ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་བྱང་སྐར་གྱི་སྒྲུང་ཐུང་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཅོ་བྱང་སྐར།   སྤེལ་དུས། : 2016-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

100871470869632040.jpg

ཅོ་བྱང་སྐར མདོ་སྨད་ཤར་ཅོ་ནེའི་ཆར་གཏོགས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆོས་དཔལ་ཤང་ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས་པ་དང་། སྤྱི་ལོ2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་དུ་ཡོང་ནས་མི་ཚེའི་གདམ་ག་ཐོག་མ་དེ་བཙལ། རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་ད་བར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་མུ་མཐུད་དུ་རྩོམ་རིག་ཐད་ལ་འབད་པ་ལྷུན་ལེན་བྱེད་པའི་འཆར་གཞི་བླ་ལྷག་འདུག


གོ་སྐབས།


རྫོང་ཨུའི་ཧྲུའུ་ཅིའུ་ཉི་མ་ཉིན་འདི་དག་སུན་སྣང་ཞིག་གི་ངང་ལུས་འདུག 

ནོར་སྲིད་ཅུའུ་ཅུའུ་ཀྲང་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཟིན་ལ་ཤ་ཡོད་སར་འབུ་འཁོར་བའི་རང་བཞིན་གྱིས་སྐལ་ལྡན་གྱི་གོ་གནས་དེ་ལ་མི་ཚང་མས་རེ་བ་དང་ཧམ་སེམས་ཟུང་འབྲེལ་གྱིས་མི་གཞན་པ་བརྒྱུད་པ་དང་རང་ཉིད་དངོས་སུ་འགྲོ་བ། གང་ལྟར་ཆང་དང་ཐ་མག་ལ་སོགས་གོང་ཆེན་ཉོ་བ།ཡིག་ཐུམ་དུ་སྒོར་མོ་འཇུག་པ་སོགས་ཉིན་འདི་དག་ལ་ཉི་མ་ཚང་ལ་ཡོང་བའི་མགྲོན་པོ་རྒྱུན་ཆད་མེད་ལ། གནས་ལུགས་ཡོད་པ་དང་ཁ་གཡར་ས་རེ་བཙལ་ནས་ཁ་ཡག་པོ་དང་ངོ་འཛུམ་གྱིས་ལག་སྐྱེས་འབུལ་བཞིན་ཡོད། བསམ་ཡུལ་ལས་འདས་པ་ལ་སྐབས་ལ་ལར་བུད་མེད་མཛེས་མ་སོགས་ཀྱང་ལག་སྐྱེས་སུ་འབྱོར།

འེ།དེང་སྐབས་ཀྱི་ལས་བྱེད་པ་འདི་ཚོའི་སེམས་ལ་ཅི་ཞིག་དྲན་གྱིན་ཡོད་པ་ཧ་མི་གོ་གི།ཉི་མ་ཁོང་གཞུང་ལས་ཁང་དང་ཁྱིམ་སོགས་ནས་འདུག་མ་ཐུབ་པར་ད་ལྟོས་ར།སྲིད་གཞུང་གི་སྣེ་ལེན་མགྲོན་ཁང་དུ་ཁང་བ་ཞིག་གླས་ཏེ་(亮剑)ཅེས་པའི་ལེའུ་ཅན་གྱི་གློག་བརྙན་ཞིག་ལ་བལྟས་ཏེ་ཉི་མ་འཁྱོལ་ཐབས་ངང་ལུས་འདུག

གློག་བརྙན་ལ་བལྟ་བཞིན་བལྟ་བཞིན་གློ་བུར་དུ་ཉི་མའི་མིག་ཟུང་ཇེ་ཆེ་དང་ངོ་ལ་འཛུམ་མདངས་ཤིག་ཐོན་བྱུང་།

ཚོགས་ཐོག་ཏུ། ཉི་མས་བཤད་རྒྱུར། སྐལ་ལྡན་གྱི་གོ་གནས་དེ་སུས་ཀྱང་ཐག་གི་གཅོད་བྱེད་མི་ཐུབ། གྲོང་འཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྟ་རྡོའི་ཤ་ཉེ་ཞིག་ང་ཚོའི་སར་ལས་གནས་སྤར་ནས་ཡོང་རྒྱུ་དང་ཁོའི་ལས་གནས་དེ་རྟ་རྡོས་དངོས་སུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཡོད་པའང་ཁོས་ཤེས་ཡོད་ཅེས་བཤད། ཉི་མས་བཤད་མ་ཚར་གོང་སྐད་མགོ་ཅུང་དམའ་མོས་རྟ་རྡོའི་བཀོད་སྒྲིག་ལ་སུས་ཕོག་ཐུག་གཏོང་ཐུབ་གི་ངས་གཅིག་ལྟ་ཟེར།

ཚང་མས་རྟ་རྡོ་དང་ཁོའི་ཤ་ཉེ་གཉིས་ཀྱི་འབྲེལ་བ་དེ་འདྲ་མི་ལེགས་པ་ཤེས་ཡོད་མོད་འོན་ཀྱང་ད་ཐེངས………….མི་ལ་ལས་ཁོ་གཉིས་འབྲེལ་བ་ཇི་འདྲ་མི་བཟང་རུང་རུས་པ་ཆགས་སོང་རུང་རྩ་བསྒྱུས་ཡིས་སྦྲེལ་ཡོད་པ་སོགས་………….

