ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་སྒྲིག་མ་བྱས་པར་ཕོ་མོ་མཉམ་འདུག་བྱས་ན་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ང་ནི་སློབ་ཆེན་འགྲིམས་བཞིན་པའི་སློབ་མ་ཕལ་བ་ཞིག་ཡིན། ང་ལ་གྲོགས་མོ་ཞིག་ཡོད་པ་དེར་ཁོ་མོའི་འདོད་བློ་དང་འཚམས་ཞིང་ཕན་ཚུན་བརྩེ་དུངས་ཡང་ཟབ་པའི་མཛའ་གྲོགས་ཤིག་ཡོད། ཡིན་ནའང་ཁོ་མོའི་ཕ་མ་གཉིས་སྐྱེས་པ་དེ་ཁོ་ཚང་གི་མག་པར་འགྱུར་བར་གཏན་ནས་མ་འཐད་པར་མ་ཟད། གཞན་ནས་སྐྱེས་པ་ཞིག་མོའི་མཛའ་གྲོགས་སུ་ངོ་སྤྲོད་བྱས་པ་རེད། ངའི་སློབ་གྲོགས་དོན་དེར་གཏན་ནས་འཐད་པ་མ་བྱུང་། མོ་ད་ལོ་ལོ19ཡིན་པས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་ཐོན་མེད། རང་ཉིད་ཀྱི་རང་དབང་གཉེན་སྒྲིག་ལ་ཕ་མས་ཐེ་གཏོགས་བྱས་པར་ངོ་རྒོལ་བྱེད་མ་ཐུབ་པས། སྐྱེས་པ་དེ་དང་ཁྱིམ་གཅིག་ཏུ་བསྡད་ནས་བཟའ་ཟླ་ལྟ་བུའི་འཚོ་བ་རོལ་མགོ་བརྩམས། དེ་བས། ཁོ་མོའི་ཕ་མ་གཉིས་ཀྱིས་འདི་ལྟར་གཉེན་བཙན་བསྒྲིགས་བྱས་པ་དང་གཉེན་སྒྲིག་ལོ་ཚད་ལོངས་མེད་པར་ཕོ་མོ་མཉམ་འདུག་བྱས་ན་ཆོག་གམ།

ཁྲིམས་བཤད།

ཁྱོད་ཀྱིས་བཤད་པའི་གནད་དོན་འདི་ཧ་ཅང་གལ་ཆེན་ཞིག་རེད། དོན་དེས་ཇི་ལྟར་བྱས་ན་ད་གཟོད《གཉེན་སྒྲིག་བཅའ་ཁྲིམས》ཡང་དག་སྒོས་ལག་ལེན་མཐར་ཕྱིན་བྱེད་ཐུབ་པར་རག་ལས་ཡོད་དེ། རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཞི་པའི་གཏན་ཁེལ་ལྟར། གཉེན་སྒྲིག་བྱེད་པར་ངེས་པར་དུ་ཕོ་མོ་ཕྱོགས་གཉིས་ཀ་རང་འཐད་ཡིན་དགོས་ལ། གཞན་གྱིས་བཙན་ཤེད་དང་ཐེ་གཏོགས་བྱས་མི་ཆོག ཁྱོད་ཀྱིས་སློབ་གྲོགས་དེའི་ཕ་མས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཏན་ཁེལ་ལ་དོ་སྣང་མི་བྱེད་པར་བཙན་དབང་གིས་བུ་མོའི་གཉེན་སྒྲིག་ལ་ཐེ་གཏོགས་བྱས་པའི་བྱ་སྤྱོད་དེ་ནོར་འཁྲུལ་ཡིན་ལ། ཁྲིམས་འགལ་ཡང་ཡིན། ཁོ་མོའི་རང་ཉིད་ཀྱི་གཉེན་སྒྲིག་རང་དབང་གི་ཁེ་དབང་ལག་བསྟར་བྱེད་པ་ཁག་ཐག་བྱེད་ཆེད་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཤ་ཉེ་རྣམས་ལ་རེ་འདུན་ཞུས་ཏེ་ཕ་མ་གཉིས་ལ་ཁ་ཏ་སློབ་གསོ་གཏོང་དུ་བཅུག་ཆོག་ལ། དེ་ལྟར་བྱས་ཀྱང་ད་དུང་གནད་དོན་ཐག་གཅོད་བྱེད་མ་ཐུབ་ཚེ། ཐད་ཀར་དུ་ས་གནས་དེའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག ཡིན་ནའང་ཕ་མར་ངོ་རྒོལ་བྱེད་མ་ཐུབ་པ་དང་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་མ་སྒྲུབ་པར་མཉམ་གཅིག་ཏུ་འཚོ་བ་རོལ་བའི་བྱ་སྤྱོད་དེ་ཡང་ནོར་འཁྲུལ་ཡིན་ལ་ཁྲིམས་འགལ་ཡང་ཡིན། རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་པའི་གཏན་ཁེལ་ལྟར། གཉེན་སྒྲིག་ལོ་ཚད་ནི་ངེས་པར་དུ་ཕོ་ལོ22ཡན་ཡིན་དགོས་ལ། མོ་ལོ20ཡན་ཡིན་དགོས་ཞེས་བསྟན་ཡོད། ཁྱོད་ཀྱི་གྲོགས་མོ་ལོ18ཡིན་པས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་ཐོན་མེད་པས་གཉེན་སྒྲིག་གི་ཆ་རྐྱེན་མི་ཚང་། དེ་བས་གཉེན་སྒྲིག་འགྲོ་ལུགས་མ་བསྒྲུབས་པར་མཉམ་གཅིག་ཏུ་བསྡད་དེ་འཚོ་བ་རོལ་མི་ཆོག གཉེན་སྒྲིག་ལོ་ཚད་ལ་ཐོན་རྗེས་ད་གཟོད་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་ཏེ་ཁྲིམས་མཐུན་གྱི་ཁྱོ་ཤུག་འབྲེལ་བ་བཙུགས་ཆོག

ཁྱོད་ཀྱི་གྲོགས་མོའི་གནས་ཚུལ་ལ་བལྟས་ན། ཕ་མས་རང་གི་བུ་མོ་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་གཅིག ཁོ་མོ་གཉེན་སྒྲིག་ཁྲིམས་བཀོད་ཀྱི་ལོ་ཚད་མ་ལོན་པ་དང་གཉིས། ཁོ་གཉིས་ཀྱི་གཉེན་སྒྲིག་ཐོ་འགོད་མ་བྱས་པ་དང་གསུམ་བཅས་ཀྱི་ཁྲིམས་འགལ་གནད་དོན་ཡོད་པས། ཕ་མས་བཙན་ཤེད་ཚབས་ཆེན་བཀོལ་བའམ་མཇུག་འབྲས་ཚབས་ཆེན་བྱུང་ཚེ། ཕ་མའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་འགལ་ཡོད་ལ་ཉེས་ཆད་ཀྱང་འཁུར་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།