ཀྲུང་གོ་བོད་ཀྱི་དྲ་བ།

ང་ལ་ཁྱིམ་གཞི་དྲོན་མོ་ཞིག་ཡོད་ན་འདོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ནི་ནར་མ་སོན་པའི་ཉེས་ཅན་དོ་དམ་སློབ་གཅུན་ཁང་གི་ཉེན་རྟོག་དཔོན་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་བྱིས་ཉམས་ཀྱིས་ཁེངས་པའི་ནར་མ་སོན་པའི་ཉེས་ཅན་དག་ལ་གདོང་གཏད་དུས། ང་རང་ཁོ་ཚོའི་སེམས་ཀྱི་གཏིང་རིམ་ལ་མྱུལ་འདོད་ལ། ཁོ་ཚོའི་ཨ་མ་ལྟར་ཁ་བརྡ་དང་སེམས་གསོ་བྱས་ནས་རྨ་ཁ་བཟོས་མྱོང་བའི་སེམས་པ་རེ་རེར་བྱིལ་བྱིལ་ཡང་ཡང་བྱ་འདོད། དེ་དང་མཉམ་དུ་དོན་ངོ་མར་རྒྱུ་རྐྱེན་ཅི་ཞིག་གིས་ནར་མ་སོན་པའི་བྱིས་པ་འདི་དག་ཉེས་ཅན་དུ་གྱུར་བར་རྟོག་ཞིབ་བྱེད་འདོད།

— ཉེན་རྟོག་པའི་ཟིན་བྲིས།

  བཀྲ་ཤིས།  ( དངོས་མིང་ལ་ལོའུ་ཏྲི་ཧའོ་ཟེར་ཞིང་། ལོ 15 ཡིན་ལ་འཕྲོག་བཅོམ་གྱི་ནག་ཉེས་བསགས་ཡོད་པས། ཁྲིམས་ཆད་ལོ 1 དང་ཟླ 6 རིང་འཁུར་དགོས། ཁོ་རང་སྐྱེས་ནས་ཟླ་བརྒྱད་ལྷག་འགོར་མཚམས་སུ་ཨ་ཕ་ཚེ་ལས་འདས་པ་དང་། ལོ་བརྒྱད་ལ་སོན་སྐབས་ཨ་མར་སྨྱོ་ནད་བྱུང་སྟེ་ས་ཆ་གཞན་དུ་འཁྱམས་སོང་ངོ་། ། )

ཉེན་རྟོག་པ།  ( ཧའོ་ཅིན་ནན། ཧྲན་ཞི་ཞིང་ཆེན་ནར་མ་སོན་པའི་ཉེས་ཅན་དོ་དམ་སློབ་གཅུན་ཁང་གི་ཆབ་སྲིད་ཨུ་ཡོན )

གསལ་བཤད། འདིར་རྒྱ་ཆེའི་ཀློག་པ་པོ་ཚང་མས་གོ་སླ་ཞིང་ཀློག་བདེ་བའི་ཆེད་དུ་གྱོད་དཔེའི་ཁྲོད་ཀྱི་མི་སྣར་བོད་མིང་བཏགས་པ་ཡིན།

ཉེན་རྟོག་པས། ཁྱོད་ཀྱི་ཨ་མ་བོར་རྗེས་ཁྱོད་ཀྱིས་ཇི་ལྟར་འཚོ་བ་རོལ་བ་ཡིན། ང་ལ་བཤད་ན་ཆོག་གམ།

བཀྲ་ཤིས་ཀྱིས། ཨ་མ་ནི་ངའི་ཆེས་མཐའ་མཇུག་གི་གཉེན་ཉེ་གཅིག་པུ་ཡིན། ཨ་མ་བོར་རྗེས་ཕ་གཡར་གྱིས་ང་རང་ཁྱིམ་ནས་སྒོར་ཕུད་ཅིང་། དུས་དེ་ནས་བཟུང་སྟེ་ང་རང་ཕྱོགས་གང་སར་འཁྱམས་ནས་བསྡད་པ་ཡིན།

