ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་པ་གསེར་ཁ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་ལྷོ།  སྟག་རིག་འབྲུག་ཐར། 

ཉི་མའི་འོད་མདངས་རྣོན་པོ་ཐད་ཀར་ཚོང་པ་གསེར་ཁའི་ཡ་མཆུའི་ཟུར་གྱི་གསེར་སོའི་སྟེང་དུ་འཕྲོས་པ་ན།ཉི་མ་དང་གསེར་སོའི་འོད་མདངས་གཉིས་གཞི་གཅིག་ཏུ་འདྲེས་པས་སྔར་ལས་ལྷག་པའི་གཟི་དཔལ་ཞིག་གིས་ཀུན་པོའི་སྣང་བར་མིག་རྩེ་བའི་ཚོར་སྣང་ཞིག་སྟེར།

ལར་ཕ་ཡུལ་གྱི་ཡུལ་མི་ཚོས་མིའམ་སྒོ་ཕྱུགས་གང་རུང་ལ་དངོས་མིང་ལས་གཞན་མཚང་མིང་བཏགས་པ་ཤིན་ཏུ་འཕྲོད་པ་སྟེ།དཔེར་ན།

བཤད་ལ་མཁས་པར་ཁ་ཟར་མ།ཁ་ཡག་ལ་སྤྲོ་བར་ཁ་པད་མ།གཟུགས་པོ་ཐུང་ངུའི་མི་ལ་ཨ་ཕ་ཐུང་ཐུང་།ལུས་པོ་རྒྱགས་པའི་མི་ལ་ཨ་ཁུ་རིལ་མ་ལྟ་བུ་བཏགས་པ་ང་ཚོ་མི་སུ་དང་གང་གི་སྣང་ངོར་མངོན་སུམ་གཟུགས་རིས་ལྟར་ཇི་བཞིན་དུ་འཆར་འོངས།དེའི་མཚུངས་སུ་ཚོང་པ་གསེར་ཁའང་དེ་ལས་མ་འདས་ཏེ།ཡུལ་ལུང་དེའི་མི་ཚང་མས་ཁོའི་རྒྱ་མིང་གསལ་པོ་མི་ཤེས་པའི་ཁར།རང་བྱུང་གི་འཛུམ་མདངས་སྟོན་པའི་ཚེ་ན།ཡ་ཁའི་གསེར་སོ་དེ་གཉིས་སེར་གྱི་ལེར་ལྷང་ངེར་མངོན་པར་མི་ཁ་བདེ་ཞིག་གིས་ཚོང་པ་གསེར་ཁ་ཞེས་མིང་བདེ་མོ་ཞིག་བཏགས་པ་གསལ་པོར་ཤེས་ངེས།

ཉི་རྩེ་ས་ལ་འཕྲོས་མ་ཐག མདོག་དཀར་པོའི་རླངས་འཁོར་སྒམ་ཆུང་ཅན་དེ་སྡེ་བའི་སྲང་དཀྱིལ་དུ་ཏན་སེར་བསྡད་ཅིང་།ཚོང་པ་གསེར་ཁའི་ཉོ་འབོད་ཀྱི་སྐད་གདངས་དྲག་པོ་ལྷང་ལྷང་དུ་བསྒྲགས་པ་ན།སྐད་གདངས་ཧ་ཅང་མཐོ་བས་ཚལ་མཐའ་སྡེ་བའི་ནགས་འདབས་བརྒྱུད་དེ་ཕ་གིའི་བྲག་རོང་གཡང་གཟར་དང་རྒན་པོའི་གཉེར་རིས་ལྟ་བུའི་ལུང་པ་རེ་རེར་སྐད་གདངས་ཉིས་བརྩེགས་སུམ་བརྩེགས་སུ་བསྟུད་མར་གྲགས།དང་ཐོག་ཚོང་པ་ལྕགས་རྟ་ནག་ལྡང་ཞིག་བསྐོར་ནས་ང་ཚོའི་ལུང་ཁོག་འདིར་ཚོང་རྒྱག་ཏུ་ཡོང་བ་རེད།ཁོ་རང་ལམ་བདེ་སར་འཕྲད་དུས་ལྕགས་རྟའི་འཕོངས་ལ་ཞོན་ཏེ་ཁ་ཤུ་ཡང་མོ་ཞིག་འདེབས་ཞོར་མགྱོགས་འགྲོ་རླུང་ལྟར་རྡུལ་འཚུབ་བེར་སྐྱོད་པ་དང་།ལན་རེར་ལ་གྱེན་ནམ་ལམ་མི་བདེ་སར་ཐུག་དུས་དབུགས་ལྷེམ་སེ་ལག་པས་དེད་དེ་སྡེ་བ་སོ་སོའི་སྲང་ལམ་ཨ་ཀྱོག་པ་ཀྱོག་རེ་རེ་རྒྱུ་མ་འདེད་འདེད་བྱས་ནས་སྐད་གསང་མཐོན་པོས་ཉོ་འབོད་བྱེད་པ་རེད།

ཁོས་སྡེ་བ་སོ་སོའི་ཐོན་སྐྱེད་མང་ཉུང་གི་ཁྱད་ཆོས་ལྟར་ཚོང་རྒྱག་པ་སྟེ།ཚལ་མཐའ་སྡེ་བས་ར་མ་མང་པོ་འཚོ་སྐྱོང་བྱེད་པར་དམིགས་ནས་སྡེ་བ་དེ་གར་འབྱོར་མ་ཐག་ར་པགས་དང་ར་རྩིད།ཁུ་ལི་བཅས་སྡུད་ཀྱིན་ཡོད་ལ།ཁྱིམ་ཚང་སོ་སོའི་སྒོ་འགྲམ་འགྲིམ་སྐབས།གློ་བུར་གྱང་སྣེའམ་སྲང་མདོ་གང་རུང་དུ་ཁྱིམ་མི་ཆེ་ཆུང་སུ་ལ་ཐུག་ན་ཡང་དུང་སོ་དཀར་མོར་སེར་པོ་གསེར་མདོག་གིས་ཤན་པའི་གསེར་སོ་དེ་ཕྱིར་མངོན་ཏེ་སེམས་ཁམས་ཉི་མ་འདྲ་བོའི་ཁུད་དུ་མི་ཏོག་ལྟ་བུའི་འཛུམ་མདངས་ལྷག་ལྷག་ཕྱེས་ནས“ཡུན་རིང་ཞིག་ལ་མ་ཐུག་པས།བདེ་མོ་ཡིན་ནམ”དང་ཡང་ན“གང་ལ་འགྲོ་གིན་ཡོད”སོགས་ཁམས་བདེའི་འཚམས་ཞུ་བྱེད་པར་མ་ཟད།“དེ་རིང་གནམ་ཐང་བས།ང་ཡོང་སྐབས་ཀྱང་འགྲིག་འདུག

ཁ་སང་དེ་རིང་ར་པགས་དང་ར་རྩིད།ཁུ་ལི་བཅས་ཀྱི་རིན་གོང་ལྡབ་འགྱུར་སྒོས་འཕར་འདུག་པས།ངས་གོ་སྐབས་དེ་དམ་འཛིན་བྱས་ནས་ཉོ་རུ་ཡོང་བ་ཡིན”སོགས་སྐད་ཆའི་མཐའ་བསྐོར་ནས་ཡོང་དོན་ངོ་མ་བོ་རང་ཤུགས་སུ་ལྷང་ལ་འབུད་དུ་འཇུག་པ་རེད།

