ཀྲུང་གོ་བོད་ཀྱི་དྲ་བ།

ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ་སྤྱི་དམངས་རྣམས་ཀྱིས་དོགས་ཟོན་ལེགས་པོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་ཡན་ལག་ཅུས་ཀྱིས་མི་གཞན་གྱི་རྒྱུ་ནོར་འཕྲོག་པ་དང་རྐུ་ལེན་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ནས།ཉེས་བསགས་དོགས་ཅན་སངས་ཆེ་གེ་མོ་ད་ལྟ་མཁར་ནུབ་ཉེན་རྟོག་པས་ཁྲིམས་ལྟར་བཀག་ཉར་བྱས་ཡོད།

ཟླ་དང་པོའི་ཚེས10ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཉེ་འཁོར་དུ་བསྡད་ཡོད་པའི་ཟི་ལིང་གྲོང་ཁྱེར་གྱི་གཞིས་དམངས་ཚེ་སྐྱིད་སྒྲོལ་མར་འཕྲོག་བཅོམ་ཐེབས་པས།མོས་མྱུར་དུ་ཉེ་འགྲམ་གྱི་མངགས་གཏོང་ཁང་དུ་གཏུག་བཤེར་བྱས།གཏུག་བཤེར་འབྱོར་རྗེས། མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་བྱས་ཤིང་།དུས་ཚོད14ཡི་རིང་ལ་རྩད་ཞིབ་བྱས་པ་བརྒྱུད།ཟླ་དང་པོའི་ཚེས11ཉིན་ཉེན་རྟོག་པས་དོགས་ཅན་མི་སྣ་སངས་ཆེ་གེ་མོ་འཛིན་བཟུང་བྱས།

འདྲི་གཅོད་བྱས་པ་ན།དོགས་ཅན་མི་སྣ་སངས་ཆེ་གེ་མོས་ཚེ་སྐྱིད་སྒྲོལ་མའི་རྒྱུ་ནོར་འཕྲོག་བཅོམ་དང་རྐུ་ལེན་བྱས་པའི་བྱ་བ་ཡོངས་རྫོགས་ཁས་ལེན་བྱས་ཤིང་།འཕྲོག་པའི་ལག་ཁྱེར་ཁ་པར་བཙོངས་པར་མ་ཟད།དངུལ་སྤྲོད་འབོ་ཡི་སྟེང་དུ་སྒོར་དྲུག་སྟོང་ཡོད་པ་ཚང་མ་བཀོལ་ཚར་འདུག

ཉེན་རྟོག་པའི་དྲན་སྐུལ། ལུགས་རྙིང་གི་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདི་ནི།འཕྲོག་བཅོམ་དང་རྐུ་ལེན་བྱེད་པའི་དོན་རྐྱེན་འབྱུང་ཚད་ཆེས་མཐོ་བའི་དུས་ཡིན་ལ།ཉེས་བསགས་དོགས་ཅན་མི་སྣས་ཐོག་རིམ་དུ་བསྡད་ཡོད་པའི་ཁྱིམ་ཚང་གི་རྐུ་འགོག་འདུ་ཤེས་ཅུང་ཞན་པའི་སེམས་ཁམས་བེད་སྤྱད་དེ།ཐོག་རིམ་ནས་ཐག་པ་བསྣར་ཞིང་ཁྱིམ་ཚང་དུ་སོང་ནས་རྐུ་བྱེད་ཀྱིན་ཡོད། གཞིས་དམངས་ཀྱིས་རང་ཁྱིམ་གྱི་སྒོའི་འགོག་སྲུང་བཟང་མིན་ལ་མཉམ་འཇོག་བྱེད་དགོས་པ་ལས། གང་འདོད་དུ་མི་ཆ་མེད་ལ་སྒོ་མི་ཕྱེས་པ་དང་།དགོས་ངེས་ཀྱི་སྐབས་སུ་ཐོག་རིམ་གྱི་བགྲོད་ལམ་དུ་འགོག་སྲུང་སྒོ་ཟྭ་བརྒྱག་དགོས།སྒོར་མོ་དང་དངོས་པོ་རྩ་ཆེན་ཁྱིམ་ཚང་ནང་དུ་འཇོག་མི་རུང་ལ།ཁྱིམ་ཚང་དུ་མི་ཡོད་པའི་སྐབས་སུའང་བདེ་འཇགས་འགོག་སྲུང་གི་བྱ་བ་ལྷོད་མི་རུང་བར།ཁྱིམ་དུ་སླེབས་རྗེས་མྱུར་དུ་སྒོ་ཟྭ་བརྒྱག་དགོས།གལ་ཏེ་ཉེས་བསགས་པ་ཁྱིམ་ཚང་དུ་འཛུལ་ཡོད་ན་སེམས་རྣལ་ལ་འབབ་དགོས་པ་དང་རང་ཉིད་ཀྱི་བདེ་འཇགས་གཙོ་བོར་བཟུང་རྗེས།གོ་སྐབས་བཙལ་ནས་ཉེན་རྟོག་པར་ཁ་པར་གཏོང་དགོས།གལ་ཏེ་དོགས་ཅན་མི་སྣ་ངོ་ཤེས་ལ་བརྫུས་ཏེ་སྒོར་མོ་བསྐུར་དགོས་པའི་རེ་བ་འདོན་སྐབས།མྱུར་དུ་དོ་བདག་པར་ཁ་པར་བཏང་ནས་བདེན་མིན་བརྡར་ཤ་གཅོད་པ་དང་མཉམ་དུ་ཉེན་རྟོག་པར་གཏུག་བཤེར་བྱེད་དགོས།བུད་མེད་རྣམས་སྒོར་འབུད་སྐབས་འགྲོ་རོགས་དང་མཉམ་དུ་འགྲོ་བ་ལས་ཁེར་རྐྱང་དུ་མ་སོང་ན་བཟང་ཞིང་།ངེས་པར་འགྲོ་དགོས་པ་བྱུང་ནའང་ལག་ཏུ་སྒོར་མོ་མང་པོ་འཛིན་མི་རུང་བར་མ་ཟད།རྒྱབ་ཁུག་མདུན་ཕྱོགས་སུ་ལེན་དགོས།མི་མང་འཛོམས་ས་ནས་རང་ཉིད་ཀྱི་རྒྱུ་ནོར་ཕྱི་རུ་མངོན་མི་རུང་བ་དང་།སྒེར་གྱི་རླངས་འཁོར་སྐོར་མཁན་གྱིས་སྒོར་མོ་དང་དངོས་པོ་རྩ་ཆེན་རླངས་འཁོར་ནང་དུ་འཇོག་མི་རུང་ལ།རླངས་འཁོར་ངེས་པར་ཚད་ལྡན་གྱི་རླངས་འཁོར་འཇོག་ས་རུ་འཇོག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།