ཀྲུང་གོ་བོད་ཀྱི་དྲ་བ།

ཁྱི་ལུས་ལ་ཞུགས་པའི་རྣམ་ཤེས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨེ་ཉི་མ་ཚེ་རིང་༌།   སྤེལ་དུས། : 2016-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

432635158959381116_副本.jpg

ཨེ་ཉི་མ་ཚེ་རིང་༌། བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་འཐུས་ཚོགས་ཀྱི་ཚོགས་མི།  སྔ་རྗེས་སུ་བརྩམས་སྒྲུང་དང་གཏམ་བརྗོད་ཟློས་གར།   རླུང་འཕྲིན་ཟློས་གར།   གློག་བརྙན་ཐུང་གྲས།  གཞས་ཚིག་སོགས་ཁྱོན་ཡིག་འབྲུ་ཁྲི་བརྒྱ་ལྷག་གསར་རྩོམ་བྱས།  ཁོང་གི་བརྩམས་སྒྲུང་བརྩམས་ཆོས་ལ་སྔ་རྗེས་སུ<<བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ>> <<སྐབས་གསུམ་པའི་རྒྱལ་ཡོངས་གངས་ཅན་བུམ་པའི་རྩོམ་རིག་བྱ་དགའ།>>དང་། <<སྐབས་བརྒྱད་པའི་ཧི་མ་ལ་ཡ་བུམ་པའི་སྦྲང་ཆར་སྨྱུག་གསར་བྱ་དགའ>>པེ་ཅིན<<མི་རིགས་རྩོམ་རིག་གི་ལོ་མཇུག་བརྩམས་སྒྲུང་བྱ་དགའ།>>དེ་བཞིན<<སྐབས་གཉིས་པའི་རྒྱལ་ཡོངས་དཔེ་ཀློག་ཁྱིམ་ཚང་།>>སོགས་རྒྱལ་ཡོངས་དང་ལྗོངས་ཕྱི་ནང་གི་བྱ་དགའ་ཆེ་གྲས་མི་ཉུང་བ་ཞིག་ཐོབ་མྱོང་ཡོད།


ཁྱི་ལུས་ལ་ཞུགས་པའི་རྣམ་ཤེས།

ཨེ་ཉི་མ་ཚེ་རིང་།


ཆར་རླུང་དྲག་ཏུ་འཚུབ་ཅིང་གནམ་ས་རབ་རིབ་འཐིབས་པའི་ཉིན་དེར།    སྐྱ་མོ་མི་ཡུལ་གྱི་གྲམ་ཐང་ནས།  ཁེར་རྐྱང་དང་དངངས་སྐྲག་གིས་ཁེངས་པའི་རྣམ་ཤེས་ཤིག་བྱ་ཁྲས་དེད་པའི་བྱིའུ་ཆུང་བཞིན་ཡུད་ཅིག་འདུག་པའི་སྐལ་བ་མེད་པར་ཚབ་ཚུབ་ཏུ་འོང་གིན་གདའ།

འོད་ཀྱིས་ཀུན་ནས་བཏང་བའི་སྲིན་འབུའི་མུན་ཁུང་ལྟ་བུའི་ཞིང་ཁམས་དེར།  ཁོ་བོའི་འགྲོ་འདུག་ནི་རླུང་གིས་སྤུར་བའི་ཁུར་མོང་དང་མཚུངས་ལ་གྲོགས་དགའ་ཉེ་དང་འཁོར་སུ་ཞིག་ཀྱང་རིག་རྒྱུ་ མེད་པས།   ང་འདི་ལྟ་བུའི་བྲེལ་ཚུབ་ཅིག་གི་ནང་ལ་སུས་དེད་པ་ཡིན་ནམ་སྙམ།

གློ་བུར་དུ་རླུང་འཚུབ་ཅིག་ལངས་བྱུང༌། དེའི་འདུ་ཤེས་ནི་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བའི་རྔམ་ཟིལ་དང་མཚུངས་པས།  ཁོ་སླར་ཡང་སྔངངས་སྐྲག་དང་བཅས་ཅི་ཆ་མེད་པར་གཞའ་སའམ་འཛུལ་ས་ཞིག་ལ་སྟ་གོན་གྱིས་བྲོས་སྐབས།  རི་བྲག་ཐམས་ཅད་དུས་གཅིག་ཏུ་འགུལ་ཞིང་མགོ་ཐོག་ཏུ་ཉིལ་ཡོང་བ་དང༌།  མཐའ་འཁོར་གྱི་ས་གཞི་ཚང་མ་མེ་འོབས་ཀྱིས་ཁེངས་པར་མ་ཟད།  གཡས་གཡོན་རྒྱབ་མདུན་ནས་སོད་སོད་རྒྱོབ་རྒྱོབ།  སྐྱི་གཡའ་བའི་ངུ་འབོད་དང་སྨྲེ་སྔགས་བཏོན་པས།  ཁོའི་བསམ་པར་ད་ནི་རྣམ་ཤེས་འཁྱམ་པོ་འདིར་སྒྱུ་ལུས་ཀྱི་རྟེན་ཞིག་རྙེད་ན་ཅི་མ་རུང་སྙམ་པའི་རེ་འདོད་དྲག་པོ་ཞིག་ཤར། དུས་དེ་ཙམ་ན་ཉེ་འགྲམ་ཞིག་ན་རིགས་དྲུག་ཅི་ཡིན་ཆ་མི་འཚལ་བའི་ཕོ་མོ་གཉིས་འཁྲིག་པ་སྤྱོད་པ་མཐོང་བས།  རྟབ་རྟབ་པོར་ཁོའི་རྣམ་ཤེས་དེ་ཕ་རྒྱུད་ཀྱི་སྤྱི་བོ་ནས་ཞུགས། གསང་གནས་ནས་ཐོན་ཏེ་མའི་གསང་བར་ཞུགས་ཤིང་ཁུ་ཁྲག་གི་དབུས་སུ་ཉིང་མཚམས་སྦྱར་ནས་མངལ་དུ་འཐིམ་སོང་ངོ༌།།

དུས་ཚོད་ཅི་ཙམ་སོང་བ་མ་ཤེས་མོད།  ཁོ་ལ་གཞི་ནས་བག་ཡངས་དང་ཞི་ལྷོད་ཀྱི་ཉམས་སྣང་ཞིག་བྱུང་བས། ད་གཟོད་གཉིད་སྟུག་པོ་ཞིག་གི་བཟི་སོང༌། གཉིད་སྟུག་པོ་དེས་ཁོའི་ལུས་ཡོངས་ལ་སྦྲིད་སྨན་ཁྱབ་མཉམ་དུ་བཏབ་པ་ལྟར།  རྨི་ལམ་དང་འཆར་སྣང་ཁོ་ན་ལས་སད་རྒྱུ་མེད་པའི་མཚམས་དེར།  སླར་ཡང་གནམ་ས་གཡོས་པ་ལྟ་བུའི་གྲག་འགུལ་ཞིག་བྱུང་བ་དང༌།  ཁོ་ཡང་དེ་དང་མཉམ་དུ་འོད་སྣང་ངམ་རེ་བས་ཁེངས་པའི་ཞིང་ཁམས་ཤིག་ཏུ་བསླེབས།

ཁོས་མདུན་གྱི་རྩེག་སུམ་ལྡན་གྱི་ཁང་བཟང་དེར་བལྟ་བཞིན་ཡོད་ཚད་ལ་ཧ་ཅང་རྒྱུས་ཡོད་ཀྱི་བག་ཆགས་ཤིག་སྐྱེས། སྐབས་དེར་འཇམ་མཉེན་གྱི་དངོས་པོ་ཞིག་གིས་ཁོའི་མགོ་བོར་བྱིལ་བྱིལ་བྱེད་པའི་སྣང་བ་ཞིག་བྱུང༌། འོ་་་ལྷ་མོ། ཁོས་སྙིང་ཉེ་བའི་བཟའ་ཚོ་ད་དུང་དྲན་བཞིན་ཡོད་པ་འདྲ། ག་ལེར་ཁ་ཕྱིར་འཁོར་སྐབས་དེ་ནི་རང་ཉིད་ཀྱི་སྒོ་རའི་རྡོ་ཨ་ལོང་ཅན་ལ་བཏགས་པའི་ཁྱི་མོ་དེ་རེད།

ཨ་ཙི་་་་ང་ཁྱི་ལས་ཆུང་བ་ཅི་ཡིན། ད་ཡང་དགོད་བྲོ་བའི་རྨི་ལམ་ཞིག་བསྐྱར་དུ་རྨི་ཡིན་ཡོད་པ་མིན་ནམ་སྙམ་བཞིན། སྐྱུར་རྩི་དྲག་པོས་བཟི་བ་ལྟ་བུའི་ལུས་པོ་སིག་སིག་འགའ་བྱེད་དུས།  རང་གི་ལུས་པོར་སྤུ་རྫོང་མཐུག་པོས་ཁེངས་ཡོད་ཅིང༌། ད་གཟོད་རང་ཉིད་ཁྱི་གུ་ཞིག་ཏུ་འགྱུར་ཡོད་པ་ཤེས།