ཆོས་ཚ་སྡེ་བས་ལོ་དུ་མའི་ཡར་སྔོན་ནས་བཟུང་ར་མ་འཚོ་བའི་དཔེ་མིད་ཅིང་གཡང་དཀར་ལུག་དང་ནོར་གནག་གཉིས་འཚོ་སྐྱོང་གཙོ་བོར་འཛིན་པས།ཁོང་གིས་ཀྱང་དེར་དམིགས་ཏེ་ཁྱིམ་ཚང་རེ་རེའི་སྒོ་དྲུང་ཉུལ་ནས་ལུག་བལ་དང་།ནོར་ཀོ ལུག་པགས།ཁུ་ལི་གཙོར་བཟུང་སྟེ་ཉོ་བསྡུ་བྱེད་ཅིང་།འཚོང་མཁན་སུ་ཞིག་ཡིན་ཡང་ཟ་འགྲམ་གྱི་གཉེར་མ་ཡར་ཕྱོགས་ཤིང་ཞལ་སྒོ་མཐའ་བརྒྱངས་ནས་གསེར་སོ་གཉིས་གསལ་པོར་མངོན་ཏེ་ཟོལ་འཛུམ་ཞིག་གདོང་ལ་བཀལ་ནས་ཁ་ཡག་གི་ཚིག་འཇམ་འོ་མ་འདྲ་བོ་བཤད་རྗེས་ཉོ་ཚོང་གི་རིན་གོང་ཐད་དུ་ངོ་སྤྲོད་ཐུང་ངུ་ཞིག་བྱང་ཆ་ལྡན་པའི་སྒོ་ནས་བཤད།

སྒྲོམ་སྡེ་བའི་སྨན་ཤར་མང་ཆེ་བ་རི་མགོར་སེན་མོ(འདྲེ་མོ)སྐྲ་ཤད་འཐུ་རུའམ་དཀར་པོ་ཆིག་ཐུབ་བརྐོ་བར་ལོབས་ཡོད་པར་གཟས་ནས་དེའི་ཕྱོགས་ཀྱི་ཉོ་ཚོང་ཡང་རྒྱགཉོ་ཚོང་བགྱིད་སྐབས་བུད་མིད་དེ་ཚོའི་གདོང་ལ་ལྐོག་ལྟ་རེ་བགྱིད་བཞིན་ཁོ་རང་གི་ཁྱད་ཆོས་སམ་ཡག་ཕོ་སྒོ་ངོམ་སོའི་ཆེད་དུ་ཡ་མཆུ་ཡར་བཏེགས་ཏེ་གསེར་སོ་གཉིས་པད་མས་འཛུམ་ཁ་ཕྱེ་བ་ལྟར་མངོན་བཞིན་དངོས་ཟོག་ལ་ལྷད་འདྲེས་མིད་ཀྱི་ཞིབ་བཤེར་བྱས་ཏེ་རིན་གོང་སྡོམ་རྩིས་རྒྱག་པ་རེད།

དེའི་དུས་ཚོང་པ་གསེར་ཁས་ལྕགས་རྟ་བསྐོར་ནས་ལུང་ཁོག་འདིའི་སྡེ་བ་སོ་སོ་དང་ལྷག་པར་རྫ་སུལ་རི་ལུང་དུ་གནས་བཅས་པའི་འབྲོག་པའི་རུ་ནང་སོ་སོ་གཅིག་ཀྱང་མ་བསྐྱུར་བར་ཉོ་ཚོང་རྒྱག་ཏུ་འགྲོ་བ་དང་།དབྱར་ཙད་པས་རྔུལ་ཆུ་བཞུར་ཡང་རུང་།དགུན་བཙག་གིས་ལུས་པོ་འཁྱག་སོང་རུང་།ཁོང་གིས་རང་གི་བུ་བུ་མོའི་སློབ་ཡོན་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ་དབྱར་ཁར་ཞྭ་མོ་མཆུ་རིང་དེ་དང་སྟོད་གོས་དམར་སྨུགརྐང་སྣམ་སྐྱ་རྡང་།རས་ལྷམ་ནག་པོ་དེ་རྒྱུན་པར་གོན་ཞོར་ཕྲ་ལ་གཟེངས་མཐོ་བའི་ཉོ་འབོད་དེ་རྒྱང་རིང་ལེ་དབར་གཅིག་གི་མཚམས་སུ་ལྷང་ལྷང་མཆེད་དུས།སྡེ་མི་སུས་ཀྱང་ཁོང་གི་གཟུགས་བཪྙན་མ་མཐོང་རུང་།སྐད་གདངས་ལ་འདྲིས་ཆ་ཟབ་པས་ཚོང་པ་གསེར་ཁ་ཡིན་པ་ཁ་ཚོན་གཅོད་ཐུབ།

ང་ཚོ་ལུང་ཁོག་འདིའི་སྡེ་བ་སོ་སོའི་ཁྱིམ་མི་དག་གིས་ཀྱང་ཚོང་པ་གསེར་ཁའི་ཉོ་འབོད་ཀྱི་བརྡ་ལ་རེ་ཞིང་སྒུག་ཡོད་དེ།ཆང་འཐུང་རྒན་པོ་ཚོ།གསར་བུ་དུ་འཐེན་ཚོ།སྨན་ཤར་ཡག་དགའ་ཚོ།རྩེད་ཆས་ལ་དགའ་བའི་བྱིས་པ་ཚོ།ད་དུང་ཁྱིམ་ཚང་ཞིག་གི་ཇ་ཚྭ་ཁུའི་ཁུག་མ་སྟོང་བར་ལུས་དུས།ཟས་ལ་བྲོ་བ་འབྱིན་བྱེད་ཐུག་སྡོར་ཚར་དུས།གོས་ལྭ་བ་འཁྲུད་བྱེད་འདག་རྫས་ཚར་དུས།ཐ་ན་མི་ཁ་གསོ་སྤྱད་ཀྱི་འབར་ཞུན་དཀོན་དུས་ཀྱང་ཚོང་པ་གསེར་ཁའི་ཉོ་འབོད་ཀྱི་སྐད་སྒྲ་སྡེ་བའི་སྲང་ཤར་གང་རུང་ན་བང་བང་དུ་སྦྲང་མས་གླུ་དབྱངས་ལེན་པ་ལྟ་བུའི་ཚོར་ཤེས་རྫུན་མ་ཐོལ་ཐོལ་དུ་བརྡོལ་འོངས་ལ།ཚོང་པ་གསེར་ཁའི་ངོ་གདོང་གོར་མོ་རུ་འཛུམ་མདངས་དང་བཅས་འབུར་ཤིགས་སེ་མངོན་པའི་གསེར་སོ་གཉིས་ཀྱང་ཚམ་ཚོམ་མིད་པར་དྲན་ཡོང་ངེས།དེ་ཡང་ལོས་བདེན་ཏེ།སྡེ་བ་སོ་སོའི་ཡོང་སྒོ་ཕལ་ཆེ་བ་ཞིག་ལུག་བལ་དང་ལུག་པགས།ར་རྩིད།ཁུ་ལི་སོགས་ཚོང་པ་གསེར་ཁར་བཙོངས་པའི་སྒོར་མོ་ལས་ཁུག་པ་མ་ཡིན་ནམ། ཚོང་པ་གསེར་ཁས་རང་ཉིད་དང་གྲིབ་མ་བཞིན་དུ་འགྲོགས་པའི་ལྕགས་རྟ་ནག་པོའི་འཕོངས་གཉིས་སུ་འཕྲེད་ཤིང་རིང་མོ་འགའ་ཏ་ལེན་གྱི་ཚབ་ཏུ་དོ་མཉམ་པོར་བཞག་སྟེ་པགས་པ་འོག་ཏུ་བསྡམས།ཁུ་ལི་སྟེང་དུ་བཀྱིགས་ཏེ་ནག