ཉེན་རྟོག་པས། སྐབས་དེར་ཁྱོད་ལོ་དུ་ཡིན།

བཀྲ་ཤིས་ཀྱིས། ང་ལོ་དགུ་ཡིན།

ཉེན་རྟོག་པས། ཁྱོད་ཀྱིས་ཟ་མ་ཇི་ལྟར་ཟོས་པ་དང་དགོང་མོ་གང་ནས་ཉལ་བ་ཡིན།

བཀྲ་ཤིས་ཀྱིས། སྐབས་རེར་སྡེ་བའི་ནང་ནས་ཁྱིམ་ཚང་འདི་ལ་སོང་ནས་ཇ་ཐུན་གཅིག་འཐུང་། ཁྱིམ་ཚང་གན་ལ་སོང་ནས་སློང་མོ་བྱས། ཡང་ན་ཁྱིམ་ཚང་གཞན་པ་ནས་ཟ་མ་བརྐུས་ནས་ཀྱང་ཟོས་མྱོང་ལ། མཚམས་རེར་ཉིན་ཧྲིལ་བོར་ཇ་ཐུན་གཅིག་རེ་ཟོས་ནས་བསྡད་པའང་ཡོད། གང་ལྟར་ཡང་ཇ་ཐུན་གཅིག་འཐུང་ན་ཇ་ཐུན་གཅིག་མེད་པའི་འཚོ་བ་རོལ་ཞིང་ས་གང་ལ་ཐོན་ནས་ས་རུབ་དུས་ས་དེ་ནས་ཉལ་ནས་བསྡད་པ་ཡིན། སྐབས་དེར་ལོ་ན་ཆུང་བས་སྤོབས་པ་ཆེར་མེད་ལ་ཕལ་ཆེར་ཁྱིམ་ཚང་གཞན་པའི་བྱ་འདབ་འོག་ནས་ཉལ་ཞིང་དེ་ལྟར་བསྡད་ན་བདེ་འཇགས་རེད་སྙམ། སྡེ་བའི་ནང་དུ་ཁྱི་གསོས་པ་ཧ་ཅང་མང་པས་དུས་རྒྱུན་དུ་ཁྱིས་རྨུགས་པའམ་བདའ་ནས་གང་སར་བྲོས་པའང་ཡོད།

༢.jpg

ཉེན་རྟོག་པས། དགུན་ཁར་ཅི་བྱས་པ་ཡིན། ནམ་ཟླ་ཧ་ཅང་འཁྱགས་དུས་ཀྱང་སྲང་ལམ་ནས་ཉལ་བ་ཡིན་ནམ།

བཀྲ་ཤིས་ཀྱིས། ང་ལ་མཚོན་ན་ཧ་ཅང་འཚོ་དཀའ་བའི་དུས་ནི་དགུན་ཁ་རེད། མལ་ཆས་མེད་པའི་དགོང་མོ་ཉལ་སྐབས་གཞན་གྱིས་དོར་བའི་འགྱིག་ཤོག་དང་ཡང་ན་ཧྲལ་ཧྲིལ་དུ་གྱུར་བའི་ཉལ་ཐུབ་སོགས་ལུས་ལ་བཀབ་ནས་ཉལ་བ་ཡིན། སྐབས་དེར་ལུས་པོ་བཀུམ་ནས་བསྡད་ནའང་ཧ་ཅང་གྲང (བཤད་མཚམས་འདིར་ཐོན་དུས་ལོའུ་ཡི་མིག་རྩ་དམར་པོར་གྱུར་འདུག  གྲག་འགུལ་ཅི་ཡང་མེད་པར་ཡུན་རིང་འགོར། སྡུག་བསྔལ་ཆེ་བའི་འདས་ཟིན་པའི་འཚོ་བ་དག་ཡིད་ལ་ཤར་བ་ཡིན་ནམ། ཡང་ན་དྲན་ངོས་ལ་ཧ་ཅང་འཁྱགས་པའི་དགུན་གཞུང་གི་མཚན་མོ་རེ་རེ་དྲན་པ་གང་ཡིན་ཤེས་མ་བྱུང་། )

ཉེན་རྟོག་པས། སྐབས་དེའི་འཚོ་བར་སྡུག་བསྔལ་ཆེའམ། ཁྱོད་རང་ཨ་ཕ་ཨ་མ་ཡོད་པའི་བྱིས་པ་དག་ལ་ཡིད་སྨོན་འཆོར་རམ།

བཀྲ་ཤིས་ཀྱིས། དེ་བཤད་དགོས་སམ། སྐབས་དེར་ང་དང་འདྲ་བའི་བྱིས་པ་དག་གིས་དཔེ་ཁུག་འཁུར་ནས་ཨ་ཕ་ཨ་མའི་ལག་པར་འཇུས་ནས་སློབ་གྲྭར་འགྲོ་བ་མཐོང་དུས། ངའི་སེམས་ལ་དེ་ནི་འཇིག་རྟེན་སྟེང་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་རེད་སྙམ།

ཉེན་རྟོག་པས། ཁྱོད་འཁྱམ་ནས་འདུག་སྐབས་དངོས་པོ་བརྐུས་མྱོང་ངམ།

བཀྲ་ཤིས་ཀྱིས། བརྐུས་མྱོང་། འོན་ཀྱང་རྒྱུན་དུ་བརྐུ་བྱེད་ཀྱིན་མེད། ཕལ་ཆེ་བ་ཕོ་བ་ལྟོགས་ནས་མ་བཟོད་པའི་དུས་སུ་འཛུགས་སྐྲུན་ལས་ཡུལ་དུ་སོང་ནས་ལྕགས་ཆས་བརྐུས་ནས་བཙོངས་པ་ཡིན།

ཉེན་རྟོག་པས། ཁྱོས་དངོས་པོ་བརྐུ་སྐབས་མི་གཞན་གྱིས་བཟུང་མྱོང་ངམ། ཁྱོད་ལ་གཅར་རྡུང་བྱེད་དམ།

བཀྲ་ཤིས་ཀྱིས། བཟུང་ལོས་མྱོང་། མཚམས་ལན་རེར་ལས་ཡུལ་ལ་བལྟ་མཁན་གྱི་སྒོ་སྲུང་གིས་བཟུང་བ་དང་། མཚམས་ལན་རེར་སྤྱི་བདེ་མི་སྣས་ཀྱང་བཟུང་མྱོང་། ཁོ་ཚོས་ང་རང་ལོ་ན་ཧ་ཅང་ཆུང་བ་མཐོང་དུས་སྙིང་རྗེ་ནས་གཅར་རྡུང་མི་བྱེད་ལ། སློབ་གསོ་རེ་བཏང་རྗེས་འགྲོ་རུ་འཇུག

ཉེན་རྟོག་པས། ཁྱོས་ནག་ཉེས་བཟོས་པའི་གོ་རིམ་ང་ལ་ཅིག་བཤད་ན་ཆོག་གམ།

བཀྲ་ཤིས་ཀྱིས། རྫོང་མཁར་དུ་འཁྱམས་པའི་སྐབས་སུ་ངས་དྲ་བ་རྩེད་རྒྱུ་ཤེས། སྐབས་འགར་བེད་མེད་དངོས་པོ་བཏུས་ནས་སྒོར་མོ་ལ་བརྗེས་ནས་དྲ་ཁང་ནང་ནས་དུས་ཚོད་གཅིག་གཉིས་ཙམ་ལ་རྩེས་པ་ཡིན། དེ་ནས་ངས་ནག་ཉེས་བཟོ་རོགས་དེ་ངོ་ཤེས། ཁོ་ང་ལས་ལོ་གཅིག་གིས་ཆུང་། ནག་ཉེས་བཟོ་དུས་ལོ་བཅུ་བཞིར་སོན་མེད་པས་ཁྲིམས་ཐག་མ་བཅད།