འདི་ངོ་མ་ཡིན་ནམ། ཡང་ན་རྨི་ལམ་ཡིན། ངས་ད་བར་ཁྱིམ་ཚང་འདིའི་ཆེད་དུ་བྱང་ཚྭ་ལྷོ་ལ་དྲངས། ལྷོ་ཟོག་བྱང་ལ་བསྐྱལ། དབྱར་དགུན་གྱི་ཁ་ཆར་ལ་ལྟོས་པ་མེད་པར་བཀྲེས་ལྟོགས་ཀྱིས་མནར་བའི་སྤྱང་ཀི་བཞིན་ཁེ་བཟང་ཕྲན་བུ་ཙམ་ཡོད་ན་ཡུལ་གྱི་ཕུ་མདའ་གང་སར་མྱུག མི་ཁའི་ལབ་གླེང་དང་དྲང་བཞག་གི་རྒྱུ་འབྲས་ལ་མ་ལྟོས་པར་རྒྱ་ལ་བརྒྱ་སྤྲད། བོད་ལ་སྟོང་བླངས། སྤུན་དགའ་ཉེ་འབེལ་པོས་གསོས། འཁོར་ནང་ཟན་བཀྲེས་པོས་བསྐྱངས། དེ་ལྟ་བུའི་ནོར་ཕྱིར་སྤྱད་པའི་དཀའ་བ་དང་འཁོར་དགའ་ཉེའི་སྐྱོངས་ལུགས་མཁས་པོས་རྒྱུ་ནོར་དབང་ཐང་གང་ལ་ཐོགས་པ་མེད་པས། ལུང་གཞུང་འདིའི་ནང་དམན་རྐང་འོག་ཏུ་མནན། མཐོ་རྒྱུ་ནོར་གྱིས་བཀུག ངེད་དཔལ་འབར་ཚང་ཞེས་མཐོང་ཐོས་སུ་གྱུར་པའི་སྤྱི་བོ་གནམ་བསྟན་ཀུན་གྱིས་གུས་གུས་ཞུམ་ཞུམ་དང་ཁ་མཁས་ཚིག་སྙན་གྱིས་བཀུར་བ་ཞིག་བྱུང་ཡང༌། ད་ཆ་ངའི་ཐོབ་ཐང་ལ་བྱུང་བ་ནི་མི་ཚང་འདིའི་སྒོ་སྲུང་གི་ཁྱི་ཞིག་ལས་མི་འོས་པ་ཅི་ཡིན། ཁོར་བཅོས་མིན་གྱི་ཞེ་སྡང་ཞིག་ལངས་བྱུང་བས། ང་རྒྱལ་གྱི་འབ་སྒྲ་འགའ་དབང་མེད་དུ་ཐོན།

དེ་ནི་རྣལ་འབྱོར་དབང་ཕྱུག་མི་ལའི་རྣམ་མགུར་དུ་གསུངས་པ་བཞིན། ཕྱི་སྣང་བ་གང་བྱུང་དགྲར་ལས་པས། ། ཞེ་སྡང་བསམ་ངན་ཡིད་ལ་འཁྲུག ། སྡིག་ཅན་ཁྱི་ཡི་ལུས་སུ་སྐྱེས། ། སྡུག་བསྔལ་ལྟོགས་པའི་ངང་ལ་སྡོད། ། ཉོན་མོངས་ཟུག་རྔུ་ཞི་དུས་མེད་ཅེས་པ་དཔེ་དེ་ལ་དྲངས་ན་ཅི་འདྲས་འབྱོར་བ་ཞིག་རེད་ཨང༌།

ད་ཆ་ཁོའི་དངོས་དོན་གྱི་ལས་དབང་ནི་བཙན་དབང་མྱོང་དགོས་པ་དང་སྙིང་རྗེའི་ཡུལ་དུ་གྱུར་བའི་ཚུལ་དེ་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར།  ལས་དབང་དེའི་གནོན་ཤུགས་ལས་ཁོ་ལ་ཡོད་ཚད་བཏང་སྙོམ་དང་དྲང་བདེན་མེད་པའི་འདུ་ཤེས་ཤིག་ངང་གིས་སྐྱེས། ཡང་གཅིག་བཤད་ན་དེ་ནི་ཁོ་སྐྱ་མོ་མི་ཡུལ་ན་ཡོད་དུས་ཡོད་ཚད་ལ་ཁྱད་གསོད་དང་མཐོང་ཆུང༌། གཡོ་ཁྲམ་ཁོ་ནའི་ལས་ལ་གཞོལ་པས།  བསླུ་བ་མེད་པའི་དཀོན་མཆོག་གིས་བདེན་པས་ཁོ་ལ་བཏང་སྙོམ་དང་དྲང་བདེན་ཞེས་པའི་ཐ་སྙད་དེ་འདྲ་ཞིག་ཡོད་པར་རྟིང་སྐུལ་གྱིས་ར་སྤྲོད་བྱས་པའང་ཡིན་ཤས་ཆེ།

དུས་ཚོད་ཅི་ཙམ་སོང་བ་མ་ཤེས་པར།  ཁོའི་ལུས་ཕུང་ཁྱི་མོ་དང་མཉམ་འདུག འདས་དུས་ཀྱི་ལོ་ཟླའི་ནང་ཁོ་ལ་རྒྱུན་དུ་བརྩེ་བ་ནི་རང་ཉིད་མི་ཡུལ་ན་ཡོད་དུས་སྡང་ཤོས་བྱེད་པའི་ཐབ་གཡོག་ནག་མོ་དེ་རེད།  ཡིན་ནའང༌།  རང་གིས་ཞིམ་ཚད་དང་འཇམ་ཚད་ཀྱིས་སྙིང་ལྟར་གཅེས་པའི་བུ་དགྲ་ལྷ་དང་ཁོའི་ཁ་ཡག་སྙིང་གཏམ་བཤད་སའི་བཟའ་ཟླ་ལྷ་མོ་ནི་མཐོང་བའང་ཉིན་སྐར་ཙམ་དུ་སྣང་ལ་ལན་རེར་ཕྲད་དུས་ཁོས་མཇུག་མ་གཡུག་གཡུག་དང་ལྕེ་ནར་ནར་གྱིས་མདུན་ནས་བསུས་ཀྱང་སྤྲང་ཁྱི།  ལད་པ་གཤིས་ངན་འདི་ཚོ་ཅི་འདྲར་བཙོག་པ་ལ་ཨང་ཞེས་རྡོག་ཐོས་ཤུགས་ཀྱིས་བརྡས་ཏེ་བཙོག་སྣང་ངང་གཡོལ་གང་ཐུབ་བྱེད།

ཁོའི་མིག་མདུན་གྱི་བྱ་དངོས་ཡོད་ཚད་ལ་ངེས་འབྱུང་དང་དབུགས་རིང་ཁོ་ན་འབྱུང་ཡུལ་ལས། དོན་དམ་གྱི་སྙིང་པོ་ཅི་ཡང་མེད་པར་བསམས་དུས། ད་གཟོད་ཁོས་དལ་འབྱོར་མི་ལུས་ཞེས་པའི་ཡང་སྙིང་དང་རིན་ཐང་ལ་འདང་རྒྱག་ཅིག་མི་བྱེད་ཀ་མེད་བྱུང༌།

དེ་ལྟར་མི་རིང་བའི་ཉིན་ཞིག་རང་གི་བུ་དགྲ་ལྷ་མིག་ལམ་དུ་ཤར་འོངས།  དགྲ་ལྷའི་ཚུགས་ཀ་དང་ཚུལ་འཆོས་ལ་བལྟས་ན་ཅི་འདྲའི་སྙིང་ལ་གཟན་པ་ཞིག་རེད་ཨང༌།  ཁོའི་ལུས་ལ་སྟག་གཟིག་གི་པགས་པས་མཐའ་ཤམ་བརྒྱན་ཅིང༌།  ནང་ཤ་སྲམ་པགས་སྦྱར་མ་ཡིན་པའི་ཕྱུ་པ་སྤུས་ལེགས་ཤིག་གྱོན་ཡོད་ལ་རྣ་བར་མཐོ་གང་ཙམ་ལ་རྨྱངས་པའི་གསེར་ལོང་ལྗིད་ཏིག་ཏིག་ཅིག་དང༌།  སྐེད་མཚམས་ན་ཕ་མེས་ཡང་མེས་ཀྱི་གློ་གྲི་ཤ་ལ་རེག་མ་མྱོང་བ་དངུལ་གྱི་ཤུབས་ལ་བྱི་རུའི་ཕྲ་ཚོམ་བཏབ་པ།  ཡུ་བར་གསེར་ཚགས་བརྒྱབ་པའི་གཡང་རྟེན་དེ་ཡང་ལྭ་བའི་སུལ་མོའི་སྡེང་ན་འཕྱང་འཕྲུལ་དུ་བཏགས་འདུག་པ་དེ་དག་ནི།  སྔོན་ཆད་ཁོས་རང་ལུས་ལ་རེག་མི་ནུས་ཀྱང་གཞན་མདུན་དུ་ཡང་ཡང་མཆོར་བྱེད་ཀྱི་གཙིགས་ཆེའི་དངོས་པོ་ཤ་སྟག་ཡིན་མོད།  ད་ཆ་རང་ཉིད་ཀྱི་བུས་དྲེགས་ཉམས་ཀྱིས་ཁོའི་མིག་མདུན་དུ་གྱོན་དུས། ཁོའི་སྙིང་ཁོང་དུ་བསུབ་ཏུ་མེད་པའི་རྨ་ཁ་ཇི་ལྟ་བུ་ཞིག་བཏོད་པར་སུས་ཀྱང་ཚོད་བགམ་བྱེད་ཐབས་བྲལ།