་དྲེག་ཆགས་པའི་ལག་ཟུང་རྩུབ་མོ་དེ་གཉིས་ཀྱིས་ལྕགས་རྟའི་ཡུ་བ་གཉིས་དམ་པོར་འཆངས་ནས་རྐང་ལམ་ཕྲ་མོའི་ཕུ་འདེད་བཞིན་སྡེ་བ་དང་སྡེ་བ་བརྒྱུད་དེ་འགྲོ་འོང་གི་འཚུབ་ཆ་རྒོད་པ་ནི་ཅི་འདྲའི་དཀའ་ཚེགས་ཆེ་བའི་ལས་རིགས་ཤིག་རེད་ཨང་།ཁོང་གིས་དེ་ལྟར་ཉིན་ནས་ཟླ།ཟླ་ནས་ལོ་ལྟར་དཔྱིད་དབྱར་སྟོན་དགུན་གྱི་ཚ་གྲང་འཇིགས་པོར་སྐྲག་ས་ཡེ་ནས་བྲལ་བར།ངལ་དུབ་རྒྱབ་ཏུ་དོར་ནས་ངར་ཤུགས་ཟད་མཐའ་མིད་པར་དཔའ་ངར་ཆེར་བསྐྱེད་ངང་ཞུམ་མིད་སྙིང་སྟོབས་ཀྱིས་ཁེངས་ཏེ་ཉོ་ཚོང་གི་ལོ་ཟླ་རིང་མོ་བསྐྱལ་བའི་རྒྱུན་འཁྱོངས་ཀྱི་བརྟུན་པ་ནི་དེ་ལས་ཀྱང་བསྒྲུན་ཐབས་བྲལ་བ་ཞིག་རེད།འདི་ལྟར་ཉིན་མོར་སྡེ་བ་སོ་སོའི་སྲང་བར་ཉུལ།མཚན་མོར་སྨག་ཅི་འདྲ་མཐུག་ཀྱང་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཚོང་རྫས་རྣམས་འདོར་ལེན་དང་གདམ་བསལ་བྱས་ནས་ཁ་ཆར་བུ་ཡུག་ལ་གདོང་གཏད།ནངས་སྔ་དགོང་འཕྱི་རུ་བརྩོན་པ་བསྐྱེད་དེ་དཀའ་སྡུག་གི་ལོ་ཟླ་གང་མང་ཞིག་འགོར་བའི་རྗེས་སུ།ཁོང་གིས་སྔོན་ཆད་ཀྱི་ལྕགས་རྟ་ནག་པོ་འཁྲིས་སུ་བཞག་སྟེ་མདོག་དམར་ཞིང་གྲོག་མའི་ཚུགས་ཀ་མངོན་པའི་འཕྲུལ་རྟ་གསར་པ་ཞིག་ཉོས་ནས་མུ་མཐུད་དུ་ཉོ་ཚོང་གི་རྒྱ་བསྐྱེད་དེ།སྡེ་བ་སོ་སོར་ཆད་མིད་དུ་འོངས་ཤིང་།ཡར་སྔོན་གྱི་སྐད་འགྲགས་པའི་ཉོ་འབོད་ཀྱི་བརྡ་དེ་གློག་བརྡ་གཏོང་བྱེད་ཅིག་ཏུ་བསྒྱུར་ལ།གློག་བརྡ་དེ་རུ་དེང་རབས་རྒྱ་སྐད་ཀྱི་གླུ་དབྱངས་འགའི་གདངས་དབྱངས་ཁོ་ན་ལྷང་ལྷང་དུ་གྲགས་སུ་འཇུག་ཅིང་གླུ་དབྱངས་ཚན་པ་རེ་གྲགས་པའི་རྗེས་སུ།ཁོས་སྒྲ་བླངས་པའི་ཉོ་འབོད་ཚན་པ་ཞིག་གཅིག་རྗེས་གཉིས་མཐུད་དུ་ལྷང་ལྷང་ངང་གྲགས་སུ་འཇུག་པ་རེད།ང་ཚོ་ཡང་རིམ་བཞིན་ཉོ་འགུག་གི་གློག་བརྡ་དང་འཛུམ་མདངས་འདྲེས་ཤིང་ཚིམ་མིད་དུ་ངོམ་པའི་གསེར་སོ་གཉིས་ལ་ལོབས་ཏེ་རིན་གོང་དཀའ་སླ་གང་ཡིན་རུང་ཁོ་དང་ཉོ་ཚོང་བརྗེ་རེས་མི་བྱེད་མཁན་བརྒྱའི་ནང་ནས་གཅིག་ལས་མིད།རྣམ་ཀུན་ནངས་སྔ་མོར་ཁང་བྱིའུ་སྐྱ་རིལ་གྱིས་ཅིར་ཅིར་གྱི་སྐད་སྙན་སྒྲོག་པའམ་བྱ་ཕོ་སེར་ལྡང་མས་ཁང་སྟེང་དུ“གང་གང”ཞེས་ལངས་བརྡ་རྒྱག་པ་དང་ལྷན་དུ་ཚོང་པ་གསེར་ཁས་སྡེ་བའི་ཁྱིམ་ཚང་དག་འདུས་སྡོད་བྱ་སའི་བཞི་མདོའི་ཟུར་དུ་འཕྲུལ་རྟ་དམར་ལྡང་ཟུར་འཇོག་བྱས་ཏེ་གློག་བརྡའི་སྒྲ་དབྱངས་བར་མིད་དུ་གྲགས་སུ་བཅུག་ནས་ཚོང་རྒྱག་མཁན་ཡོང་བར་འབོད་སྒུག་བྱས།

ལུང་ཁོག་འདིའི་རོང་འབྲོག་སྡེ་བ་སོ་སོའི་ཁྱིམ་མི་རྣམས་ཀྱིས་ཀྱང་དཔྱིད་དབྱར་སྟོན་དགུན་གྱི་རེས་མོས་སུ་ལུག་གི་བལ་འབྲེག་པའམ་ཁུ་ལི་ལེན་པ།སྐྲ་ཤད་འཐུ་བ།གཡག་ཀོ་ཉར་བ་སོགས་འཚོ་བའི་ཡོང་སྒོ་ལེགས་གྲས་ཤིག་ཏུ་བརྩིས་ཏེ་རང་རང་སར་རྩལ་ཤུགས་དགུ་འགྱུར་བསྐྱེད་དེ་འཚོ་ཚིས་བཟང་པོར་སྒྱུར་གྱིན་ཡོད་མོད།ཚོང་པ་གསེར་ཁ་དང་བསྡུར་ན་ང་ཚོ་ལུང་ཁོག་འདིའི་མི་ཕལ་མོ་ཆེས་ད་དུང་དགའ་སྐྱིད་ཀྱི་ཀློང་དུ་དུས་འདའ་བཞིན་ཡོད་དེ།ཚོང་པ་གསེར་ཁ་བཞིན་ལམ་ཐག་ལེ་དབར་བརྒྱ་ཕྲག་ལྷག་རྡོག་པས་མནོན་བཞིན་ལྟོགས་པའི་ཟས་བཅད།སྐོམ་པའི་ཆུ་བསྒགས་ཏེ་ཉོ་ཚོང་ལ་རེམ་པ་དང་།གཟར་མོ་ལ་བརྒྱུད་དེ་བཙག་རླུང་ཁུར།མཐོ་དམའི་གཤོངས་ཁུགས་ལྟེབས་ཏེ་བཙད་སེར་བསྣམས་ནས་ཉོ་ཚོང་གི་མུ་སྐྱོང་ཐུབ་པའི་དཔའ་གདེངས་ཅན་དུ་ཡོད།ཁྱིམ་སྒོ་རུ་ནང་ལ་ཉུལ་སྐབས་ནག་