ཀྲུང་གོ་བོད་ཀྱི་དྲ་བ།

ནོར་བུས་ཁྱིམ་ཚང་སྤྱི་ལ་དབང་བའི་རྒྱུ་ནོར་ལ་ཇི་ལྟར་དོ་དམ་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ།

ནོར་བུ་དང་བདེ་མཚོ་གཉིས་གཉེན་སྒྲིག་བྱས་མ་ཐག་ཁྱིམ་གསར་དུ་སྤར་ནས་མི་ཚེའི་འཚོ་བ་བདེ་སྐྱིད་ངང་རོལ་བཞིན་ཡོད་ནའང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཆུང་མས་དངོས་པོ་ག་གེ་མོ་ལིག་མོ་རང་གི་ཡིན་ཚུལ་དང་། རྒྱུ་ནོར་ལ་ལ་མོས་ཕ་མ་གཉིས་ཀྱིས་རང་ལ་གནང་བ་ཡིན་ཚུལ། མོ་རང་ཉིད་ཞོར་ལས་ལ་སོང་ནས་སྒོར་མོ་འགའ་བཙལ་བའམ་མོ་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་ཐོན་པའི་ཁྱིམ་ཚང་གི་དངོས་པོ་ཚང་མ་རང་གིས་བདག་བྱས་པ་དང་། རྒྱུ་ནོར་དེ་དག་གི་བཀོལ་སྤྱོད་དབང་ཆའང་མོལ་ཡོད་ཚུལ་དང་།  རྒྱུ་ནོར་དེ་དག་མོ་ལ་དབང་བ་སོགས་ཀྱི་གནས་ལུགས་འདོན་པའི་ཁར་ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་ཕྱོགས་ནས་ཀྱང་རྩོད་གླེང་གང་མང་འབྱུང་བཞིན་ཡོད། འོ་ན་འདི་ལྟ་བུའི་ཁྱིམ་ཚང་སྤྱིའི་རྒྱུ་ནོར་དེ་སུ་ལ་དབང་བ་དང་། དོ་དམ་དང་བཀོལ་སྤྱོད་ཇི་ལྟར་བྱེད་དགོས།

ཁྲིམས་བཤད། 

ཁྱོ་ཤུག་ཐུན་མོང་ལ་དབང་བ་ཞེས་པ་ནི།  ཁྱོ་ཤུག་ཐུན་མོང་གིས་དངོས་པོ་རིགས་གཅིག་ལ་ཐུན་མོང་དུ་ལོངས་སུ་སྤྱོད་པའི་བདག་དབང་ཞིག་ལ་ཟེར། ཁྱོ་ཤུག་ཟུང་ལ་ཐུན་མོང་གི་རྒྱུ་ནོར་དེར་འདྲ་མཉམ་གྱིས་བེད་སྤྱོད་བྱེད་པའི་ཁེ་དབང་དང་འོས་འགན་ཡོད་ལ། ཐུན་མོང་གི་རྒྱུ་ནོར་ལ་འདྲ་མཉམ་གྱིས་བདག་དབང་ཡང་བྱས་ཆོག  ཁྱོ་ཤུག་ཐུན་མོང་ལ་དབང་བ་ནི་ཐུན་མོང་སྤྱི་ལ་དབང་བའི་ཁྲོད་ཀྱི་རིགས་ཤིག་ཡིན། ཁྱོ་ཤུག་ཟུང་ལ་ཐུན་མོང་དུ་དབང་བའི་དངོས་པོ་ཡོད་དོ་ཅོག་ལ་འདྲ་མཉམ་གྱིས་ལོངས་སུ་སྤྱོད་པའི་ཁེ་དབང་དང་འོས་འགན་ལྡན་ཞིང་། འདྲ་མཉམ་གྱིས་བདག་འཛིན་བྱེད་པ་དང་བེད་སྤྱོད་བྱེད་པ། ཐོབ་ཆ་ལེན་པ། ཐག་གཅོད་བྱེད་པ་སོགས་ཀྱི་ཁེ་དབང་ལྡན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བདུན་པའི་ནང་དུ། ཁྱོ་ཤུག་ཟུང་གི་བཟའ་ཚང་འབྲེལ་བ་རྒྱུན་ལྡན་ཡིན་པའི་དུས་སུ་བསགས་པའི་གཤམ་གྱི་རྒྱུ་ནོར་དག་ཁྱོ་ཤུག་ཐུན་མོང་ལ་དབང་བར་གཏན་ཁེལ་བྱས་ཡོད་དེ། 