བསམ་གཞིག་དེའི་ཁྲོད་དུ། བུ་དགྲ་ལྷས་ཁོའི་མགུལ་དུ་ལྕགས་ཐག་ལྕི་མོ་ཞིག་གིས་སྦྲེལ་ནས་སྒོ་རའི་རྡོ་ལོང་ལ་བཏགས་རྗེས། ཤ་རེར་ལྟག་སྒོ་བརྒྱུད་ནས་བུད་སོང༌། རྒྱུ་མཚན་ཅི་ཞིག་གིས་རང་ཉིད་ལྕགས་ཐག་གིས་སྦྲེལ་པ་ཁོའི་བསམ་གཞིག་གིས་མི་དཔོགས་པའི་མཚམས་དེར། སླར་ཡང་ཐབ་གཡོག་ནག་མོ་དེ་བསླེབས་བྱུང༌། མོས་རུས་པ་སྙིམ་པ་གང་ཁོའི་མདུན་ལ་གཏོར་རྗེས འཆོས་་་འཆོས། འཆའ་རྒྱུ་ཡོད་དུས་འཆོས་ཤིག ཁོང་ཚོང་དཔོན་དཔལ་འབར་ལྟ་བུ་སེར་སྣས་བསགས་པའི་ལོངས་སྤྱོད་གཞན་དབང་དུ་བསྐྱུར་ནས་སོང་དུས་འཕྱིས་དྲག་པ་རེད། ད་ནི་མི་བདག་བདག་ཏུ་རེ།། བདག་པོ་སྒོ་ཁྱིར་འདོན་ཞེས་པ་རང་བྱུང་སོང༌། ལྕམ་ཆུང་ལྷ་མོ་ཟེར་བ་དེ་ཡང་འཆི་བ་དྲན་རྒྱུ་མེད་པ་ཞིག ད་རུང་མག་པ་བསུ་འདོད་པ་ནི་རྒྱུ་ནོར་གྱིས་མི་བཞག་པ་རང་རེད།་་་་་་་་་་་

མོས་ཁེར་ལབ་རྫོགས་རྒྱུ་མེད་པ་ཞིག་རྒྱག་བཞིན་སྒོའི་ཕྱིར་སོང༌།

ཡུད་ཙམ་ནས་ཁང་པའི་བར་ཁྱམས་དང་ཡང་སྟེང་ནས་འགའ་རེས་གཞས་ཆེན་གཏོང་བ་དང་འགའ་རེས་ཆང་གླུ་ལེན་པ། འགའ་རེས་ཁ་གས་སྙམ་བྱེད་པའི་ཧབ་ཆ་དང་དགོད་སྒྲ་དི་རིར་སྒྲོག་པས། ཅ་ཅོ་དང་འདུ་འཛི་ཧ་ཅང་ཆེ་བར་སྣང༌།

སྐབས་དེར་གློ་བུར་དུ་ལྟག་སྒོ་ནས་མི་ཕོ་སྟོབས་ཆེན་ཞིག་ཁྱར་ཁྱོར་དུ་བསླེབས། ཁོས་ཞིབ་མོར་བལྟ་དུས། དེ་ནི་རང་ཉིད་མི་ཡུལ་ན་ཡོད་དུས་ཀྱི་མེ་དང་ཆུ་ལྟ་བུའི་དགྲ་ནག་ཚོང་དཔོན་དཔའ་སྐྱབས་རེད་འདུག  ཁོའི་བསམ་པར་དཔའ་སྐྱབས་ནི་རང་ཉིད་མི་ཡུལ་ན་ཡོད་དུས་ཁྱིམ་ཚང་དེར་མིང་ཙམ་གོ་ཡང་མཆིལ་ཞག་འཕེན་ཡུལ་གྱི་དགྲ་ནག་ཅིག་ཡིན་ཡང་དེ་རིང་འདིར་ཇ་ཆང་གི་རྟེན་འབྲེལ་དུ་ཡོང་བ་ནི་ཐལ་དྲག་པ་རང་རེད་སྙམ་པའི་མོད་ལ། ལྷ་མོ་ཡང་ལྟག་སྒོ་ནས་བསླེབས་བྱུང༌།

ཁྱོད་གང་དུ་གཡོལ་འགྲོ་འམ།

ང་གཡོལ་བ་མིན། ད་ངོ་མ་འཐུང་ཐུབ་པ་མི་འདུག

ད་ཁྱོད་འཐུང་མི་དགོས། ས་རུབ་གྲབས་འདུག་པས། ཤག་སྦུག་ཏུ་ཉལ་བར་སོང༌།

འོ་ཁྱོད་མགྱོགས་པོར་ཤོག་ཅིག ངས་དུས་འདིར་བསྒུགས་ནས་ཡུན་རིང་སོང་བ་ཁྱོད་ཀྱིས་གསལ་པོ་ཤེས་ངེས།

དེ་ལོས་ཤེས། སྔོན་མ་ཁྱོ་བོའི་འདས་པོའི་ལྐོག་ཏུ་ཁྱོད་ཀྱི་འདོད་པ་སྐོང་མུས་ལ། ད་ནི་ཉིན་མཚན་ མེད་པར་མཉམ་དུ་ཉོལ་ཟེར་ཡང་མི་ནུས་པ་ཅི་་་་ཧི་ཧི་་་་་

ཁོ་གཉིས་ཕན་ཚུན་འཐམས་ཤིང་འོ་ཞིམ་པོ་ཞིག་བྱ་བར་བརྩམས་པའི་ཚེ།  ཁོ་རབ་ཏུ་ཁྲོས་པས་སེམས་སྦུག་གི་ཞེ་སྡང་གནོན་མི་ཐུབ་པར།  རྟབ་རྟབ་དཔའ་སྐྱབས་ཀྱི་ཕྱོགས་སུ་ཤེད་གང་ཡོད་ཀྱིས་འཐེན་པ་དང་ཆབས་ཅིག    ཁོ་ལྕགས་ཐག་ལས་ཤོར་ཅིང་དཔའ་སྐྱབས་ཀྱི་རྐང་པའི་ཉྭ་རིལ་ལ་སོ་དྲག་ཏུ་བཏབ་སྟེ་འཐེན་པས།  ཁོས་སྐད་ངན་རྒྱག་བཞིན་ཁ་བུབ་ཏུ་འགྱེལ་སོང༌།   ལྷ་མོ་ནི་ཕར་ཙམ་ན་སྐད་ངན་ཁ་མེད་སྣ་མེད་སྒྲོག་བཞིན་རང་གི་བུ་དགྲ་ལྷའི་མདུན་དུ་བྲོས་པ་དང༌། སྐགས་ནས་ཕ་མེས་ཀྱི་གློ་གྲི་རྣོན་པོ་དེ་གློག་འཁྱུག་པ་ལྟར་བཏོན་ནས།  ཁོའི་སྙིང་ཁའི་མཚམས་སུ་བསྟུད་མར་ལན་འགའ་བཙུགས་པས།   ཁོའི་ངེས་འབྱུང་དང་སྔངངས་སྐྲག་གིས་ཁེངས་པའི་མིག་ལྤགས་སྲབ་མོ་འཁྲེབ་ཙམ་འཁྲེབ་ཙམ་བྱེད་བཞིན་མཐའ་འཁོར་གྱི་མི་ཚོགས་ལ་ཞིབ་བལྟ་བྱེད་དབང་ཡོད་མེད་ཀྱི་ངང་ལ།   སླར་ཡང་མུན་ནག་གི་ཞིང་ཁམས་ཤིག་ཏུ་མི་འདོད་བཞིན་དུ་བརྫངས་སོང་ངོ༌།


རྡོ་དང་ཚེ་སྲོག


མགོན་ཤར་རི་རྩེ་ན་འཕགས་པའི་མཆོད་རྟེན་དེ་ནི་བག་ལ་ཉལ་བའི་གྲོང་སྡེ་དེའི་སྐྱེ་རྒུ་རྣམས་གང་མྱུར་རྨོངས་གཉིད་ལས་སད་རན་པར་བསྐུལ་བའི་དེད་དཔོན་ལྟ་བུ་ཞིག་ཏུ་འགྱིངས་ངེར་སྣང་ལ།  ཡང་ཅིག་བསམ་ན་འཕུར་ལ་ཉེ་བའི་མཐོ་སྒང་གི་གཡུ་འབྲུག་དེའི་ཁ་གནོན་གྱི་ཚུལ་དུ་བསམ་གཟས་ནས་ཡོ་ལེར་བཞུགས་པ་དང་ཨ་ན་མ་ན་རེད།

ཉིན་དེར་ང་དང་བུ་སྲི་ཐར་གསང་ཆེན་དགོན་པར་ཁ་ཕྱོགས་ནས་འགྲོ་གིན་ཡོད་ཅིང་དེ་ནི་ཁོའི་ཨ་མ་འདས་ཁར་ང་ལ་མངགས་པའི་ཞལ་ཆེམས་དེ་ཡིན་པས་ངས་ཁོ་པ་དགོན་པའི་སྐྱིད་སྡུག་ཏུ་སྐྱེལ་རྒྱུ་དེ་ཡང་འཁོར་བའི་སྡུག་ལ་མི་ཚུད་པའི་ངའི་བསམ་གཞིགས་དོག་མོ་དེ་ཡིན་ཡང་སྲིད།  ལ་ཁར་འབྱོར་སྐབས་མགོན་ཤར་རི་རྩེའི་མཆོད་རྟེན་དེའི་མཁའ་དབྱིངས་སུ་འབྲུག་དབྱིབས་ཅན་གྱི་སྤྲིན་པ་ཁམ་ནག་ཅིག་ཡ་ཡོར་ལྡིང་གིན་འདུག་པས་དེས་ངའི་སེམས་ནང་སླར་ཡང་མཆོད་རྟེན་དེ་ལས་འཁྲུངས་པའི་རྣམ་རྟོག་མང་པོ་ཞིག་ཡིད་ངོར་བཅོས་མིན་དུ་སྐྱེས།

