ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱས་ཟིན་པའི་ཁྱོ་གས་བདག་ལ་བཙན་གཡེམ་བྱས་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

བདག་གི་ཁྱོ་ག་དང་ངེད་གཉིས་ན་ནིང་ནས་བཟུང་རྫོང་མི་དམངས་ཁྲིམས་ཁང་བརྒྱུད་དེ་བཟའ་འཐོར་བྱས་པ་མ་ཟད། རྒྱུ་ནོར་གྱི་བགོ་བཤའ་དང་བུ་ཕྲུག་གི་གསོ་སྐྱོང་ཐད་ཐག་གཅོད་ཡང་དག་བྱས་ཏེ་ཕྱོགས་གཉིས་སུ་ཕོ་ཧྲེང་མོ་རྐྱང་གི་འཚོ་བ་རོལ་ཀྱིན་ཡོད། ཉེ་སྔོན། བདག་རྫོང་མཁར་དུ་སྔོ་ཚོད་ཀྱི་ས་བོན་དང་ཁྱིམ་ཚང་གི་མཁོ་ཆས་འགའ་རེ་ཉོ་བར་བྱིན་ཏེ་ཕྱིར་རང་ཁྱིམ་དུ་ལོག་པ་ན། མུན་རུབ་སྟེ་སྡེ་བའི་སྲང་བར་དུ་མི་གཅིག་ཀྱང་མཐོང་རྒྱུ་མི་སྣང་། བདག་གིས་ཁྱིམ་གྱི་སྒོ་ཟྭ་ཕྱེས་ཏེ་ནང་དུ་སོང་བ་ན། རང་ཁྱིམ་དུ་བདག་གི་ཁྱོ་ག་སྔོན་མ་དེ་ཡོད་ཅིང་། ཁོས་ཨ་རག་ཉུང་ཙམ་འཐུང་ཡོད་པ་མ་ཟད། ལག་ཏུ་ལྟེབས་གྲི་ཞིག་བཟུང་སྟེ་དོ་དགོང་བདག་ཁོ་དང་ལྷན་དུ་ཉལ་དགོས་ཚུལ་བཤད་པ་ན། བདག་གིས་ཁོ་ལ་ན་ནིང་ནས་བཟུང་འུ་གཉིས་ཀྱི་གཉེན་སྒྲིག་འབྲེལ་བ་མཇུག་རྫོགས་པ་དང་བདག་གིས་ཀྱང་དགའ་རོགས་གསར་བ་ཞིག་བཙལ་ཡོད་པས་དེ་ལྟར་བྱེད་མི་ཉན་ཞེས་ཡང་ཡང་ཞུ་བ་བྱས་ནའང་། ཁོས་དེ་ལ་ཁ་ཡ་མི་བྱེད་པར་ལྟེབས་གྲི་དེ་བདག་གི་ཨོག་མར་བཙུགས་ཏེ་ལག་པ་གཉིས་ཐག་པས་བཀྱིག་སྡོམ་བྱས་ཏེ་བཙན་གཡེམ་བྱས། བཟའ་འཐོར་བྱས་ཟིན་པའི་ཁྱོ་གས་བདག་ལ་འདི་ལྟར་བཙན་གཡེམ་བྱས་ཆོག་གམ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། བཟའ་འཐོར་བྱེད་པ་ནི་ཁྱོ་ཤུག་ཟུང་གི་ཁེ་དབང་ཡིན་ལ་རང་དབང་ཡང་ཡིན། ཁྱོ་ཤུག་རང་མོས་ཀྱིས་བཟའ་འཐོར་བྱས་ཆོག་ལ་རྒྱུ་ནོར་གྱི་བགོ་བཤའ་དང་བྱིས་པ་གསོ་སྐྱོང་ཐད་རྩོད་གླེང་ཡོད་ཚེ་མི་དམངས་ཁྲིམས་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། བཟའ་འཐོར་འདུམ་སྒྲིག་མི་སྣ་སོགས་བརྒྱུད་དེ་ཐག་གཅོད་ཡང་དག་བྱས་རྗེས་བཟའ་འཐོར་གྱི་འགྲོ་ལུགས་བསྒྲུབ་དགོས། ཁྱོ་ཤུག་སུ་ཡིན་རུང་བཟའ་འཐོར་ཡི་གེ་བླངས་ཉིན་ནས་བཟུང་བཟའ་ཟླའི་འབྲེལ་བ་མེད་པར་གྱུར་བ་དང་ཁྱིམ་ཚང་གི་འབྲེལ་བའང་མེད་པར་གྱུར་ཡོད།

གོང་གི་གྱོད་དོན་འདིར་གཞིགས་ཚེ། བུད་མེད་ལ་བཙན་གཡེམ་བྱས་པའི་ནག་ཉེས་བསགས་ཡོད་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་དྲུག་པ་དང་འགལ་ཡོད་དེ། དེའི་ནང་དྲག་ཤུགས་དང་བཙན་ཤེད། ཡང་ན་དེ་མིན་གྱི་བྱེད་ཐབས་སྤྱད་དེ་བུད་མེད་ལ་བཙན་གཡེམ་བྱས་པའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་ཞེས་དང་། བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ངུར་ལོག་གཡེམ་བྱེད་མཁན་ལ་གཤམ་གྱི་གནས་ཚུལ་ལྔ་ལས་གང་རུང་ཞིག་ལྡན་ཚེ། ཉེས་ཅན་ལ་དུས་བཅད་བཙོན་འཇུག་ལོ་བཅུའི་ཡན་དང་། སྲོག་ཁྲིམས་བཅས་ཀྱི་ཉེས་ཆད་བཅད་ཆོག་སྟེ། གནས་ཚུལ་ལྔ་ནི།

གཅིག བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ངུར་ལོག་གཡེམ་བྱས་ཏེ་ཉེས་པ་ཚབས་ཆེན་བཟོས་ཡོད་པའི་རིགས།

གཉིས། བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ངུར་ལོག་གཡེམ་བྱས་གྲངས་མང་བ།

གསུམ། མི་མང་འདུ་འཛོམ་བྱེད་ས་རུ་བུད་མེད་ལ་བཙན་གཡེམ་བྱས་པ།

བཞི། མི་གཉིས་ཡན་གྱིས་རེས་མོས་ཀྱི་བཙན་གཡེམ་བྱེད་པ།

ལྔ། བཙན་གཡེམ་བྱས་པའི་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ལ་རྨས་སྐྱོན་ཚབས་ཆེན་བྱུང་བ་དང་མི་དེ་ཤི་བའམ་དེ་མིན་གྱི་ངན་འབྲས་ཚབས་ཆེན་བཟོས་པ་བཅས་སོ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།