ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་གས་ཆུང་མ་འདི་ལྟར་སྒོར་ཕུད་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

རྣམ་རྒྱལ་གྱིས་ལོ་གཉིས་གསུམ་གྱི་ཡར་སྔོན་ནས་བཟུང་། རང་གི་མནའ་མའི་ཨ་མ་དང་ལྐོག་ཏུ་འགྲོགས་ཏེ་རང་གི་ཁྱིམ་གཞིར་ཁ་ཡ་སྤུ་ཙམ་ཡང་མ་བྱས། ཁོའི་ཆུང་མ་མཚོ་མོས་ཐེངས་དུ་མར་བུ་ཕྲུག་ཚོ་དང་གཉེན་ཉེ་རྣམས་ལ་ཁོར་ཁ་ཏ་སློབ་གསོ་རེ་གཏང་རོགས་ཞེས་ཡང་ཡང་སྐུལ་ཏེ་གཉེན་ཉེ་རྣམས་ཀྱིས་སློབ་གསོ་གང་མང་བཏང་ཡང་ཕན་ཐོགས་མ་བྱུང་བ་རེད། ད་ལོའི་དགུན་སྟོད་དུ་ཁོས་ཁྱིམ་གྱི་ཕྱུགས་ཟོག་ཡོད་ཚད་བཙོངས་པ་མ་ཟད། ཆུང་མ་མཚོ་མོ་བཙན་གྱིས་སྒོ་ཕྱིར་དྲུད་པ་དང་སྒོ་ཡོད་ཚད་ལ་ཟྭ་བརྒྱབ་རྗེས། བུ་ཆུང་བཟའ་ཟླ་གཉིས་དང་། མནའ་མའི་ཨ་མ་བཅས་ཁྲིད་ནས་མགོ་ལོག་ལ་ཟ་ཁང་གཉེར་དུ་བུད་སོང་བ་རེད། ལོ་ན་དྲུག་ཅུར་སོན་པའི་ཆུང་མ་མཚོ་མོ་ལ་རང་ཁྱིམ་དྲོན་མོ་ཞིག་མེད་པས་བྱ་ཐབས་ཅི་ཡང་མེད་པའི་གནས་སུ་ལྷུང་། བཅའ་ཁྲིམས་ཀྱིས་རྒན་མོ་འདིའི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོང་བྱེད་དགོས།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པའི་གཏན་ཁེལ་ལྟར་ན། གཤམ་གྱི་གནས་ཚུལ་བཞི་ལས་གཅིག་ལྡན་ཚེ་ཁྲིམས་འགལ་མཁན་གྱིས་ནོར་འཁྲུལ་མེད་པའི་རིགས་ལ་སྐྱིན་ཚབ་འཇལ་དགོས། གཅིག བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ། གཉིས། བཟའ་ཟླ་ཡོད་བཞིན་དུ་གཞན་དང་ཚུལ་མིན་སྒོས་མཉམ་འདུག་བྱེད་པ། གསུམ། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བ། བཞི། ཁྱིམ་མིར་མནར་གཅོད་གཏོང་བ་དང་ཁྱིམ་མི་འདོར་བསྐྱུར་བྱེད་པའི་རིགས་སོགས་ཡིན།

ཡང《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉི་ཤུ་བའི་གཏན་ཁེལ་ལྟར་ན། ཁྱོ་ཤུག་གཉིས་ཀར་ཕན་ཚུན་འཚོ་སྐྱོང་བྱེད་པའི་འོས་འགན་ཡོད་ལ། གལ་ཏེ་ཕྱོགས་གཅིག་གིས་འཚོ་སྐྱོང་བྱེད་པའི་འགན་འཁུར་ན། འཚོ་སྐྱོང་བྱ་ཡུལ་གྱི་ཕྱོགས་དེས་ཅིག་ཤོས་ཀྱི་ལག་ནས་གསོ་རྟེན་ལེན་པའི་དབང་ཆ་ཡོད། རྣམ་རྒྱལ་གྱིས་རང་ལ་ཆུང་མ་ཡོད་བཞིན་དུ་ལྐོག་ནས་མི་གཞན་དང་མཉམ་འདུག་བྱས་པར་མ་ཟད་རང་གི་ཆུང་མ་དོར་ཏེ་ཁྱིམ་མི་རྣམས་གཞན་ཡུལ་དུ་ཁྲིད་པའི་བྱ་སྤྱོད་ནི་ཁྲིམས་འགལ་གྱི་རྣམ་པ་ཞིག་ཡིན། གཞན་ཡང་། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་གཏན་ཁེལ་ལྟར་ན། བྱིས་པར་ཕ་མར་ཞབས་ཞུ་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད་དེ། བྱིས་པ་ཚོས་གསོ་སྐྱོང་གི་འགན་མ་ཁུར་ན་ངལ་རྩོལ་ནུས་པ་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མ་གཉིས་ལ་བྱིས་པའི་ལག་ནས་གསོ་རྟེན་ལེན་པའི་དབང་ཆ་ཡོད། དེ་བས། རྣམ་རྒྱལ་གྱི་བུ་དང་མནའ་མ་གཉིས་ལའང་རྣམ་རྒྱལ་གྱི་ཆུང་མ་གསོ་བའི་འོས་འགན་ཡོད་ལ། བུ་དང་མནའ་མ་གཉིས་ཀར་ཡང་མོ་ལ་གསོ་རྟེན་ངེས་ཅན་ཞིག་སྟེར་དགོས་པའི་རེ་བ་བཏོན་ཆོག་གོ

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།