སྲོང་པོར་བརྗོད་ན་ང་དང་མཆོད་རྟེན་དེ་ནི་ཆེས་རྒྱུས་མངའ་ཆེ་ལ་མཆོད་རྟེན་དེ་ནི་ལན་རེ་ངའི་ཉིན་མཚན་དུས་དྲུག་གི་རེ་བ་དང་འདང་རྒྱག་ཧྲིལ་པོ་བཅོལ་ཡུལ་གྱི་ཨ་ཞང་ལོ་ལོ་ལྟ་བུར་གྱུར་ཅིང༌།    ཡང་ལན་རེར་ངས་དམོད་ཅིང་སྡིག་མོ་འཆོར་ཡུལ་གྱི་དགྲ་མགོ་ནག་ནག་དེ་ཡང་མཆོད་རྟེན་དེ་ཁོ་ན་ལས་མ་འདས་པས།   སྐབས་རེ་ངས་བུ་སྲི་ཐར་འཁྲིད་ནས་མཆོད་རྟེན་དེར་སྐོར་བར་འགྲོ་སྐབས་ངའི་རང་དབང་མེད་པའི་སྨྱོན་པ་ལྟ་བུའི་ཚུགས་ཀར་ལོ་ན་དྲུག་ལ་སོན་ཙམ་གྱི་སྙིང་ནས་གཅེས་པའི་བུ་སྲི་ཐར་ཁོ་པ་ཡང་འཐམ་འཐོམ་རབ་རིབ་ངང་ང་ལ་བལྟས་ནས་སྐབས་རེ་དགོད་འཚེར་འཚེར་དང་ལན་རེར་ངུ་ཤིག་ཤིག་གི་ཅི་ཆ་མེད་པའི་རྣམ་འགྱུར་ཡ་མ་ཟུང་རེ་སྟོན།

ངའི་སྙིང་ནས་གཅེས་པའི་བུ་ལོ་ལོ་དེ་ཡང་ཆུང་ཨ་མའི་ཁོག་ནས་ཐོན་དུས་དཀར་ཤིང་རྒྱག་པ་ཞིག་ཡོད་ནའང་།  ད་ལྟ་ངའི་འཁྲིས་ཀྱི་ཁོ་པ་ནི་ནག་ཅིང་རིད་ལ་སྣ་གཉིས་ལས་སྣ་ལུད་ཀྱི་རག་སྐྱོར་ལྟ་བུ་འཐེན་པའི་ནང་སྣ་ལུད་ཀྱི་རྟ་ཕོ་ཡར་རྒྱུ་མར་རྒྱུ་བྱེད་ཅིང་ལན་རེ་ཁ་ལོ་མི་འཆུན་པའི་སྐབས་སུ་སྣ་ལུད་ཀྱི་རྟ་ཕོ་ལྕེ་རྩེ་ཡིས་གཅུས་ནས།  ཁ་ནང་དུ་འཐེན་པར་བྱེད་ནའང་ང་རང་ནི་ཁོ་པའི་གདོང་དུ་འཇིམ་པའི་སྣང་བརྙན་ཞིག་ལྟར་ཁ་བརྡ་ཙམ་ཡང་མི་བྱེད་པར་ཁོའི་ངོ་ལ་ཧུར་རེར་གཅེར་སྐབས་ད་གཟོད་ཁོས་རང་ཉིད་ཀྱི་བྱེད་སྟངས་དེ་ཡང་ཡང་དག་པ་ཞིག་ཏུ་ངོས་འཛིན་ནས་སྣ་ལུད་ཀྱི་རྟ་ཕོ་དེ་ཐོན་པ་ཙམ་ལ་ལྕེ་རྩེ་ཡིས་ཁ་ནང་དུ་གཅུས་རྐྱང་བྱེད་པ་ནི་ཁོའི་ལུས་གང་གི་ཁྱད་ཆོས་འབུར་དུ་ ཐོན་པ་ཞིག་རེད།

ལ་ཁར་ངལ་གསོ་ཕྲན་བུ་བརྒྱབ་པ་དང་ང་དང་བསམ་མེད་ཀྱི་བུ་སྲི་ཐར་གཉིས་ཁ་སྤྲོད་ལ་འདུག་སྐབས་སྲི་ཐར་གྱི་མིག་ཟུང་ཁྲ་ཧྲིག་ཧྲིག་དེ་གཉིས་ལས་ངའི་སེམས་ནང་གི་འདས་དོན་མང་པོ་ཞིག་མེ་ལོང་གི་གཟུགས་བརྙན་བཞིན་ཝ་ལེར་འཆར་གྱིན་འདུག་པས་དེས་སྒོ་ཀུན་ནས་ངའི་ལུས་ཀྱི་སྟོད་སྨད་གང་སར་ཟུག་གཟེར་དྲག་པོ་ཞིག་ཡང་ཡང་འབྱིན་འོང༌།

དེ་བས་ངའི་ཁོག་ཏུ་རུམ་པའི་འདས་དོན་གྱི་གསང་བ་དེ་དག་ནི་མ་ཡི་མངལ་ན་སྦྲུམ་པའི་ཁྱེའུ་གཅིག་ལྟར་ཉིན་རེ་བཞིན་ལས་མ་འདས་པར་ཁ་ལ་འཆོར་བའི་དུས་ལ་བབ།

བསྟུད་ཆར་སྣོན་པའི་མི་ལོ་དྲུག་དེས་ངའི་དཔྲལ་བའི་གཉེར་མ་ཇེ་མང་རེད་ལ་སྙིང་ནས་བརྩེ་བའི་བུ་སྲི་ཐར་དེ་ཡང་སྨྲ་སྒོ་ཇེ་བདེ་རེད།   དེ་ཉིན་ཁོས་རྟབ་རྟབ་པོར་བསྐོན་པའི་དྲི་བ་དེ་ནི་ངའི་ཨ་མ་གང་དུ་ཡོད་ཅེས་པ་དེ་རེད།   ཁོའི་དྲི་བ་དེ་ནི་རྔོན་པའི་དུག་ཟླ་ལྟར་ཚ་བས་ངའི་སྙིང་ཆུང་དུམ་བུར་བགས་ལ་དབྱར་གསུམ་གྱི་ཚད་པ་ལྟར་ནོན་པས་ངའི་དཔྲལ་གསེབས་ནས་རྔུལ་ཆུའི་ཐིག་པ་ཡང་ཁྲུམ་ཁྲུམ་ལ་བཞུར།   ཐོག་མདའ་ལས་རྔམས་པའི་དྲི་ཚིག་དེས་ངའི་འདས་ཟིན་པའི་མི་ཚེའི་མེ་རོ་དེ་སླར་ཐེངས་གཅིག་མི་གསོ་ཀ་མེད་དུ་གྱར།

དེ་དུས་ང་ལོ་བཅུ་ལྷག་ལས་སོན་མེད་པ་འདྲ། ངའི་དྲན་སྣང་ལ་ཁྱིམ་ཆུང་དེར་ཕ་མ་གཉིས་ནས་གཙོས་ད་དུང་ང་ལ་བརྩེ་ཞིང་དུང་བའི་རྨོ་བོ་ལགས་ཀྱང་ཡོད། ང་ཚོའི་ཁྱིམ་འཁོས་དེ་སྡེ་ཚོའི་ཁྲོད་དུ་རབ་གྲས་ཤིག་མིན་ཡང་གཅེས་སེམས་དང་དྲོད་འཁོལ་གྱིས་ཁེངས་པའི་ཁྱིམ་ཆུང་ཚ་སོབ་སོབ་ ཅིག་ཡིན་པ་སྨྲོས་མ་དགོས།

ཉིན་ཞིག་གི་ཞོགས་པ་ང་རང་སློབ་གྲྭར་འགྲོ་སྐབས་རྨོ་བོས་ང་ལ་སྣ་ཐ་དབུར་རྗེས་ཀྱི་རྡོ་རིལ་ཞིག་སྒྲུག་ཡོང་རྒྱུར་མངག་བཅོལ་བྱས། ཉིན་དེའི་ཕྱི་དྲོ་ངས་ཆུ་ཁའི་གྲམ་ཐང་ན་མིག་མྱུལ་ཞིག་བྱེད་ཀྱིན་རྨོ་བོས་མངགས་པའི་རྡོ་འཇམ་པོ་ཞིག་འཚོལ་སྐབས་ཏག་ཏག་ངའི་མིག་མདུན་ནས་རྡོ་རིལ་ནག་པོ་ངོས་འཇམ་ཤིང་ཟླུམ་པོ་སྒོ་ངའི་གཟུགས་དང་འདྲ་བ་ཅིག་རྙེད་པས་ངས་དེ་རྨོ་བོ་ལགས་ལ་སྤྲད།

རྨོ་བོས་ཀྱང་ང་ལ་ ཨ་ལ་ལ་་་ངའི་བུ་གཅེས་པོ་འདི་བས་མིག་རྣོ་བ་ཞིག་གང་དུ་ཡོད།   རྨོ་བོའི་སྣ་ཐ་དབུར་བྱེད་ཁྱོད་ཀྱིས་ལག་པས་བཟོས་འདྲ་བ་གཅིག་འཁྱེར་བྱུང༌ཞེས་ངའི་མགོ་བོར་བྱིལ་བྱིལ་ བྱེད་ཀྱིན་དེའི་རྔན་པར་མར་སྤགས་ཀྱང་ཤ་འདྲ་བ་ཞིག་སྦྱིན།

རྨོ་བོས་ཉིན་ཤས་སྣ་ཐ་དབུར་རྗེས། རྡོ་རིལ་འདིས་སྣ་ཐ་དབུར་ན་སྣ་ཐར་བཞའ་མང་པོ་འཁོར་གྱིན་འདུག དེ་བས་ཁ་ཚ་དབུར་བྱེད་བྱས་ན་བཞའ་ཡང་བརྒྱབ་མི་དགོས་པར་གཅིག་གོ་ཉིས་ཆོད་ཡོང་བ་འདུག་ཅེས་སྨྲས།  ཡིན་ནའང་དེ་ནས་བཟུང་མཚན་མོ་འཆར་རིམ་བཞིན་ངའི་རྨི་ལམ་ནི་ཡོངས་སུ་ཟང་ཟིང་དང༌། འཇིགས་སྐྲག་ཆེ་བ་ཤ་སྟག་ཡིན་ཤིང་མཚན་མོ་ནམ་རེ་ལ་ཁྱིམ་ཆུང་གི་ཐོག་ཁར་འབྲུག་ཁམ་ནག་གཅིག་བབས་ནས་འབྲུག་སྐད་གནམ་ས་འགུལ་བ་བརྒྱབ་པ་ཡང་ཡང་རྨིས་ཤིང་སྐབས་རེ་ང་རང་འཇིགས་དྲག་ནས་མཚན་ནམ་ཕྱེད་ནས་མནལ་ཡང་མི་འཁུག་པར་ཨ་མའི་དཔང་དུ་ངུས་ནས་སྡོད་དགོས་པ་བྱུང༌།

ཕྱི་ལོར་ཨ་ཕ་སྡེ་པ་གཞན་གྱི་གནས་སྐྱེལ་ལ་འགྲོ་སྐབས་ལམ་བར་དུ་འབྲོག་ཁྱི་བདུན་གྱིས་རུབ་པས་ཨ་ཕ་ཕྱི་མའི་ལྔ་ལམ་དུ་བཏང་ཞིང་དོན་དེས་ཨ་མའི་སེམས་ཁོང་གི་ང་རྒྱལ་གནོན་མི་ཐུབ་པར་འབྲོག་ཚང་དང་ཁ་ཆུ་རྩོད་པས་དེ་ལས་རྒྱལ་རྒྱུ་ཕར་བཞག   དེ་ལས་ལྡོག་སྟེ་ཨ་མའི་ལོ་ཤས་གོང་གི་སྙིང་ནད་སླར་ཡང་ལངས་ནས་ཨ་མ་ཡང་ཡུན་རིང་མ་སོང་བར་འདས།

སྐབས་དེར་ཁྱིམ་ཆུང་དེར་ལུས་པ་ནི་ང་དང་རྨོ་བོ་ལགས་གཅིག་པུ་ཡིན། འུ་གཉིས་པུས་མོ་གཤིབས་གཤིབས་ལ་འདུག་སྐབས་རྨོ་བོ་ནི་མིག་ལས་ཡིད་འབྱུང་གི་མཆི་མ་རྒྱུན་མི་ཆད་པར་བཞུར་བཞུར་བས་མཐར་རྨོ་བོའི་མིག་ཀྱང་ལོང་བར་འགྱུར།

དེ་ལྟར་སྐྱི་གཡའ་བའི་གོད་ཆགས་རབ་དང་རིམ་པ་བརྒྱུད་ང་རང་ཡང་རང་ལོ་བཅུ་བདུན་ལ་གསོན་པས་ཕ་མ་གཉིས་ཀྱི་ང་ཆུང་དུས་གཉེན་སློང་གི་ཁ་ཆད་བཞིན་ཨ་ཆུང་ཚང་གི་བུ་མོ་གཞོན་པ་བསམ་སྐྱིད་དང་འགྲིགས་མཐུན་བྱུང༌།  ང་གཉིས་ཀྱི་མཐུན་འགྲིགས་ལ་རྨོ་བོར་སེམས་གསོ་བརྣལ་མ་ཞིག་འཐོབ་པས་རྨོ་བོའི་མིག་ཤེད་ལའང་ནུས་པ་གང་འཚམས་ཐོན་ཤིང༌།  སྡེ་པའི་ཐོས་རྒྱ་ཅན་ཚོའི་གླེང་བརྗོད་ལ་ཉན་ན་གལ་སྲིད་གཤགས་བཅོས་བྱས་ན་རྨོ་བོའི་མིག་ཤེད་སླར་གསོ་ཡོང་བའི་ཁས་མཆིས་པར་སྨྲས།

ཡུན་རིང་མ་སོང་བར་བསམ་སྐྱིད་ལ་བུ་གཅིག་བཙས་ཤིང་སྐབས་དེར་ངའི་སེམས་ནང་བརྗོད་ལས་འདས་པའི་སྤྲོ་སྣང་ཞིག་དང་འཚོ་བ་གསར་པ་ཞིག་ལ་ཕྱོགས་པའི་རེ་བས་བུ་དེ་ལའང་མི་འདོད་སྲི་ངན་གྱི་གེག་བར་ལས་ཐར་བའི་མིང་རྟགས་སུ་སྲི་ཐར་ཞེས་ང་རང་གིས་བཏགས།

སྲི་ཐར་གྱི་ཨ་མས་ཀྱང་ངའི་ཐོད་པའི་སྐྱོ་ངལ་གྱི་རི་མོ་ལ་བལྟས་ནས་སེམས་འཁྲེང་གི་མགོ་བོ་ལྕོག་བཞིན་མིག་ཆུ་ལྷུང་ལྷུང་ལ་བཞུར་གྱིན་ད་ཕྱིན་གེག་བར་ཅི་འདྲ་ཞིག་ཡོད་ཀྱང་ངས་ཁྱེད་ཀྱི་ཚབ་ཏུ་འཁུར་རྒྱུའི་སྨོན་ལམ་གཤའ་མ་ཞིག་དཀོན་མཆོག་གི་དྲུང་དུ་འདེབས་ཀྱིན་ཡོད། ཅེས་ཤབ་ཤུབ་ཏུ་བཤུམས་པས་ང་རང་གི་མིག་ཆུ་ནི་རྫིང་ལས་ཤོར་བའི་ཆུ་རྒྱུན་བཞིན་འགྲམ་ངོག་ནས་ལྷུང་ལྷུང་དུ་རྡོལ།

སྲི་ཐར་བཙས་ནས་ཟླ་བ་གཅིག་ལྷག་མ་སོང་གོང་བསམ་སྐྱིད་ལ་ནད་དྲག་པོ་ཞིག་གིས་བཏབ་པས་ངས་ཤར་རྒྱུག་ནུབ་རྒྱུག་གིས་སྨན་པ་འབོད་ནས་ནད་རྟགས་རྩད་པར་སྨན་པས་མགོ་བོ་ཕྲེད་དུ་གཡུག་བཞིན་ནད་འདི་ནི་བུ་སྣོད་ཀྱི་སྐྲན་ནད་ཡིན་ལུགས་གླེང་ཤིང༌།   གལ་ཏེ་སྨན་རིན་སྒོར་མོ་ཁྲི་ཕྲག་ལ་ཐོགས་པ་མེད་ན་ནད་འདི་ལས་གྲོལ་བའི་ཐབས་རྟ་རྔ་ཙམ་མཆིས་ཀྱང་ད་ནི་གང་དྲག་ཅེས་དབུགས་རིང་འཆོར།   སྐབས་དེར་རྨོ་བོའི་མིག་ནད་སླར་ཡང་ནད་ལོག་བརྒྱབ་ནས་ཐ་ན་ལག་མཐིལ་ཙམ་ཡང་མི་སྣང་བར་གྱུར་ཅིང༌།   སྙིང་ནས་དུང་བའི་བཟའ་ཟླ་བསམ་སྐྱིད་ནི་ཉིན་ལྟར་ན་ཟུགས་ཁོ་ནས་དྲན་པ་ལན་མང་འཐོར་བས་ང་རང་ནི་ཁྱིའི་སྦར་མོར་ཡོས་བླུགས་པ་ལྟར་བྱ་དཀའ་བྱེད་གཏད་དུ་གྱུར་ཞིང་དེའི་ཐོག་ཏུ་ཁ་དམར་བའི་སྲི་ཐར་གྱི་ངུ་སྐད་དེ་བརྒྱབ་དུས་ངའི་སྣང་བ་ནི་ཡོངས་སུ་མག་མོག་ཡིན་ལ་འདང་རྒྱག་དང་བསམ་གཞིགས་ཡོད་ཚད་ནི་སིལ་ཏོག་ལས་ཀྱང་སྐྱུར།