ནོག་བྲལ་བའི་གུས་ལུགས་ཀྱི་འཛུམ་དང་མཛའ་བའི་འཚམས་འདྲི།དགོད་པའི་ཉམས་སོགས་སྡེ་མི་ཆེ་ཆུང་སུ་ལ་འཕྲད་ཀྱང་དགའ་སྐྱིད་ཀྱི་སྣང་བས་རྒྱུན་པར་ཆེད་ལས་མ་ཡིན་པའི་བསུ་མ་བྱེད་ཚུལ་གྱི་ཉམས་མྱོང་ཅན་དུ་ཡོད།ད་དུང་རྩྭ་སྒྱེ་རུ་བཅག་གནོན་ཡང་ཡང་བྱས་ཏེ་ལུག་བལ་བརྫངས་པའི་ཐབས་བཀོད།ཀོ་བ་རེ་རེ་གཅིག་ཐོག་གཅིག་ལ་བརྩེགས་ཏེ་བསྡུ་ཉར་བྱེད་པའི་གོ་རིམ།སེན་མོ(འདྲེ་མོ)སྐྲ་ཤད་གསེང་གི་སྙིགས་རོ་བསལ་ནས་འགྱིག་ཁུག་ཏུ་ཡང་མོར་སྡུད་པའི་ལག་རྩལ་སོགས་ཤེས་རྟོགས་མཁན་དུ་ཡོད།ད་དུང…… ང་ཚོ་ལའང་ཚོང་པ་གསེར་ཁ་ལྟ་བུའི་རྣམ་དཔྱོད་ཀྱི་རྩལ་དང་ཤེས་རབ་ཀྱི་སྒྲོན་མི།འབད་བརྩོན་གྱི་སྙིང་རུས།དཀའ་སྤྱད་ཀྱི་བློ་རྩེ་མིད་པ་ཁྱོན་ནས་མིན་ཏེ།ཡིན་རྒྱུ་ནི་ང་ཚོས་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་གྱི་འགྲན་སློང་སའི་སྙེག་བྱ་ཪྙེད་ཀྱིན་མིད་པས་རེད།ང་ཚོར་བྱ་རྒོད་པོས་ཚང་བཅའ་བ་བཞིན།འབུ་གྲོག་མས་མཁར་བརྩིགས་པ་ལྟར་རྒྱུན་འཁྱོངས་ཀྱི་སྟོབས་ཀྱིས་ཁེངས་ཏེ་འབྲས་བུ་ཞིག་ཐོབ་པར་ཕུགས་རེ་བྲལ་བས་རེད།ང་ཚོ་སྒྱིད་ལུག་གྲོགས་སུ་སྦྲན།ལེ་ལོ་གམ་དུ་ཉར་ནས་འཕེལ་མིད་སོར་གནས་སུ་སྐྱིད་དགའི་གླུ་ཆུང་ལེན་པ་དང་སྤྲོ་སྣང་གི་བྲོ་གར་འཆམ་པར་གོམས་པས་རེད།དཔེ་བརྗོད་མང་པོ་ཞིག་འཇོག་དགོས་དོན་གཏན་ནས་མིད་དེ།ང་ཚོས་ཏག་ཏག་བསམ་བློ་ནང་དུ་འཁོར་ཏེ་ཚོང་པ་གསེར་ཁའི་ཚོང་ལས་བརྒྱུད་རིམ་གྱི་ཤོག་ལྷེ་རེ་རེ་ཕྱིར་སློག་བྱེད་དུས།ཕྱོགས་མང་པོ་ཞིག་མིག་དཔེར་སྦྱར་ནས་སློབ་སྦྱོང་བྱ་དགོས་ཤིང་།ཕྱོགས་ལ་ལ་ཞིག་ཉམས་སུ་མྱངས་ཏེ་འཚོ་བའི་ཁ་ཕྱོགས་བསྒྱུར་ཆོག་ཆོག་རེད།

