ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱས་ཟིན་པའི་བུད་མེད་ལ་ས་ཞིང་འགན་གཙང་ལེན་བྱེད་པའི་དབང་ཆ་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ཉིས་སྟོང་ལོར། ང་དང་ངའི་ཁྱོ་ག་རྡོ་རྗེ་གཉིས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ས་ཞིང་འགན་གཙང་ལེན་བྱས་པའི་གྲོས་མཐུན་ཡི་གེ་ཞིག་བཞག་ཅིང་། གན་རྒྱའི་སྟེང་ཁྱོ་ག་རྡོ་རྗེ་ཡི་རུས་མིང་བྲིས། ཉིས་སྟོང་ལྔ་ལོར་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ངེད་གཉིས་ས་གནས་མི་དམངས་ཁྲིམས་ཁང་དུ་སོང་སྟེ་བཟའ་འཐོར་བྱས་ཤིང་བྱིས་པ་བདག་གིས་སྙོར་སྐྱོང་བྱེད་རྒྱུ་བྱས། ཉིས་སྟོང་དྲུག་ལོའི་ལོ་སྨད་དུ་ང་ཡང་བསྐྱར་ཁྱིམ་མཚེས་སྡེ་བ་ཞིག་ཏུ་གནས་ལ་སོང་། རྡོ་རྗེ་དང་བཟའ་འཐོར་བྱས་རྗེས། ངས་རང་ཉིད་ཀྱི་འགན་གཙང་ལེན་ས་ཞིང་རྨོ་འདེབས་བྱེད་པའི་རེ་བ་བཏོན་མོད། འོན་ཀྱང་རྡོ་རྗེ་ཡིས་ས་ཞིང་ཁོས་འགན་གཙང་ལེན་བྱས་པ་ཡིན་པས་ང་ལ་བགོ་སྐལ་ཅི་ཡང་མེད་ཟེར། ངའི་ཁྱིམ་ཐོ་སྔོན་གྱི་སྡེ་བ་ལས་སྤར་ཟིན་པས་ད་ལྟའི་སྡེ་བ་འདིས་ཀྱང་ང་ལ་ས་ཞིང་མ་བགོས། དེ་བས། ངས་སྔོན་ཆད་རྡོ་རྗེ་དང་ངེད་གཉིས་ཀྱིས་འགན་གཙང་ལེན་བྱས་པའི་ས་ཞིང་གི་ཆ་ཤས་ཙམ་བདག་གིས་བདག་གཉེར་བྱེད་པའི་རེ་བ་བཏོན་ཆོག་གམ།

ཁྲིམས་བཤད།

ཁྱོད་ཀྱིས་རྡོ་རྗེ་ཡིས་འགན་གཙང་ལེན་བྱས་པའི་ས་ཞིང་གི་ཆ་ཤས་ཙམ་བདག་གཉེར་བྱེད་པའི་རེ་བ་བཏོན་ཆོག ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཙོ་བོ་ཁྱིམ་ཚང་གིས་འགན་གཙང་ལེན་བདག་གཉེར་བྱེད་པ་ཡིན། བུད་མེད་ཀྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་ཕྱོགས་ནས་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་བྱེད་བཞིན་ཡོད། སྐབས་དེར་འགན་གཙང་ལེན་གན་རྒྱ་རྡོ་རྗེ་ཡིས་བཞག་མོད། འོན་ཀྱང་དེ་ནི་ཞིང་པའི་ཁྱིམ་ཚང་ཞིག་གི་ཚབ་བྱེད་མི་སྣའི་བྱ་སྤྱོད་ཡིན་པ་ལས་ཁོ་མི་སྒེར་གྱི་བྱ་སྤྱོད་མིན། ས་ཞིང་འགན་གཙང་ལེན་ནི་ཁྱིམ་ཚང་དེའི་ཁྱིམ་མི་ཡོངས་མཉམ་སུ་ཞུགས་པའི་བྱ་སྤྱོད་ཅིག་ཡིན། ཁྱོད་དང་ཁོ་གཉིས་བཟའ་འཐོར་བྱས་ཟིན་ནའང་། ཁྱོད་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བར་གྱི་འགན་གཙང་ལེན་འབྲེལ་བ་སྔར་བཞིན་གནས་ཡོད།

རང་རྒྱལ་གྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་ཐམ་པའི་གཏན་ཁེལ་ལྟར་ན། འགན་གཙང་ལེན་གྱི་སྐབས་སུ། བུད་མེད་གཉེན་སྒྲིག་བྱས་རྗེས་གནས་ཡུལ་ནས་འགན་གཙང་ལེན་ས་ཞིང་བླངས་མི་ཆོག བུད་མེད་བཟའ་འཐོར་བྱས་པ་འམ་བཟའ་ཟླ་འདས་རྗེས། སྔོན་གྱི་ས་ཆ་དེ་ནས་འགན་གཙང་ལེན་ས་ཞིང་ལེན་མ་ཐུབ་ནའང་། འགན་སྤྲོད་མཁན་གྱིས་སྔོན་གྱི་འགན་གཙང་ལེན་ས་ཞིང་བླངས་མི་ཆོག ཁྱོད་ཀྱིས་སྡོད་གནས་གསར་བ་ནས་འགན་གཙང་ལེན་ས་ཞིང་ལེན་མ་ཐུབ་པས་སྔོན་གྱི་འགན་གཙང་ལེན་ས་ཞིང་བདག་གཉེར་བྱེད་པའི་དབང་ཆ་ཡོད། དེ་བས། ཁྱོད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཁྱོད་དང་རྡོ་རྗེ་གཉིས་ཀྱི་འགན་གཙང་ལེན་ས་ཞིང་ཇི་ལྟར་བགོ་བར་འདུམ་སྒྲིག་བྱེད་པའི་རེ་བ་བཏོན་ཆོག་ལ། དེ་མིན་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་འགན་གཙང་ལེན་ས་ཞིང་བགོ་བར་རེ་བ་བཏོན་ཀྱང་ཆོག་གོ།  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།