ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱས་རྗེས་ཁྱོ་གས་བྱིས་པའི་འཚོ་བའི་གྲོན་དངུལ་མ་བྱིན་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ངའི་ཨ་ཅེ་བཀྲ་ཤིས་མཚོ་དང་མགོན་པོ་གཉིས་གོ་བརྒྱད་ལོའི་ཟླ་ལྔ་བར་རང་དབང་རང་འཐད་སྒོས་གཉེན་སྒྲིག་ཐོ་འགོད་བྱས། གོ་དགུ་ལོའི་ཟླ་བཅུ་བར་བཀྲ་ཤིས་མཚོས་བྱིས་པ་ཞིག་བཙས་ཤིང་། མགོན་པོ་ཡང་བྱ་བའི་དགོས་མཁོ་ལྟར་གྲོང་ཁྱེར་གཞན་ཞིག་ཏུ་ལས་གནས་སྤར།

བལྟས་བལྟས་རིག་རིག་ལ་ལོ་དྲུག་གི་དུས་ཚོད་ཕར་འདས་སོང་། ལོ་དྲུག་གི་དུས་ཡུན་ནང་མགོན་པོས་བཀྲ་ཤིས་མཚོ་དང་བྱིས་པ་གཉིས་ཀར་ཐེངས་གཅིག་ལའང་འབྲེལ་གཏུགས་མ་བྱས་པར་མ་ཟད། ཁོ་ཚོར་འཚོ་བའི་གྲོན་དངུལ་ཙམ་ཡང་བྱིན་མ་མྱོང་། བཀྲ་ཤིས་མཚོ་ལ་གཏན་འཇགས་ཀྱི་བྱ་བ་དང་ཡོང་སྒོ་མེད་པས་འཚོ་བར་དཀའ་ཁག་ཧ་ཅང་ཆེ། བཀྲ་ཤིས་མཚོས་མགོན་པོ་སྔོན་ཆད་བསྡད་མྱོང་བའི་ལས་ཁུངས་ལ་རྩད་གཅོད་བྱས་པས་ཁོའི་ད་ལྟའི་བྱ་བ་ལས་སའི་ལས་ཁུངས་རྩད་ཆོད་མོད། འོན་ཀྱང་མགོན་པོས་བཀྲ་ཤིས་མཚོ་དང་བྱིས་པ་གཉིས་ཀྱི་འབྲེལ་གཏུག་དང་ལེན་མི་བྱེད་པར་མ་ཟད། ད་དུང་འཚོ་བའི་གྲོན་དངུལ་དང་བྱིས་པའི་སྙོར་སྐྱོང་གི་དངུལ་སྐར་གང་ཡང་སྟེར་མི་ཐུབ་ཟེར། དེ་བས་ངའི་ཨ་ཅེ་བཀྲ་ཤིས་མཚོ་མ་བུ་གཉིས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཇི་ལྟར་བྱེད་དགོས།

ཁྲིམས་བཤད།

ཁྱོད་ཀྱི་ཨ་ཅེ་བཀྲ་ཤིས་མཚོས་སྡེ་དམངས་ཨུ་ཡོན་ལྷན་ཁང་མགོན་པོ་ཡོད་སའི་ལས་ཁུངས་ཀྱིས་ཁོ་ལ་ཁ་ཏ་སློབ་གསོ་རེ་གནང་རྒྱུ་དང་ཁོ་གཉིས་འདུམ་སྒྲིག་བྱེད་པར་རེ་བ་བཏོན་ཆོག་ལ། མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་མགོན་པོས་མོ་དང་བྱིས་པ་གཉིས་ཀའི་འཚོ་བའི་གྲོན་དངུལ་དང་སྙོར་སྐྱོང་གི་དངུལ་སྟེར་བར་རེ་བ་བཏོན་ཆོག «གཉེན་སྒྲིག་བཅའ་ཁྲིམས>>ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཁྱིམ་མི་འདོར་བའི་རིགས་ལ་གནོད་འཚེ་ཁེལ་ཡུལ་གྱིས་སྡེ་མང་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཁ་ཏ་སློབ་གསོ་དང་འདུམ་སྒྲིག་བྱེད་པར་རེ་བ་འདོན་པའི་དབང་ཆ་ཡོད། ད་དུང་དེ་རིགས་ལ་གནོད་འཚེ་ཁེལ་ཡུལ་གྱིས་རེ་འདུན་ཞུས་ཚེ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་འཚོ་བའི་གྲོན་དངུལ་དང་གསོ་སྐྱོང་དངུལ་སོགས་སྟེར་བའི་ཁྲིམས་བཅད་ཆོག

ཕ་མར་བྱིས་པ་སྙོར་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད་ལ། བྱིས་པར་ཕ་མ་གསོ་སྐྱོང་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད། ཕ་མས་འོས་འགན་དེ་ལག་བསྟར་མ་བྱས་ན་ནར་མ་སོན་པའམ་རང་རྐྱ་ཐུབ་པའི་ངང་འཚོ་བ་རོལ་མི་ཐུབ་པའི་བྱིས་པར་ཕ་མས་སྙོར་སྐྱོང་དངུལ་སྟེར་བར་རེ་བ་འདོན་པའི་དབང་ཆ་ཡོད། ཁྱོ་ཤུག་ལའང་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན་ཡོད། ཕྱོགས་གཅིག་གིས་གསོ་སྐྱོང་འོས་འགན་ལག་བསྟར་མ་བྱས་ན་ཕྱོགས་གཞན་དེས་རང་ལ་གསོ་སྐྱོང་དངུལ་སྟེར་བར་རེ་བ་འདོན་པའི་དབང་ཆ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།