ངེད་གཉིས་ལ་འདྲ་བའི་ཆ་མང་ཕྱིར་ཅུང་མ་འགོར་བར་གྲོགས་པོར་གྱུར། ཁོའི་ཨ་ཕ་ཁོ་ལོ 3 གྱི་སྟེང་འདས་པ་དང་། ཁོའི་ཨ་མ་གནས་ལ་སོང་ནས་ཁོར་ཁ་ཡ་མ་བྱས། ཁོ་ཡང་སྔ་མོ་ནས་སློབ་གྲྭར་མ་སོང་། རྒྱུན་ལྡན་དུ་རྨོ་མོ་དང་མཉམ་དུ་འཚོ་བ་རོལ་ནས་བསྡད། མཚམས་ལན་རེར་ཁོས་ཡུལ་ནས་ཟས་བརྐུས་ཡོང་ནས་ང་ལ་ཟ་རུ་བཅུག  དེའི་རྐྱེན་གྱིས་ངེད་གཉིས་ཉིན་གང་བོར་མཉམ་དུ་བསྡད་ནས་རྩེས། ཉིན་ཞིག་ཁོས་ང་ལ་མི་ཞིག་གིས་ཁོར་བརྙས་བཅོས་བྱས་སོང་ཟེར། ངས་གོ་མ་ཐག་སྤོ་ལངས་བྱུང་། ཁོ་ང་ལ་ཧ་ཅང་ཤ་ཚ་ལ་ངའི་གྲོགས་པོ་གཅིག་པུ་ཡང་ཡིན་པས་ངེད་གཉིས་ཀྱིས་མི་དེར་ཇི་ལྟར་བསམ་ཤེས་སུ་འཇུག་པར་གྲོས་བྱས། ཁོར་བརྙས་བཅོས་བྱེད་མཁན་དེ་ལོ་བཅོ་བརྒྱད་ལ་སོན་པའི་མཐོ་འབྲིང་གསུམ་པའི་སློབ་མ་ཞིག་རེད། ཉིན་དེར་ངེད་གཉིས་ཀྱིས་ཁོ་སློབ་གྲྭ་གྲོལ་བར་སྒུག་ནས་བསྡད། དེ་ནས་ངེད་གཉིས་མཉམ་གཅིག་དུ་རྒྱུགས་སོང་ནས་མི་དེར་གཅར་རྡུང་བྱས།

༣.jpg

ཉེན་རྟོག་པས། ཁོ་ལོ 18 ཡིན་ན་ཁྱོད་གཉིས་ཁོ་ལས་ལོ་འགའ་ཤས་ཀྱིས་ཆུང་། ཁྱེད་གཉིས་ཀྱི་ཁོར་གཅར་རྡུང་བྱེད་ཐུབ་བམ།

བཀྲ་ཤིས་ཀྱིས། མི་དེ་གཉོམ་ཆུང་ཞིག་རེད། ངེད་གཉིས་ཀྱིས་གཅར་རྡུང་བྱེད་སྐབས་ཁོས་ལག་འགུལ་ཐུབ་ཀྱིན་མི་འདུག  དེར་མ་ཟད་ང་ཚོར་མི་གཉིས་ཡོད་པས་ཁོ་ལྷག་ཏུ་སྐྲག་འདུག

ཉེན་རྟོག་པས། དེས་ན་མཇུག་མཐར་འཕྲོག་བཅོམ་དུ་ཇི་ལྟར་གྱུར་སོང་ངམ།

བཀྲ་ཤིས་ཀྱིས། མི་དེ་ལ་གཅར་རྡུང་བྱས་རྗེས་ངེད་གཉིས་ཀྱིས་ཁོའི་ལུས་སྟེང་གི་སྒོར 400 འཕྲོག་སོང་།

ཉེན་རྟོག་པས། སྒོར་མོ་དེ་དག་ཇི་ལྟར་བཀོལ་བ་ཡིན།

བཀྲ་ཤིས་ཀྱིས། ང་ཚོས་སྒོར་མོ་དེ་དག་འཁྱེར་ནས་ཟ་ཁང་ནས་ཟ་མ་ཞིམ་པོ་ཞིག་ཟོས་རྗེས་དུ་བ་ཤོག་སྒམ་འགའ་ཉོས།

ཉེན་རྟོག་པས། སྐབས་དེར་རང་གི་བྱ་སྤྱོད་ཀྱིས་ནག་ཉེས་བཟོས་ཡོད་པ་ཤེས་སམ།

བཀྲ་ཤིས་ཀྱིས། མ་ཤེས། མི་དེས་ངའི་གྲོགས་པོར་བརྙས་བཅོས་བྱས་པས་ང་ཚོས་ཁོར་གཅར་རྡུང་བྱས་པ་འགྲིག་གི་འདོད། སྒོར་མོ་འཕྲོག་སྐབས་ནག་ཉེས་བསགས་ཡོད་པའང་མ་ཤེས། སྒོར་མོ་བླངས་པ་ཙམ་དུ་འདོད།

ཉེན་རྟོག་པས། འདིར་ཐོན་རྗེས་ཁྱོད་ཀྱིས་ཇི་ལྟར་འདང་བརྒྱབ་པ་ཡིན།

བཀྲ་ཤིས་ཀྱིས། ངའི་བསམ་ཚུལ་འདི་རུ་བསྡད་ཡོད་པའི་ལོ་ན་མ་སོན་པའི་ཉེས་ཅན་རྣམས་ཀྱི་བསམ་ཚུལ་དང་མི་འདྲ། ཁོ་ཚོ་འདིའི་ནང་དུ་བཅུག་ནས་བསྡད་ན་སྡུག་བསྔལ་སྐྱེས་ཀྱིན་འདུག  ཕྱིར་འབུད་པར་རེ་སྒུག་བྱས་ནས་འདུག  ཁོ་ཚོའི་ནང་གི་མི་ཁ་ཤས་ལ་ཉེས་ཆད་ཇེ་ཡང་དུ་བཏང་ན་ཧ་ཅང་དགའ་བའི་རྣམ་འགྱུར་རྒྱུན་དུ་མཐོང་ཐུབ། འོན་ཀྱང་ང་ལ་ཚོར་བ་འདི་འདྲ་མེད་གི  སྒོ་ཕྱི་ནས་འཁྱམས་ཏེ་འདུག་པ་ལས་འདི་ནས་བསྡད་ན་ལེགས། མ་མཐའ་ཡང་ཉིན་གཅིག་ལ་དུས་ལྟར་ཟས་ཐེངས་གསུམ་ཁ་ལ་ཡོང་བ་དང་།  ས་རུབ་ཚེ་ཉལ་སའང་ཡོད། དུས་ཚིགས་བརྗེས་ན་སྲིད་གཞུང་གིས་ལྭ་བ་སྟེར་བས་ང་ཕྱི་ནས་འཁྱམས་པ་ལས་བཟང་།  དེའི་རྐྱེན་གྱིས་ཉེས་ཆད་ཀྱི་དུས་ཡུན་རིང་ཐུང་ང་ལ་མཚོན་ན་དོན་སྙིང་ཆེན་པོ་མི་འདུག་ལ། ཕྱིར་འགྲོ་ཐུབ་མི་ཐུབ་ཡང་གལ་ཆེན་མ་རེད་སྙམ། ང་འདིར་ཡོང་རྗེས་ཉེན་རྟོག་པས་རྒྱུན་དུ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ང་ཚོར་བཤད་ཀྱིན་ཡོད་པས། ཁྲིམས་ཤེས་རྗེས་ང་རང་སྐྲག་ནི་འདྲ་ཞིག་རེད། རྒྱུ་མཚན་ནི་གལ་ཏེ་ད་ཐེངས་བསླབ་བྱ་རེ་མ་བླངས་ཚེ་རྗེས་ཕྱོགས་སྤྱི་ཚོགས་སྟེང་ལ་སོང་ན་སྐྱོན་ཆེན་པོ་ལས་སྲིད།

༤.jpg

ཉེན་རྟོག་པས། གལ་ཏེ་ཁྱིམ་ཚང་གི་དམིགས་བསལ་གནས་ཚུལ་མིན་པར་ཁྱོད་ལ་སློབ་གསོ་གཏོང་མཁན་ཡོད་ཚེ། ཁྱོད་ཀྱིས་བལྟས་ན་ཁྱོད་ཉེས་བསགས་ཀྱི་ལམ་ཁར་བསྐྱོད་སྲིད་དམ།

