ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མར་སློབ་གྲྭའི་ནང་དུ་གཅར་རྡུང་ཐེབས་ན་སློབ་གྲྭས་འགན་འཁུར་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གྲྭ་ག་གེ་མོ་ཞིག་གི་ལོ15ཅན་གྱི་སློབ་མ་དོན་གྲུབ2017ལོའི་ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་པ་གྲོལ་རྗེས་རྩལ་སྦྱོང་ར་བར་རྩལ་སྦྱོང་སློབ་ཁྲིད་ལ་འགྲོ་བའི་སྐབས་སུ། གཡུང་དྲུང་སོགས་མི་ལྔ་ཡིས་ཁོ་རང་བཙན་ཤེད་ཀྱིས་རྩལ་སྦྱོང་ར་བའི་ལྷོ་ཟུར་གྱི་སྤྱོད་ཁང་ནང་དུ་ཁྲིད་པ་དང་།གཡུང་དྲུང་གིས་སྔོན་ལ་དོན་གྲུབ་ལ་འགྲམ་ལྕག20གཞུས་པར་མ་ཟད།ད་རུང་གཞན་པ་རྣམས་ཀྱིས་ལྕགས་གཞོང་བླངས་ནས་དོན་གྲུབ་ལ་བརྒྱབ་པ་རེད།ཁྲིམས་ལུགས་སྨན་པས་གསལ་འབྱེད་བྱས་པ་ལྟར་ན།དོན་གྲུབ་ཀྱི་རྨས་དེ་རྨས་སྐྱོན་ཡང་མོའི་ཁོངས་སུ་གཏོགས།དོན་དག་བྱུང་བའི་རྗེས་སུ་རྒྱུས་ལོན་བྱས་པ་ན།ཛ་དྲག་ཆེ་བའི་དོན་དག་དེའི་འབྱུང་རྐྱེན་ནི་དོན་གྲུབ་ཀྱིས་གཡུང་དྲུང་ལ་ལྕགས་རྟ་མ་གཡར་བས་ལན་པ་རེད།རྗེས་སུ་དོན་གྲུབ་ཀྱི་ཕ་མ་གཉིས་ཀྱིས་གཡུང་དྲུང་སོགས་མི་ལྔ་པོ་དང་སློབ་གྲྭ་བཅས་མཉམ་དུ་ཁྲིམས་ཁང་ལ་གཏུགས།འདིར་འདྲི་རྒྱུ་ཞིག་ནི་དོན་རྐྱེན་དེའི་ཁྲོད་དུ་སློབ་གྲྭར་སྐྱིན་ཚབ་འཇལ་རྒྱུའི་འགན་ཡོད་དམ།

ཆེད་མཁས་པའི་འགྲེལ་བཤད།

གྱོད་གཞི་དེའི་ཁྲོད་དུ་ཐོག་མར་སློབ་གྲྭར་ནོར་འཁྲུལ་ཡོད་མེད་ལ་བལྟ་དགོས་པ་དང་།དེ་ནས་སློབ་གྲྭས་འགན་ཇི་ལྟ་བུ་ཞིག་འཁུར་དགོས་པར་བསམ་བློ་གཏོང་དགོས།གོང་དུ་བཤད་པ་ལྟར་ན།སློབ་གྲྭས་སློབ་མར་གནོད་འཚེ་ཐེབས་པའི་དོན་རྐྱེན་ཁྲོད་འཁུར་དགོས་པའི་འགན་འཁྲིའི་ཁག་འགྲེལ་རྩ་དོན་ནི“ནོར་འཁྲུལ་འགན་འཁྲིའི་རྩ་དོན”རེད།གྱོད་གཞི་དེའི་ནང་གི་སློབ་གྲྭ་འདིས་སློབ་མར་དོ་དམ་མི་ལེགས་པ་དང་སློབ་མའི་སློབ་ཞུགས་གནས་ཚུལ་ལ་ཡིད་འཇོག་མ་བྱས་པའི་དབང་གིས་དོན་གྲུབ་ལ་སློབ་གྲྭའི་ནང་དུ་དུས་ཡུན་ཅུང་རིང་པོ་ཞིག་ལ་གཞན་གྱིས་གཅར་རྡུང་བྱས་ནའང་སློབ་གྲྭས་མ་ཤེས་པས།སློབ་གྲྭའི་ཕྱོགས་སུ་ནོར་འཁྲུལ་ངེས་ཅན་ཞིག་ལྡན།དེ་ན་སློབ་གྲྭའི་ཕྱོགས་སུ་ནོར་འཁྲུལ་ལྡན་ན་སྐྱིན་ཚབ་ཀྱི་འགན་འཁུར་དགོས་སམ་ཞེ་ན།དེ་ལའང་ངེས་པ་མེད་དེ།《མི་ལུས་གནོད་འཚེ་ལ་སྐྱིན་ཚབ་འཇལ་བའི་ཐད་ཀྱི་འགྲེལ་བཤད》ཀྱི་དོན་ཚན་བདུན་པའི་ཁོད་ཚན་གཉིས་པའི་ནང་དུ“གནོད་འཚེ་གཏོང་མཁན་གྱི་མི་གསུམ་པ་དེས་སློབ་གྲྭའི་ནང་གི་ནར་མ་སོན་པའི་སློབ་མར་གནོད་འཚེ་བཏང་ན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་དང་།སློབ་གྲྭ་དང་བུ་བཅོལ་ཁང་སོགས་སློབ་གསོ་སྡེ་ཁག་ལ་ནོར་འཁྲུལ་ཡོད་ན།དེ་བསྟུན་གྱི་ཁ་གསབ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས”ཞེས་གཏན་འཁེལ་བྱས་ཡོད།ཁྲིམས་འཛིན་འགྲེལ་བཤད་འདིའི་གཏན་འཁེལ་ལྟར་ན།གནས་ཚུལ་དེ་ལྟ་བུའི་འོག་ཏུ་སློབ་གྲྭས་འགན་འཁུར་དགོས་པ་ནི་ཁ་གསབ་སྐྱིན་ཚབ་ཡིན་པ་ལས་གནོད་འཚེ་བཏང་བའི་འགན་འཁུར་མིན།ཡང་གཅིག་བཤད་ན།སློབ་གྲྭས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁུར་བར་སློབ་མའི་མི་ལུས་ལ་གནོད་འཚེ་ཐེབས་ནའང་།ཐད་ཀར་གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་ཀྱི་འགན་ཡོངས་རྫོགས་འཁུར་ཟིན་ན།སློབ་གྲྭས་ཁ་གསབ་ཀྱི་སྐྱིན་ཚབ་འཇལ་མི་དགོས་པ་དང་།གལ་ཏེ་ཐད་ཀར་གནོད་འཚེ་གཏོང་མཁན་གྱིས་འགན་མི་ཁུར་བའམ་ཡང་ན་ཁ་ཤས་མ་གཏོགས་མི་འཁུར་བ་ཡིན་ན།སློབ་གྲྭས་འགན་ཡོངས་རྫོགས་ཁུར་པའམ་ཡང་ན་ཐད་ཀར་གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་འཇལ་ཟིན་པའི་ཆད་ལྷག་དེ་འཁུར་དགོས།གྱོད་དོན་དེའི་ནང་གི་གཡུང་དྲུང་སོགས་ཀྱིས་དོན་གྲུབ་ཀྱི་གནོད་འཚེ་ལ་འགན་ཁུར་ཟིན་ན།སློབ་གྲྭས་འགན་ཁུར་མི་དགོས་པ་དང་།གཡུང་དྲུང་སོགས་ཀྱིས་འགན་མ་ཁུར་པའམ་ཡང་ན་ཆ་ཤས་ཙམ་ལས་མ་ཁུར་ན།སློབ་གྲྭས་གྱོད་དོན་དེའི་ཞིབ་ཕྲའི་གནས་ཚུལ་དང་སློབ་གྲྭའི་གནས་ཚུལ་གཞིར་བཟུང་སྟེ།དེ་བསྟུན་གྱི་འགན་འཁུར་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།