སྐབས་དེ་དུས་ངེད་ཚོའི་སྡེ་པར་ཅ་ལག་རྙིང་པ་འཚོལ་མཁན་གྱི་གསར་བུ་འགའ་ཡོང་ནས་སྡེ་སྟོད་སྡེ་སྨད་ཀུན་ལ་མྱུལ་འགོ་ཚུགས།བར་སྐབས་ཤིག་རིང་ཅ་ལག་རྙིང་པ་བྲིན་འཚོང་ཆེ་ལ་གནས་གོང་མཐོ་བས་སྐབས་རེ་ངའི་བསམ་པར་ང་ལའང་དེ་ལྟ་བུའི་རིན་ཐང་བྲལ་བའི་རྙིང་ནོར་ཞིག་ཡོད་ན་སྙམ་ཞིང༌། གལ་ཏེ་དེ་བཙོངས་ནས་སྒོར་མོ་ཁྲི་ཕྲག་ལ་ལོན་ན་ངས་རྨོ་བོའི་མིག་ཤེད་བཅོས་རྒྱུ་དང་བཟའ་ཟླའི་སྐྲན་ནད་བཅོས་རྒྱུའི་རེ་སྟོང་ནི་ཉིན་མཚན་དུས་དྲུག་གི་བསམ་གཞིག་དེ་ཁོ་ན་ཡིན།

ཉིན་གཅིགག་མི་ཕོ་སྟོབས་ཆེན་ཞིག་ངོས་ཚང་ལ་ཡོ་རེར་འཛུལ་ཡོང་ནས་ཅ་ལག་རྙིང་པ་འདྲ་ཡོད་མིན་རྩད། ཡིན་ནའང་སད་ཀྱིས་བཅོམས་པ་ལྟ་བུའི་ངའི་ལུས་ཕུང་དང་ན་ཟུག་གིས་གཙེས་པའི་བསམ་སྐྱིད་ཀྱི་འཁུན་སྒྲ། ད་དུང་རྣ་ལ་གཟན་པའི་སྲི་ཐར་གྱི་ངུ་སྐད། བར་མཚམས་མེད་པའི་རྨོ་བོའི་དམོད་མོ་(ངེད་ཚང་ལ་ཅ་ལག་རྙིང་པ་མེད།ཁྱོད་ཚོའི་བསམ་པར་མི་ཚང་མ་ཁྱོད་ཚོ་ནང་བཞིན་ནང་གི་རྡོག་རྡོག་ཕར་ལ་སྤྲད། ཕྱི་ཡི་ལྷེབ་མོས་ལུས་པོ་བཏུམས་མཁན་ཆ་ཡིན་པ་ཨེ་བསམས་མར་རྒྱུག་ཤིག)དྲག་པོའི་ཁྲོད་དུ་ཁོ་ཕྱི་བལྟས་སློག་གིན་ཕྱིར་བཤིགས་བྱས། འགྲོ་མཁར་ཁོས་སྒོ་འགྲམ་གྱི་ཁ་ཚ་རྡུང་བྱེད་ཀྱི་ཡར་རྡོ་དེ་ལག་ཏུ་བླངས་ནས་བལྟ་ཙམ་བལྟ་ཙམ་དང་དཀྲུག་ཙམ་དཀྲུག་ཙམ་བྱེད་པས་ང་རང་ཡ་མཚན་ངང་ཡར་རྡོ་དེ་ཚུར་བླངས་ནས་ཁོས་བྱས་པ་བཞིན་དཀྲུག་དཀྲུག་འགའ་གཏོང་སྐབས་རྡོ་དེའི་ནང་རོལ་ནས་ཆུ་ཡོད་པ་ལྟ་བུའི་སྒྲ་ཁྲོག་ཁྲོག་ཏུ་འབྱིན། ངས་ཡ་མཚན་ངང་རྡོ་འདི་ཅི་རས་ཞེས་དྲིས་པར་ཁོས་སླར་ཡང་ཕར་ལག་ཏུ་བླངས་ནས་ཞིབ་ཚགས་ལ་བལྟས་རྗེས་ང་ལ་གཏད་ནས་དོ་ནན་ངང་བརྗོད་རྒྱུར།ཁྱེད་ཀྱིས་རྡོ་འདི་མི་གཞན་ལ་མ་སྟོན་རོགས། ང་དེ་རིང་དངུལ་འདེང་ངེས་འཁྱེར་རྒྱུ་བརྗེད་སོང༌། ངས་སང་ཉིན་རང་ཁྱོད་ལ་སྒོར་མོ་ཁྲི་ལྔ་བཅུ་ སྟེར་ཆོག ང་སང་ཉིན་ཡིན་ཅིག་ཡོང་གི་ཡིན་ཞེས་ཡང་སྨྲས་བསྐྱར་སྨྲས་བྱེད་ཀྱིན་ཕྱིར་བུད།

གཏམ་དེས་ང་རང་རེ་ཞིག་ཧ་ལས་ཧོན་འཐོར་དུ་གྱུར་ཅིང་ཡུན་རིང་འདི་ལྟའི་སྟོང་བསམ་ལ་རེ་བཅོལ་བྱས་དྲག་པས་ངའི་སྣང་བ་འཁྲུལ་བ་མིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ཀྱང་འགོག་མེད་དུ་སྐྱེས།དུས་མཚུངས་སུ་རྨོ་བོས་ཁང་སྦུག་ནས་འཛེམས་དོགས་མེད་པར་ངའི་ཕྱོགས་སུ་སྡིག་ནས། ལྟས་ངན་ཁྱོད་ཀྱིས་ག་རེ་བཙོངས་རྩིས་བྱེད་ཀྱིན་ཡོད་དམ།དྲང་པོར་ལོབ་ཅིག་ཟེར་བའི་འོ་དོད་ལྷང་ལྷང་ལ་ཐོས་པས་ད་གཟོད་འདི་ནི་དངོས་དོན་ཞིག་ཡིན་པར་ཡིད་འཚིམས་པའི་གདེང་ཞིག་ ཀྱང་ངམ་ཤུགས་སུ་རྙེད། ཡིན་ནའང་ངས་རྨོ་བོར་རྟབ་རྟབ་པོའི་ལན་དུ་ཅི་ཡང་འཚོང་རྩིས་མེད། ད་གིན་མི་ཕོ་དེས་རྡོ་འདི་དམིགས་གསལ་ཞིག་ཡོད་ཚུལ་གླེང་གིན་འདུགད་དུང་ཁོས་རྡོ་འདིར་མ་མཐར་ཡང་སྒོར་མོ་ཁྲི་ལྔ་བཅུ་ཁུག་ཐུབ་པའི་ཁ་མཚོན་བྱས་བྱུང་ཞེས་སྨྲས་པར་རྨོ་བོས། ལག་ཟུང་སྙིམ་པར་སྦྱར་ཞིང་ཁ་གནམ་ལ་འཆོར་ནས། ཨུ་ཧུ་་་ད་བར་ངེད་ཚང་ལ་མི་འདོད་ཆགས་སྒོ་གཅིག་ལ་གཅིག་མཐུད་འདི་ལྟར་འབྱུང་རྐྱེན་ལ་བལྟས་ན་ཁྱིམ་འདིར་ཤིན་ཏུ་གདུགས་པའི་འདྲེའམ་གདོན་གང་རུང་ཞིག་འཁོར་ནས་ཡོད་བཟོ་འདུག

ད་ཁྱོད་སོང་ལ་ལུང་ཕུའི་གསང་ཆེན་དགོན་པར་མཐུ་དང་རྟོག་པ་མཐིལ་དུ་ཕྱིན་པའི་བླ་མ་རིན་དབང་གི་སྐུ་མདུན་དུ་ལེགས་ཉེས་ཅི་འབྱུང་མོ་ལུང་གསུང་རྟགས་ཤིག་བཞུ་བར་སོང་ཞེས་ང་ལ་མངགས། ངས་ཀྱང་ཡ་མཚན་གྱི་རྡོ་རིལ་དེ་གོས་ཆེན་སེར་མདོག་ཅིག་གི་ནང་དུ་བསྒྲིལ་ནས་འཕུར་བ་ལྟར་བླ་མའི་དྲུང་དུ་མོ་ལུང་གསུང་རྟགས་བཞུ་བར་ཕྱིན།

ཁོང་ནས་རྡོ་རིལ་དེར་གང་མཚམས་གཟིགས་རྗེས་དབུགས་རིང་འཕྱུང་བཞིན་་་་དེ་འདྲའི་སྐབས་འཁེལ་དགོས་རྒྱུ་ཨང༌། རྡོ་འདི་ནི་འབྲུག་སྦར་རྡོ་ཞེས་པ་དེ་རེད། དེ་སྲིད་ན་རྙེད་དཀོན་པས་དཀོན་ནོར་དེ་འདྲ་ཁྱིམ་ལ་ཉར་ག་ལ་རུང༌། ད་བར་དུ་ཁྱོད་ཀྱི་ཁྱིམ་ལ་ཆག་སྒོ་གཅིག་མཐུད་ཉིས་རྩེགས་ལྟར་བྱུང་བ་དེ་ཚོ་ཚང་མ་རྡོ་འདིས་ལན་པ་ཡིན། ད་ནི་གང་མྱུར་མཆོད་རྟེན་ཞིག་བཞེངས་རྗེས་རྡོ་འདི་མཆོད་རྟེན་དེའི་ཟུངས་སུ་འཕུལ་ན་ཕྲལ་གྱི་གེག་བར་མ་ལུས་ཞི་བར་ཐེ་ཚོམ་མེད། ཅེས་གསུངས། གཏམ་དེས་ངའི་སྙིང་ཁ་མཚོ་ཐོག་གི་ཤིང་དུམ་བཞིན་ཡུད་ཅིག་ལྷོད་དུ་མི་བཅུག་པར་ཡམ་ཡོམ་དུ་བཀྱག