བཀྲ་ཤིས་ཀྱིས། ཕལ་ཆེར་དཔེ་སྲིད་ཀྱི་མ་རེད། གལ་ཏེ་ང་ལ་ཁྱིམ་ཚང་ལེགས་པོ་ཞིག་ཡོད་ཚེ་ངས་བསམས་ན་ངས་ནག་ཉེས་བཟོ་རྒྱུ་མ་རེད། རྒྱུ་མཚན་ནི་ང་རང་ཆུང་དུས་ནས་བྱིས་པ་མ་རབས་པྲ་ཚགས་ཤིག་མིན། ངས་སློབ་ཆུང་ལོ་རིམ་གཉིས་པའི་སློབ་སྐབས་དང་པོ་མ་གཏོགས་མ་བཏོན་མོད། འོན་ཀྱང་ཆེས་མཐའ་མཇུག་གི་སྤྱི་རྒྱུགས་སྐབས་སུ་ངས་ལོ་རིམ་དེའི་ཨང་དང་པོ་བླངས་པ་ཡིད་ན་ཡོད།

ཉེན་རྟོག་པས། ཟླ 9 འགོར་རྗེས་ཁྱོད་ཀྱི་ཉེས་ཆད་དུས་ཡུན་ལོངས་སོང་། ཕྱིར་སོང་ནས་ཅི་ཞིག་བྱེད་པར་འདང་བརྒྱབ་མྱོང་ངམ།

བཀྲ་ཤིས་ཀྱིས། འདི་ཕལ་ཆེར་ང་རང་དགའ་སྤྲོ་སྐྱེས་མི་ཐུབ་པའི་རྒྱུ་རྐྱེན་ཡིན་རྒྱུ་རེད། རྒྱུ་མཚན་ནི་ཉེས་ཆད་ལོངས་དུས་ལོ 16 ལ་སོན་མ་ཐག་ཡིན་པས། ངས་རང་གི་ལུས་པོར་བརྟེན་ནས་འཛུགས་སྐྲུན་ལས་ཡུལ་གྱི་ལས་ཀ་ལས་ཐུབ་རྒྱུ་མ་རེད། དེ་ལས་གཞན་པའི་ལག་རྩལ་ཡང་མེད་པས་ཕྱིར་བུད་ནའང་ཇི་ལྟར་འཚོ་བ་རོལ་དགོས་པ་མི་ཤེས།

ཉེན་རྟོག་པས། ཁྱོད་ཀྱིས་བལྟས་ན་མ་འོངས་པར་ཡང་བསྐྱར་ནག་ཉེས་བཟོ་སྲིད་དམ།

བཀྲ་ཤིས་ཀྱིས། བཟོ་སྲིད་ནའང་ཐང་། ཕྱིར་བུད་རྗེས་གལ་ཏེ་ཉིན་འགར་བྱ་བ་མ་རྙེད། ཟ་མ་ཟ་རྒྱུ་མ་རྙེད་ཚེ་འུ་ཐུག་ཐབས་ཟད་ཀྱིས་ནག་ཉེས་བཟོའང་སྲིད།

ཉེན་རྟོག་པས། གལ་ཏེ་ཁྱོད་ཕྱིར་བུད་རྗེས་བྱ་བ་ཞིག་རྙེད་ཚེ་དཀའ་ལས་མྱངས་ཐུབ་བམ།

བཀྲ་ཤིས་ཀྱིས། མྱངས་ཐུབ་རྒྱུ་རེད། ངས་ཆུང་དུས་ནས་དཀའ་སྡུག་གང་མང་མྱངས་ནས་འོངས་པ་ཡིན། 