གཅིག གླ་ཕོག་དང་བྱ་དགའི་དངུལ།

གཉིས། ཐོན་སྐྱེད་དང་བདག་གཉེར་བྱས་པའི་ཐོབ་ཆ།

གསུམ། ཤེས་རིག་བདག་དབང་གི་ཐོབ་ཆ།

བཞི། རྒྱུད་འཛིན་དང་མི་གཞན་གྱིས་བྱིན་པའི་རྒྱུ་ནོར། (ཡིན་ཡང་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ཚན་པ་གསུམ་པའི་གཏན་ཁེལ་ནང་དུ་ཚུད་མེད་པ་ཞིག་ཡིན་དགོས)

ལྔ། གཞན་ངེས་པར་དུ་ཐུན་མོང་ལ་དབང་འོས་པའི་རྒྱུ་ནོར་དག་གོ།

ཐག་གཅོད་ཀྱི་དབང་ཆ་ནི་ཁྱོ་ཤུག་ཟུང་ལ་དབང་བའི་བདག་དབང་ཁྲོད་ཀྱི་དབང་ཆ་གལ་ཆེན་ཞིག་ཡིན་པས། ཐད་ཀར་དུ་དོ་བདག་པའི་རྒྱུ་ནོར་ཁེ་དབང་དང་འབྲེལ་བ་དམ་པོ་ཡོད། དེའི་རྐྱེན་གྱིས《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བདུན་པའི་ནང་དུ། ཁྱོ་ཤུག་ཟུང་ལ་ཐུན་མོང་གི་རྒྱུ་ནོར་དེར་འདྲ་མཉམ་གྱིས་ཐག་གཅོད་བྱེད་པའི་ཁེ་དབང་ལྡན་ཞེས་གཏན་ཁེལ་བྱས་ཡོད་ཅིང་། བྱེ་བྲག་གི་ནང་དོན་གཤམ་གསལ་ལྟར། 

གཅིག  ཁྱོ་ཤུག་ཟུང་གིས་ཐུན་མོང་གི་རྒྱུ་ནོར་ལ་ཐག་གཅོད་བྱེད་པའི་ཁེ་དབང་འདྲ་མཉམ་ཡིན། འཚོ་བའི་དགོས་མཁོ་ངེས་ཅན་ཞིག་གི་ཁྲོད་དུ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་ཐག་གཅོད་བྱེད་དགོས་ཚེ། ཁྱོ་ཤུག་གཉིས་ལས་སུ་ཡིན་རུང་རང་རྒྱུ་ཐག་གཅོད་བྱེད་པའི་དབང་ཆ་ལྡན། 

གཉིས། འཚོ་བར་དགོས་མཁོ་དེ་འདྲ་མེད་པའི་གནས་ཚུལ་འོག་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་ཐག་གཅོད་གལ་ཆེན་བྱེད་དགོས་ཚེ། ངེས་པར་དུ་འདྲ་མཉམ་གྱི་གྲོས་མོལ་བརྒྱུད་དེ་བསམ་ཚུལ་གཅིག་མཐུན་འབྱུང་དགོས། ཁྱོ་ཤུག་ཕྱོགས་གཅིག་གིས་ཕྱོགས་གཞན་དེ་འཐད་པ་འབྱུང་མིན་ལ་མ་བལྟོས་པར་གང་འདོད་དུ་ཐག་གཅོད་བྱས་ན། ཕྱོགས་གཞན་དེར་ཁྲིམས་ལུགས་ཀྱི་ངོས་ནས་ཐག་བཅད་པ་དེ་རྩིས་མེད་དུ་གཏོང་བའི་དབང་ཆ་ལྡན། ཡིན་ཡང་། མི་གསུམ་པས་གོང་གི་ཐག་གཅོད་དེ་རིགས་ཁོ་ཁྱོ་ཤུག་ཟུང་གི་ཐུན་མོང་གི་སེམས་འདུན་ཡིན་པ་དང་། སེམས་འདུན་དེ་མི་གཞན་པ་ཡིད་ཆེས་ཆོག་པར་ར་སྤྲོད་བྱེད་ཐུབ་ཚེ། ཁྱོ་ཤུག་ཕྱོགས་གང་གིས་ཀྱང་ཡིད་འཐད་མིན་ཚུལ་དང་མི་ཤེས་ཚུལ་རྒྱུ་མཚན་དུ་དྲངས་ཏེ་མི་གསུམ་པར་ཁ་རྡུང་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།