངས་འཁོར་འགོག་རྩིས་བྱས་པས་རྐང་བ་ཡ་གཅིག་ལ་རྨས་སྐྱོན་ཕོག་པ་རེད། གླས་འཁོར་ཕྱིར་བྲོས་རྗེས། ཚེ་བརྟན་ཨ་ཞང་ཚང་དང་ཐག་མི་རིང་བའི་རི་ངོས་ཀྱི་ས་དོང་ཞིག་གི་ནང་དུ་ཡིབ་ནས་བསྡད་པ་དང་། དངུལ་བསྐྱིས་རྗེས་ལྷ་སར་བྲོས་རྩིས་བྱས་ཡོད་པ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས21ཉིན།  ཞིབ་དཔྱོད་སྡེ་ཁག་གིས་དོགས་ཡོད་ཉེས་ཅན་ཚེ་བརྟན་གྱིས་བསམ་གཟས་ནས་མི་བསད་པའི་ནག་ཉེས་བསགས་ཡོད་པས་ཁྲིམས་ལྟར་འཛིན་བཟུང་བྱེད་པའི་ཆོག་མཆན་བཀོད་ཟིན་པ་རེད།TE3ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་འཕྲིན་སྟེགས་ལས་བཤུས།TE3ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།