༥.jpg

ཉེས་ཅན་བྱིས་པ་དང་ཆེད་མཁས་པའི་སེམས་གཏམ།

བཀྲ་ཤིས་ཀྱི་སེམས་གཏམ།

དངོས་གནས། ང་རང་ཆུང་དུས་སུ་སྡུག་བསྔལ་ཆེ་བའི་ཕྱིར་དྲན་མང་པོ་ཡོད། ད་སྐབས་ཡང་དགུན་འཁྱག་གི་སྲང་ལམ་ནས་འཁྱམས་དུས་ལྟོགས་ཤིང་གྲང་བའི་རྣམ་པ་དེ་དྲན་ཡོང་། སྔོན་ཆད་ངས་རྒྱུན་དུ་རང་གི་ནག་ཉེས་བསགས་པ་དེ་མི་གཅིག་གིས་ཀྱང་ཁ་ཡ་མི་བྱེད་པ་དང་སེམས་ཁུར་བྱེད་མཁན་མེད་པའི་དྭ་ཕྲུག་ཡིན་པར་ཁེག་དཀྲིས། ཟ་རྒྱུ་དང་གོན་རྒྱུ་མེད་དུས་བརྐུས་བྱས་ན་རྒྱུན་ལྡན་རེད་སྙམ། ནར་མ་སོན་པའི་ཉེས་ཅན་དོ་དམ་སློབ་གཅུན་ཁང་དུ་སོང་རྗེས། ཉེན་རྟོག་པའི་སློབ་སྟོན་འོག་ངས་ད་གཟོད་རང་གིས་ཁ་གཡར་བ་ཤེས། དྭ་ཕྲུག་ཚང་མས་ནག་ཉེས་བསགས་ཀྱིན་མེད་པའང་ཤེས། ལྷག་པར་ཐང་ཧྲན་ས་འགུལ་ཆེན་པོའི་ནང་གི་དྭ་ཕྲུག་དག་ཁ་ཤས་ནར་སོན་རྗེས་ཁེ་ལས་པ་ཆེན་པོར་གྱུར། དེར་མ་ཟད་སྤྱི་ཚོགས་སྟེང་གི་རོགས་རམ་མཁོ་བའི་མི་དག་ལ་རོགས་རམ་བྱས་ནས་བྱམས་སྙིང་རྗེ་ཅན་དུ་གྱུར་འདུག  ད་ལྟ། ངས་རང་གི་ནག་ཉེས་བཟོས་པའི་རྒྱུ་རྐྱེན་གཙོ་བོ་རང་སྟེང་ན་ཡོད་པ་ཤེས། 

༦.jpg

ཉེན་རྟོག་པའི་སེམས་གཏམ།

མི་སུ་དང་སུ་ཡིན་ཡང་སྐྱེས་མ་ཐག་ནས་ངན་པ་མ་རེད། བྱིས་པ་ནར་སོན་པའི་སྐབས་སུ་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་བརྩེ་འདང་དགོས་པ་རེད། བྱིས་པར་བརྩེ་འདང་ཆད་ཚེ་སྤྱི་ཚོགས་འཚོ་བར་དགའ་ཞེན་མེད་ལ། དེའི་རྐྱེན་གྱིས་སེམས་ཁམས་དང་མི་གཤིས་རྒྱུན་ལྡན་མིན་པ། བྱ་སྤྱོད་ཐལ་དྲགས་པར་འགྱུར་བ། མཐར་ཐུག་ནག་ཉེས་བསགས་པའི་ལམ་བུར་བསྐྱོད་ནས་རང་གཞན་གཉིས་ཀ་ཕུང་བ་དང་ཁྱིམ་ཚང་ལ་ཡང་གནོད་འཚེ་བཏང་། བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཁོར་ཡུག་བསྐྲུན་དགོས་པ་དང་།  བྱིས་པར་བརྩེ་འདང་སྦྱིན་པ་ནི་དེ་ལས་ཀྱང་གལ་ཆེ།

༧.jpg

ཆེད་མཁས་པའི་སེམས་གཏམ།

དྭ་ཕྲུག་གི་ཉེས་གསོག་དང་ཕྱི་འཁྱམས་ཀྱི་གནད་དོན་ལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་གདེང་འཇོག་བྱ་དགོས་ལ། ཉེས་སེལ་ལ་ཤུགས་རྒྱག་དགོས་པ་དང་འབྲེལ་ཡོད་ལས་ཁུངས་དང་མི་སྣ་གཏན་ཁེལ་བྱས་ཏེ། དོ་དམ་སློབ་གསོ་ཐབས་ལམ་ལག་བསྟར་བྱས་ཏེ་བྱིས་འཁྱམས་ལྟ་སྐུལ་སྒྲིག་གཞི་དང་འོས་འགན་དོན་ལ་གནས་པ་བྱེད་དགོས། །

མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།