ལྟོས་དང་།ད་ནངས་ཀྱང་ཚོང་པ་གསེར་ཁས་ཉི་ཟེར་མདངས་སུ་བརྫུས་པའི་གསེར་སོ་གཉིས་ལྷང་ངེར་མངོན་བཞིན་མདོག་དཀར་པོའི་རླངས་འཁོར་སྒམ་ཆུང་ཅན་སོ་མ་ཞིག་སྐོར་བཞིན་ཆོས་ཚ་སྡེ་བའི་ལམ་སྐེད་བརྒྱུད་དེ་མུ་མཐུད་ནས་ཉོ་ཚོང་བརྗེ་རེས་ལ་སྤྲོ་བ་བརྟས་ཤིང་གྲིམ་ཤ་དོད་པའི་ངང་འགྲོ་བཞིན་པ་མ་མཐོང་ངམ།འཚོ་བའི་ཕྱུག་འགྱུར་གྱི་སྒྲུབ་བྱེད་ཡང་དག་ཅིག་ང་ཚོའི་མིག་ལམ་ལ་གཤོམ་བཞིན་ད་དུང་ཉོ་ཚོང་གི་ལས་རིགས་སུ་འདུར་བ་མི་ཚོར་རམ།བདེན་པ་འདིས་ང་ཚོ་འཇིག་རྟེན་འདིར་གསོན་པ་ནས་བཟུང་རང་ཉིད་ཀྱི་མོས་པ་དང་འཚམ་པའི་ལས་རིགས་ཤིག་ལ་ཤི་འཐམ་རོ་འཐམ་བྱས་ཚེ།ནམ་ཞིག་གི་ཚེ་ལྗོན་བཟང་ལ་འབྲས་བུས་ཁུར་གྱིས་དུད་པ་ལྟར་མིག་ཐོག་ཏུ་ལྷུང་བའི་འབྲས་ལེགས་ཤིག་སྨིན་པའི་གནས་ལུགས་བཤའ་མ་ཞིག་བསྟན་འདུག

དེ་བས།ལུས་སྟོབས་དར་ལ་བབས་ཤིང་རྐང་ལག་ལ་མཉེན་རྩལ་དོད་པ།བློ་གྲོས་ཀྱི་པད་མོ་ཕྱེ་བའི་ན་སོ་གཞོན་དུས་འདིར།སྐྱིད་འདོད་ཀྱི་བདེ་བ་ཆུང་ཆུང་ཁོ་ན་མི་བསམ་པར།མིག་རྒྱང་རིང་བོས་ཚད་ཤིང་རིང་བོ་གཞལ་ཏེ་དུས་ད་ཆ་དང་མ་འོངས་གཉིས་ཀར་མནོ་བསམ་བཏང་ནས་དཀའ་བ་ཁྱད་དུ་གསོད་པ།ངལ་བ་ཕྲག་ཏུ་ལེན་པའི་ནུས་པ་སྦྱོར་བརྡར་བྱས་ཏེ་ཕྱིས་སུ་མི་འཇོན་ཐང་ཅན་ཞིག་ལ་སྐྱེད་སྲིང་བྱས་ནས་ཚོང་པ་གསེར་ཁ་ལྟ་བུའི་ལས་རིགས་ལ་དགའ་ཞིང་བརྩོན་པ་ལ་མགོ་བོ་མི་སྨད་པ།ཕྱུག་འགྱུར་ལ་བསམ་བློ་ཕྱོགས་པ།བདེ་སྐྱིད་ལ་བརྩོན་ལེན་ཕོད་པའི་མི་བུ་ཇི་སྙེད་ཅིག་འབྱུང་བར་ད་ཕན་ནས་ཧུར་པོ་བྱ་རྒྱུ་གལ་ལོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།