ཉིན་འགའི་རྗེས་སུ་རྫོང་ཨུ་ནས་བརྡ་སྦྱོར་འབྱོར་ལ་རྟ་རྡོའི་ཤ་ཉེ་ཡིས་ནོར་སྲིད་ཅུས་ཅུའུ་ཀྲང་གི་འགན་འཁུར་ཡོད་པ་ཐག་གིས་བཅད་ཟིན།

ཐེངས་ཤིག། ཉི་མ་ཆང་གིས་བཟི་ཡོད་ལ་མི་འགས་ཁོ་དང་མཉམ་དུ་ཁ་བརྡ་བྱས། ནོར་སྲིད་ཅུས་ཅུའུ་ཀྲང་དེ་དོན་ངོ་མ་ཧྲུའུ་ཅི་རྟ་རྡོའི་བཀའ་ཡིན་ནམ། ཉི་མས་གསལ་ལ་མི་གསལ་བའི་སྒོ་ནས། ཕྰེ། མི་འདི་འདྲ་མང་པོ་ཞིག་གོ་སྐབས་འདིའི་ཆེད་ལ་ཉིན་མཚན་དུས་དྲུག་ལ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས། རྒྱུ་ཤུགས་དང་མི་ཤུགས་སོགས་ཇི་འདྲ་མང་པོ་ཞིག་མ་བཏང་ངམ། གཞན་པའི་ལག་སྐྱེས་སྒོར་མོ་དང་དངོས་པོ་སོགས་བླངས་ཟིན་ལ། ཁ་ངོ་ཡང་སྦྱིན་ཟིན། འོན་ཀྱང་ཚང་མའི་དམིགས་ཡུལ་ནོར་སྲིད་ཅུའུ་ཅུའུ་ཀྲང་གི་གོ་གནས་རེད། ནོར་སྲིད་ཅུའུ་ཅུའུ་ཀྲང་ལ་གོ་གནས་གཅིག་མ་གཏོགས་མེད་པས་སུ་ཞིག་ལའང་ཕོག་ཐུག་བཏང་ན་མི་འགྲིག དེ་བས་ཧྲུའུ་ཅི་རྟ་རྡོའི་ཤ་ཉེ་ལ་སྦྱིན་ན་སུས་ཀྱང་ཁ་གྲག་མི་ཐུབ་ལ། ཧྲུའུ་ཅི་ཡང་དགའ་བ་མ་ཟད་རྗེས་ཕྱོགས་ཐུགས་ཀྱི་ལྟ་སྐྱོང་ཡང་ཡོད་པས་མདའ་གཅིག་གིས་ཤྭ་བོ་གཉིས་གསོད་མ་རེད་དམ། འོན་ཀྱང་འདྲེ་ཕྲུག་དེ་ལ་ཁེ་ཕན་ཆེན་པོ་ཞིག་འཐོབ་སོང་། མགོ་བོ་ཕྱིར་དགྱེས་ནས་ཅུང་ཙམ་བསྡད་རྗེས་འདྲེ་ཕྲུག་དེ་ལ་ཡང་བསམ་པ་བཟང་པོ་ཞིག་ཡོད་དེ་ད་ལོའི་ལོ་གསར་སྐབས་ངེད་ཚང་ལ་ཆེད་དུ་ལོ་སར་གྱི་ལག་སྐྱེས་བསྐྱེལ་ནས་ཡོང་ཐ།


དབྱིངས་སུ་འཕུར་འདོད་པའི་ཞི་ལ་ཁྲ་ཁྲ།


ཁྲ་ཁྲ་ནི་ཞི་ལ་ཞིག་ཡིན།  ཁོ་བོས་ནམ་ཡང་སྦྲ་ནག་གི་སྒེའུ་ཁུང་ནས་ཕྱི་རོལ་ནམ་མཁའི་དབྱིངས་ན་འཕུར་རྩལ་ངོམས་བཞིན་པའི་ཁྲུང་ཁྲུང་དཀར་མོ་ལ་བལྟས་ནས.....

ཁྲ་ཁྲས་རྒྱུན་དུ།  གལ་སྲིད་ང་འཕུར་ཐུབ་པ་བྱུང་ཚེ།  ཨ་སྔོན་མཐོན་པོའི་དབྱིངས་ནས་བདེ་མོའི་ས་གཞིའི་ཁྱོན་ལ་མིག་གིས་ཉུལ་ཉུལ་བྱས་ན་ཅི་འདྲའི་སྣང་བ་སྐྱིད་པ་ལའང་། ཅེས་རང་གིས་རང་ལ་སྨྲས།

ཡིན་རུང་།  རེ་བའི་སྨྱུ་གུ་དེ་ལས་སླ་བོའི་ངང་འབུས་སྲིད་པ་ཞིག་གཏན་ནས་མིན། ལས་དྲང་བ་ཞིག་ལ་ཁྲ་ཁྲ་ལ་གཤིས་བཟང་གི་ཀུན་སྤྱོད་མངའ་ལ་བྱམས་བརྩེ་ཡི་དྲི་ཞིམ་འཐུལ་བའི་བདག་མོ་ཞིག་ཡོད་དེ།   ཁོ་མོ་ནི་ཨ་མ་ཀུན་བཟང་རེད།   ཨ་མ་ཀུན་བཟང་ནི་ཁྲ་ཁྲའི་ཆེས་སྙིང་ཉེ་བའི་གྲོགས་མཆོག་གཅིག་པུ་རེད།

ཁྲ་ཁྲ་ལོ་ཡི་འཁོར་མོ་གྲངས་མེད་ལ་གནས་བཅའ་སའི་སྦྲག་ནག་གྲུ་བཞི་དང་ཨ་མ་ཀུན་བཟང་སོགས་དང་ཁ་བྲལ་ནས་རང་ཉིད་ཀྱི་རྨི་ལམ་གྱི་ཆེད་དུ་མདུན་དུ་ཆས།  ཁོ་བོ་གད་སྙིགས་གིས་ཁེངས་ཤིང་ཁང་རྙིང་མང་སའི་གནས་ཞིག་ཏུ་ཐོན།   གནས་དེ་ན་མེ་ཏོག་ལྡུམ་ར་རྙིང་པོ་ཞིག་ལས་ཅི་ཡང་ལྷག་མི་འདུག   ཁྲ་ཁྲ་ཡི་བློ་ངོར་དགའ་སྤྲོ་ཡི་སྣང་པ་སྐྱེས་རུང་།   དལ་མོའི་ངང་ནས།  ལྷོད་པོའི་སྒོ་ནས།    གནས་འདི་ལྟ་བུ་ཞིག་ལ་འབྱོར།

ཁྱེད་རང་གིས་ཡང་རང་ཉིད་ལ་ཨ་མ་ཀུན་བཟང་ལྟ་བུའི་ལྷད་མེད་གཤིས་བཟང་གི་ཨ་མ་ཞིག་ཡོད་ན་ལོས་འདོད།   ཁོ་མོས་ཁྲ་ཁྲ་རང་ཉིད་ཀྱི་གྲོགས་པོ།   རང་ཉིད་ཀྱི་གཉེན་ཉེ།  ཐ་ན་རང་ཉིད་ཀྱི་བུ་ཕྲུག་ལྟར་བདག་སྐྱོང་བྱས།  ཨ་མ་ཀུན་བཟང་གི་བྱམས་བརྩེ་དེ་ཁྲ་ཁྲ་ཡི་རེ་བ་དང་རྨི་ལམ་དུ་གྱུར།

ཁྲ་ཁྲས་སྒེའུ་ཁུང་ནས་ཁྲུང་ཁྲུང་དཀར་མོའི་འཕུར་རྩལ་ལ་རོལ།  ཁྲུང་ཁྲུང་དཀར་མོའི་འཕུར་རྩལ་ནི་ཁོ་བོའི་རྨི་ལམ་གྱི་བདེན་དཔང་ཡིན།  ད་དུང་གཡང་གཟར་གྱི་ལྡིང་ཁ་ན་གནས་པའི་བརྩེ་དུང་གི་ཡིག་སྒམ་དང་།  རང་དབང་གིས་འཕུར་བཞིན་པའི་གཤོག་བྱ།  སྤྲིན་གསེབ་ན་རེས་ཡོད་རེས་ཡོད་མེད་ཀྱི་འདྲི་རྟགས་མང་པོ།  རྒྱལ་ཁམས་བསྐོར་དུ་བྱོན་པའི་སེམས་པ།    བར་སྣང་ན་ཁྱབ་བཞིན་པའི་གླུ་སྐད་སོགས་་་་་་་་

མཐའ་མཇུག   ཁྲ་ཁྲ་ཡིས་མི་བུ་ཀུན་གྱི་མིག་དབང་བར་མེད་དུ་འཕྲོག   སྤྲིན་དཀར་གྱི་བང་རིམ་གསེབ་ན།   འཇའ་ཚོན་གྱི་གུར་ཁྱིམ་འོག་ན།   ཁ་དོག་སྣ་ལྔའི་ལྒང་བུ་ཞིག་གིས་ལྗང་མདོག་གི་སླེ་བོ་ཆུང་ཆུང་ཞིག    དབྱིབས་ལེགས་ལ་ཚད་རན་པའི་སླེ་བོ་ཆུང་ཆུང་ཞིག་ཁྱེར་ནས་ཡོང་བཞིན་འདུག   དབྱིབས་ལེགས་ལ་ཚད་རན་པའི་སླེ་བོ་ཆུང་ཆུང་དེའི་ནང་ན་ཞི་ལ་ཁྲ་ཁྲ་ཞིག་གིས་སྐྲག་སྣང་གི་ངང་ཁྲུང་ཁྲུང་དཀར་མོར་ལག་བརྡ་གཏོང་བཞིན་འདུག......

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།