ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་གླུ་ལ་དམའ་འབེབས་བྱས་ན་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《རྒྱལ་གླུའི་བཅའ་ཁྲིམས》ཀྱི་འཆར་ཟིན་དེ་ཟླ8པའི་ཚེས28ཉིན་ཐེངས་གཉིས་པར་རྒྱལ་ཡོངས་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་དུ་བཅུག་པ་དང་།འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་རྒྱལ་གླུ་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་ལ་ཆད་པ་གཅོད་པའི་ཚད་སྔར་ལས་ཇེ་དྲག་ཏུ་བཏང་ཡོད།

འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་གཏན་འཁེལ་བྱས་ཡོད་པ་སྟེ། མི་མང་ཚོགས་ས་རུ་བསམ་བཞིན་དུ་རྒྱལ་གླུའི་གླུ་ཚིག་བསྒྱུར་ཏེ།འཁྱོག་བཤད་དང་དམའ་འབེབས་ཀྱི་ཚུལ་དུ་རྒྱལ་གླུ་ལེན་པའམ་ཡང་ན་རྣམ་པ་གཞན་པའི་སྒོ་ནས་རྒྱལ་གླུ་ལ་དམའ་འབེབས་བྱས་ན།སྤྱི་བདེ་ལས་ཁུངས་ཀྱིས་ཉེན་བརྡ་གཏོང་བའམ་ཡང་ན་ཉིན15ལ་བཀག་ཉར་བྱེད་རྒྱུ་ཡིན་པ་དང་།ཉེས་པ་བསགས་ཡོད་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།འཆར་ཟིན་གྲོས་ཞིབ་དང་པོའི་མ་ཡིག་སྟེང་དུ་གཏན་འཁེལ་བྱས་ཡོད་པའི་རྒྱལ་གླུ་ལེན་པའམ་ཡང་ན་བཀོལ་སྤྱོད་བྱེད་མི་ཆོག་པའི་ས་གནས་དང་གནས་ཚུལ་གྱི་ཕྱོགས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་ཁག་ཁ་ཤས་ཀྱིས་འདི་ལྟར་བཏོན་པ་སྟེ།ཚོང་ལས་བརྡ་ཁྱབ་སྟེང་རྒྱལ་གླུ་བཀོལ་མི་ཆོག་པ་དང་།སྤྱི་ཕན་བརྡ་ཁྱབ་ཀྱི་སྟེང་དུ་བཀོལ་ཆོག་པ་རེད།འཆར་ཟིན་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་དེའི་ཐད་ལ་ཡང་བསྐྱར་གཏན་འཁེལ་གསལ་པོ་བྱས་ཡོད། རྒྱལ་གླུ་ནི་ཚོང་རྟགས་དང་ཚོང་ལས་བརྡ་ཁྱབ་ཀྱི་སྟེང་དུ་བཀོལ་མི་ཆོག་པ་དང་རྣམ་པ་བསྒྱུར་བའི་སྒོ་ནས་ཀྱང་བཀོལ་མི་ཆོག་པར་མ་ཟད།སྒེར་གྱི་འདས་མཆོད་སོགས་ཀྱི་འོས་འཚམ་མིན་པའི་བྱ་བའི་སྟེང་དུ་བཀོལ་མི་ཆོག་ལ།མི་མང་ཚོགས་སའི་རྒྱབ་ལྗོངས་རོལ་དབྱངས་སུ་སྤྱད་མི་ཆོག

སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་གླུ་ལེན་པར་སྐུལ་མ་དང་འདོན་སྤེལ་བྱེད་པའི་ཆེད་དུ།འཆར་ཟིན་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་དུ་གཏན་འཁེལ་གསར་པ་ཁ་སྣོན་བྱས་ཡོད་པ་སྟེ།རྒྱལ་ཁབ་ཀྱིས་སྤྱི་དམངས་དང་རྩ་འཛུགས་ལ་ས་གནས་འོས་འཚམ་དུ་རྒྱལ་གླུ་བླངས་ནས་མེས་རྒྱལ་ལ་དགའ་བའི་བརྩེ་བ་མཚོན་པར་སྐུལ་མ་གཏོང་དགོས།འཆར་ཟིན་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་དུ་ད་རུང“རྒྱལ་གླུ་ལེན་པའི་སྐབས་སུ།ཡུལ་དངོས་སུ་ཡོད་པའི་མི་རྣམས་ངེས་པར་གུས་སྟབས་ཀྱིས་ལངས་དགོས་པ་དང་།སྤྱོད་སྟངས་གཟབ་ནན་ཡིན་པ་ལས།རྒྱལ་གླུ་ལ་མི་བཀུར་བའི་བྱ་སྤྱོད་གང་ཡང་ཡོད་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད།

རྒྱལ་གླུའི་སློབ་གསོར་ཤུགས་སྣོན་ཆེད།འཆར་ཟིན་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་སྟེང་དུ་ད་རུང་རྒྱལ་གླུ་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ནང་དུ་འཇོག་རྒྱུ་གཏན་འཁེལ་བྱས་ཡོད་ལ།སློབ་གྲྭ་ཆུང་འབྲིང་གིས་རྒྱལ་གླུ་དེ་རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ནས།སློབ་མ་རྩ་འཛུགས་བྱས་ཏེ་རྒྱལ་གླུ་ལེན་དུ་འཇུག་པ་དང་།སློབ་མར་རྒྱལ་གླུའི་ལོ་རྒྱུས་དང་དགོངས་པའི་དོན་སྙིང་ཤེས་སུ་འཇུག་ཅིང་།རྒྱལ་གླུ་ལེན་པའི་གུས་སྲོལ་ལ་བརྩི་སྲུང་བྱེད་དགོས་པའི་སློབ་གསོ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།