དེ་ལྟར་ང་རང་བླ་མའི་དྲུང་ནས་ཇི་ལྟར་གྱེས་པའང་མ་ཚོར་བར་ཁྱིམ་དུ་སླེབས། ངའི་ཀླད་ངོར་དྲི་རྟགས་ཆེན་པོ་གཉིས་རེས་མོས་སུ་འཁོར་ཡོང་བ་ནི་ངས་བླ་མའི་བཀའ་བཞིན་འབྲུག་སྦར་རྡོ་དེ་མཆོད་རྟེན་དུ་འཕུལ་ནས་འཆི་རྡོས་ཀྱི་བཟའ་ཟླ་དང་རྨོ་བོའི་མིག་ཤེད་བཅོས་རྒྱུར་གསོལ་བ་འདེབས་དགོས་སམ།ཡང་ན་འབྲུག་སྦར་རྡོ་དེ་བཙོངས་ནས་དེའི་རིན་གྱིས་བཟའ་ཟླ་དང་རྨོ་བོའི་ མིག་ཤེད་བཅོས་དགོས་སམ། གང་ལྟར་གདམས་ལན་མེད་པའི་དྲི་རྟགས་དེ་གཉིས་ནི་གཅིག་ལས་ གཅིག་རྔམས་ཤིང་གཅིག་ལས་གཅིག་རྒོད་པ་ལྟར་ངའི་ཀླད་ཁམས་མཚོ་མོ་བཞིན་དཀྲུག

ངས་མོ་ལུང་གི་ཞུ་འབྲས་ཇི་ལྟ་བ་བཞིན་ཁོ་གཉིས་ལ་འཆད་རྗེས་མི་འདོད་པའི་རྣམ་རྟོག་མང་པོ་རྒྱང་དུ་བཅིལ་ནས་སེམས་ཐག་རྦད་བཅད་ཀྱིས་བསམ་སྐྱིད་་་ཁྱེད་རང་དེ་རིང་གཅིག་པུ་སྡུག་རུས་ཀྱི་ཨམ་གཙིག་བསྡམས་ཤོག་ཨང༌། ང་གཉིས་ཕྱི་ཉིན་སྔ་མོར་རྫོང་ཐོག་ལ་སོང་ནས་ཁྱེད་ཀྱི་སྙུང་གཞི་སྨན་བཅོས་དང་རྨོ་བོའི་མིག་ཤེད་བསྐྱར་བཅོས་བྱས་ཆོག་གི་རེད། ཅེས་ངུ་མ་དགོད་ཀྱིས་སྨྲས་པར་རྨོ་བོས་ངའི་གཏམ་ལ་མི་འདོད་ཀྱི་སྣ་ཤུ་འཐེན་བཞིན།

ད་ནི་ན་རྒས་ཉི་མ་ལ་ཁར་སླེབས་པའི་རྒད་མོ་ང་འདྲ་བར་འཇོན་རྒྱུ་སྤར་རྒྱུ་གང་ཡང་མེད་པས་ད་དུང་བཤགས་བཅོས་བྱེད་པའི་དགོས་པ་མ་མཆིས།ད་རུང་མིག་ཡོད་བཞིན་གཡང་ལ་མཆོངས་ནས་བླ་མའི་བཀའ་བཅག་ན་དེའི་ཉེས་པ་ང་ཡི་འཁུར་མི་ཐུབ་པས་ད་ནི་ཁྱོད་ཀྱིས་བློ་འདོད་བཞིན་གྱིས་ཤིག གང་ལྟར་ང་གསོན་མི་ཡུལ་སྟེང་དུ་སྡོད་ཤུལ་ལ་ལུས་པོར་བཤན་གྲི་མི་གཟེད་ཁོ་ཐག་ཡིན་ཞེས་སྨྲས་བྱུང་བར་ང་རང་རེ་ཞིག་ཅི་ཡང་སྨྲ་མི་ཤེས་པར་ལུས།མཚམས་དེར་ལུས་ཀྱི་ཤ་རིད་ཅིང་ཀེམ་ཀེམ་དུ་ཅེར་བའི་བསམ་སྐྱིད་ཀྱི་འདྲེན་བྱེད་གཉིས་ལས་མིག་ཆུའི་ཐིག་ཕྲེང་ལྷུང་ལྷུང་དུ་བཞུར་གྱིན་ངག་རྡབ་རྡིབ་ཀྱིས་ང་ལ་སྨྲས་རྒྱུར།

སྙིང་བརྩེ་བའི་བུའི་ཨ་ཕ་་་ད་ཁྱེད་རང་བསམ་བློ་མང་པོ་གཏོང་མི་དགོས།   གནའ་བོའི་ཁ་གཏམ་ལ་གླང་མ་ཤི་ན་སྨྱང་མའི་རྒྱུན་མི་ཆད།   ཟེར་སྲོལ་ཡོད་པས་ད་རུང་བླ་མའི་བཀའ་བཅག་ན་མཐར་ངེད་ཚང་འདི་མི་ཤི་ཁྱིམ་སྟོང་ཡོང་རྒྱུར་ཡང་ཅི་ཆ་མེད་པས་དེ་ལས་ཁྱེད་ཀྱིས་བླ་མའི་བཀའ་བཞིན་མཆོད་རྟེན་གཅིག་བཞེངས་ལ་རྡོ་དེ་མཆོད་རྟེན་གྱི་ཟུངས་དུ་འཕུལ་ཤིག   གལ་སྲིད་ངེད་དང་རྨོ་བོ་གཉིས་ཁམས་མི་བདེ་བ་འདྲ་བྱུང་པའི་དབང་དུ་བཏང་ནའང་ཁྱེད་ནས་བུ་འདིར་ཅི་ནས་འཁོར་བའི་སྡུག་ལ་མི་ཚུད་པ་ཞིག་གཉེར་སྐྱོང་བྱེད་རྒྱུ་ནི་ངའི་མཐའ་མཇུག་གི་རེ་བ་དེ་རང་ཡིན།ཞེས་དབུག་ལྷེམ་ལྷེམ་དུ་སྨྲས་བྱུང༌།

མཚན་མོ་དེའི་བསམ་གཞིགས་ནི་དྲི་བ་དེ་ཁོ་ན་གཉིས་ལ་བཅོལ་ཡང་ཕྱི་ཉིན་ནམ་ལངས་སྐབས་ང་ལ་ད་དུང་གདམས་ལན་གང་ཡང་མ་རྙེད། མཐར་ཉི་དྲོས་ཙམ་ལ་ངོ་མ་ཁ་སང་མི་ཕོ་སྟོབས་ཆེན་དེ་སླེབས་བྱུང༌།   ཁོས་རྡོ་དེའི་ སྐོར་སླར་ང་ལ་རྩད་ཅིང་དྲིས་པར་ངས་གང་ནས་བྱུང་ཚུལ་ལྷུག་པོར་བཤད།   ཡིན་ནའང་རྡོ་དེས་ངེད་ཚང་ལ་འཁྱེར་ཡོང་བའི་ཆགས་སྒོ་དེ་ག་ཙམ་ནི་ངས་བརྗོད་ག་ལ་ནུས།   གང་ཡིན་ཟེར་ན་གལ་ཏེ་ངས་དེ་དག་བཤད་པའི་དབང་དུ་བཏང་ན་ཁོ་པ་ཡང་འཇིགས་ཏེ་རྡོ་དེ་ཉོ་མིན་ལ་ང་རང་ཐེ་ཚོམ་ཞིག་སྐྱེས་པས་ཡིན་སྲིད། ཡུད་ཙམ་ནས་མི་ཕོ་སྟོབས་ཆེན་དེས་ང་ལ་གཟབ་ནན་ངང་་་རྡོ་དེ་ང་ལ་་འཚོང་དང༌།   རིན་པ་ག་ཚོད་དགོས་ཀྱང་ངས་སྤྲད་ཆོག ཅེས་ང་ལ་སྨྲས།   ངའི་སེམས་པ་རྦ་ཀློང་ལྟར་འཁྲུགས་ནའང་ངས་ཁ་ཡེ་ནས་མ་གྲགས་པར་བསྡད།

ཁོ་པ་ངང་སྒུག་མི་བཟོད་པར་ང་ལ་ཐད་ཀར་སྨྲས་རྒྱུར་སྒོར་མོ་ཁྲི་ལྔ་བཅུ།   ག་འདྲ་འདུག་ཅེས་སྨྲས་པར་ང་རང་སྔར་བཞིན་གོ་མེད་འཚོར་མེད་དུ་ལུས་པར་ཁོ་པའི་དངུལ་གྱི་གྲངས་འབོར་ཡང་ཁྲི་བརྒྱ་དང།  ཉིས་བརྒྱ་་་སུམ་བརྒྱ་་་་་དེ་ལྟར་ལ་འཕར་འགྲོ་གིན་འདུག   གང་འཚམས་ནས་རྨོ་བོས་བར་མཚམས་མེད་པའི་ངར་སྐད་ཁ་མེད་སྣ་མེད་སྒྲོགས་བཞིན་ཁོ་པ་རེ་ཞིག་བསུན་པར་བྱས་པ་མ་ཚད་ང་ལའང་སྡིག་ནས། ལྟས་ངན་་་་ཆགས་སྒོ་དེ་ག་ཙམ་གཡོས་ནས་ད་དུང་བསམ་ངན་ཅི་ཞིག་དྲན་སོང་ངམ།

གལ་ཏེ་རྡོ་དེ་བཙོངས་ན་དེའི་དངུལ་གྱིས་ཁྱོད་རང་དགའ་པོ་སྐྱིད་པོ་གཏོང་ན་མ་གཏོགས་ང་དང་བསམ་སྐྱིད་གཉིས་ལ་དེའི་དངུལ་སྐར་ལི་ཙམ་མི་དགོས་ཁོ་ཐག་ཡིན། ཞེས་ཚིག་ཐག་ཆོད་པོས་སྨྲས་པར་ང་རང་རེ་ཞིག་ལ་སྒང་གི་ཐོ་ཡོར་བཞིན་ཀེ་རེར་ལུས་་་སྐབས་དེར་ངའི་བསམ་པར་རྨོ་བོ་ནི་བཞུད་ཁའི་ཉི་མ་ལྟར་ཡིན་ལ་ཁོང་ལོ་ན་བགྲེས་པས་འབྱུང་བཞི་དང་དབང་པོའི་བྱེད་ནུས་ཉམས་ཤིང་བྱ་དངོས་ལ་འཛིན་པའི་ལྟ་ཚུལ་ཡང་མཁྲེགས་བཟུང་དང་ཨུ་ཚུགས་ཁོ་ན་ལས་མེད་པས་ངས་ཀྱང་ཡིན་ཅིག་རྨོ་བོའི་ངག་ལ་བརྩི་དགོས་པ་ཡང་མི་འདུག མ་ཟད་ང་རང་གིས་རྡོ་འདི་བཙོངས་པའི་དབང་དུ་བཏང་ནའང་དེ་ནི་ངས་རྨོ་བོའི་མིག་ནད་དང་བཟའ་ཟླའི་སྐྲན་ནད་་་་སྲི་ཐར་གྱི་འགྲོ་འདུག ད་དུང་མ་འོངས་པའི་ཁྱིམ་ཚང་འདིའི་བདེ་སྐྱིད་སོགས་མདོར་ན་མང་པོ་མང་པོ་ཞིག་དངུལ་ལོར་དེས་ཁག་ཐེག་བྱེད་ཐུབ་པས་དོན་དངོས་ཐོག་ངའི་བསམ་གཞིགས་ཡོད་ཚད་ནི་ཁྱིམ་ཚང་འདིའི་ཕྱིར་རང་ཡིན་པ་ཤོད་ག་ལ་དགོས། དེ་ལྟར་རང་གིས་རང་ལ་སྦྱིན་པའི་སེམས་ཤུགས་ཀྱི་ལྕགས་ཚན་དེས་ང་ལ་རང་དབང་མེད་པརའབྲུག་སྦར་རྡོ་དེ་བཙོངས་ཤིག་་་་་བཙོངས་ཤིག་ཅེས་ཨུ་ཚུགས་བྱེད་པ་དང་འདྲ།

ཡིན་ནའང་ང་ལ་དོན་དམ་དུ་རྡོ་དེ་འཚོང་བའི་བློ་ཁོག་དང་སྤོབས་པ་ནི་ཡེ་ནས་མི་འདུག   གང་ཡིན་ཞེས་ན་ངའི་ཁྱིམ་ཆུང་གི་འཁོར་ཡུག་འདིའི་དབང་གིས་ང་ལ་སད་དཀའ་བའི་བག་ཆགས་མང་པོ་མང་པོ་ཞིག་ངའི་ཕྱི་ལྤག་ནས་ནང་རོལ་དང་ཀླད་དཀྱིལ་ནས་རུས་གཏིང་གི་ཆེས་ཟབས་ སར་སིམ་འཛུལ་བྱས་ཟིན་པས་རེད།

དེས་ན་ངས་ཁོ་པར་དགོངས་པ་ཡེ་ནས་མ་འཚོམས་རོགས། ངས་རྗེས་སོར་འཚོང་རྒྱུ་བྱས་ན་ཁྱེད་ལ་ཡིན་ཅིག་ལན་སྤྲད་ཆོག ཅེས་སྨྲས་པར་ཁོ་པ་ཡང་ངའི་རྣམ་འགྱུར་ལ་བལྟ་གིན་ཕྱི་བལྟས་སློག་གིན་དུ་ག་ལེར་ང་དང་གྱེས།

ཉིན་དེའི་ཕྱི་ཉིན་ངས་བློ་གཅིག་ཏུ་བསྒྲིལ།དོན་རྒྱུས་ཐོག་ལ་བཀལ་ནས་སྡེ་པའི་རྡོ་བཟོ་བ་འགའ་གླས། ཡོན་དང་ཟས་ཀྱི་དགོས་མཁོ་སྦྱར་ནས་མཆོད་རྟེན་དེ་བརྩིགས།   སྐབས་དེར་རྨོ་བོའི་གདོང་ལས་རྒྱལ་ཁའི་མཛུམ་མདངས་མངོན་ཤིང༌། ད་ནི་ང་རང་འཆི་ཡང་འཁྲེངས་སེམས་ཀྱི་བར་དོར་ལུས་པ་མི་འདུག ཅེས་ཁེར་ལབ་ཡང་ཡང་སྨྲ།

བྲེལ་ཟིང་དང་སྐྱོ་ཡུས་ཁོ་ནའི་འོག་ཏུ་ངའི་ལོ་གཅིག་གི་དུས་ཚོད་གོ་མེད་འཚོར་མེད་དུ་འདས། ཉིན་ཞིག་གི་ཞོགས་པ་དེ་སྔོན་གྱི་ཚོང་དཔོན་ཆེན་པོ་དེ་སླར་ཡང་ངའི་སྒོ་རྩར་སླེབས། ཁོས་ངའི་གདོང་ལས་གཡོལ་ཏེ་ཁང་པའི་ནང་དུ་སྐེ་ནར་ཙམ་བསྲིངས་ནས་མིག་མྱུལ་ཞིག་བྱེད་པར་བལྟས་ན་ཁོ་ད་རུང་ངའི་རྨོ་བོ་འདས་མོའི་གཏམ་གཅུས་པོར་སྣ་ཚ་གིན་ཡོད་པ་འདྲ། ཡིན་ནའང་དེ་དུས་ངའི་ཁྱིམ་ཆུང་དེ་ཧ་ཅང་ཁ་ཁུ་སིམ་པོ་ཡིན། ཁྱིམ་ཆུང་ནང་སྲི་ཐར་འུ་གཉིས་གཅིག་པུ་ལས་མེད།

ཁོས་ང་ལ་བལྟས་ནས་རྡོ་དེ་འཚོང་རྒྱུ་བྱས་སོང་ངམ་ཟེར།   སྐབས་དེར་ངས་ཁོང་ཁྲོ་ཆེན་པོས་རྡོ་དགོས་ན་ཁྱོད་རང་སྒྲུག་པར་སོང༌། ག་རེའི་འབྲུག་སྦར་རྡོ་་་་་་ངས་བལྟས་ན་ཆག་སྒོ་སྦར་རྡོ་རང་རེད།  ཅེས་སྨྲས་པར་ཁོ་པ་ཡང་ཅང་ལབ་རྒྱུ་མེད་པར་ང་ནི་དྲན་པ་འཆོར་བའི་སྨྱོན་པ་ཞིག་ཏུ་འཁྲུལ་ཞིང་ངོ་གདོང་ཡང་ཐལ་མདོག་ཏུ་འགྱུར་ནས་ངའི་སྒོ་ཁ་ལས་བྲལ།

དེ་ལྟར་ངའི་རྫོགས་རྒྱུ་མེད་པའི་ཕྱིར་དྲན་དེའི་ཁྲོད་དུ་བུ་སྲི་ཐར་གྱིས་ངའི་ལག་པར་ཐག་ཐག་ལ་བཞུས་རྗེས་ཨ་ཕ་་་ད་ང་གཉིས་འགྲོ་་་་ཆར་པ་ཡང་འབབ་གྲབས་འདུག་ཅེས་ང་ལ་རྟིང་སྐུལ་གྱིས་སྨྲས་བྱུང་བར་ད་གཟོད་ང་ལ་དྲན་པ་གསར་པ་ཞིག་རྙེད།

ངས་མཁའ་དབྱིངས་ལ་བལྟ་ཙམ་བྱེད་སྐབས་ད་གིན་འབྲུག་དབྱིབས་ཀྱི་སྤྲིན་ཁམ་ནག་དེ་ཡོངས་སུ་བསེར་བུར་ཐོར་ནས་ཆར་སྤྲིན་ཚོམ་བུར་གྱུར་ཅིང་དེའི་སྲིབ་ལས་ཉི་མ་རབ་རིབ་གཅིག་དང་ཆར་པ་སིམ་སིམ་ཞིག་བབ་ཀྱིན་འདུག་པས་མཐའ་འཁོར་གྱི་སྐྱེ་རྒུ་མ་ལུས་ང་དང་འདྲ་བར་དྲན་པ་གསར་པ་ཞིག་རྙེད་པ་ལྟར་སྔོ་ཐིང་ངེར་་་་ཟིལ་ཁྲུམ་མེར་གནས།

ངས་རྟབ་རྟབ་པོར་ཧར་གྱིས་ལངས་ནས་སྲི་ཐར་གྱི་ལག་པ་ནས་འཇུས་ཏེ་གསང་ཆེན་དགོན་པའི་ ཕྱོགས་སུ་ཤར་རེར་བསྐྱོད་པ་ཡིན།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།