ཀྲུང་གོ་བོད་ཀྱི་དྲ་བ།

རོ་འཚོལ་མཁན།(ཞར་བཀོད་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་དམར་གྲགས་པ།


ཁ་སང་ཞོགས་པར་བཙན་པོ་གོང་མ་ཞིག་ཡིན་ཟེར་མཁན་གྱི་གནའ་མྱི་ཞིག་པོ་ཏ་ལའི་གཡོན་འགྲམ་ནས་ང་ལ་འཕྲད་བྱུང་།

མུན་པ་ནི་ཁུག་མའི་ཁ་ཐག་པས་མདུད་པ་བཞིན་ངའི་རྨི་ལམ་གྱི་ལྟེབས་ཁུག་ཏུ་འཛུལ་སོང་།སྐར་ཚོཊ་ཀྱི་རྒྱུན་ཐག་ཆད་དེ་ས་ལ་ལྷུང་བའི་སྒྲར་ཉན་བཞིན་ངས་རང་གི་ལག་མགོར་ཐེངས་མང་ལ་བལྟས་པ་ཡིན།དུས་ཚོད་ཆག་པོ་ཞིག་གི་མདའ་རྩེ་ན་གནའ་མྱི་དེ་དགོད་བཞིན་འདུག ངས་རང་གི་གདོང་ལ་ཡང་ཐེངས་མང་བལྟ་དགོས་བྱུང་སོང་། རྟ་བ་འགས་མདའ་མདུང་བཟུང་སྟེ་དམག་ལ་འགྲོ་བཞིན་འདུག རི་རྩེ་ན་མེ་ཏོག་གི་འདབ་མ་གཏོར་མཁན་གྱི་ན་གཞོན་མ་མང་པོ་ཞིག་འཚོགས་འདུག ངོ་ཤེས་པའི་མི་གཅིག་ཀྱང་མི་འདུག གནའ་མྱི་དེས་ངའི་ལག་མགོར་འཇུས་ཏེ་ཁོང་ནི་ག་རེ་ཡིན་པ་འཆད་ཙམ་བྱས་མ་ཐག་རླུང་ཆེན་པོ་ཞིག་གིས་ངའི་ཉེ་འགྲམ་གྱི་མི་རྣམས་ཉི་འོད་ཀྱི་བར་སྟོང་ཞིག་ཏུ་མེ་ཏོག་བཞིན་བཏབ་སོང་།ཉི་འོད་ཀྱི་ཟིལ་བར་དད་པའི་མི་རྣམས་ཀྱིས་རང་རང་གི་སྒོ་ཁར་བཞད་པའི་མེ་ཏོག་གི་ཁ་དོག་ལ་ངོ་མཚང་འབྲུ་བཞིན་རང་རང་གི་ས་ན་བསྡད་འདུག ངས་གནའ་མྱི་དེ་དྲན་བྱུང་། ངས་ད་དུང་གནའ་མྱི་དེའི་མིང་ཤེས་འདོད་པའི་ཨུ་ཚུགས་ཀྱིས་མིག་བཙུམས་ཏེ་མུན་ནག་གི་ངོས་སུ་རྒྱུགས་གང་ཐུབ་བྱས།ངའི་ཉེ་འགྲམ་གྱི་མིས་འུར་ཇི་འདྲ་བརྒྱབ་ཀྱང་ངས་རང་གི་འདོད་པ་ཁོ་ནར་འབད་པ་བྱས་པས་ཁོང་ཚོ་དང་རིང་དུ་ཕྱིན་པ་ཡིན།གློ་བུར་དུ་ང་རྟ་ཕོའི་རྨིག་སྒྲས་བསྣུབས་པའི་ཐང་ཆེན་པོ་ཞིག་ཏུ་འབྱོར་ཞིང་།ང་རང་སྐྲག་སྣང་གིས་ཀླད་པ་སྟོང་བར་གྱུར་བའི་སྐབས་དེར།གནའ་མྱི་དེ་ངའི་རྒྱབ་ལོག་ན་ངུ་བཞིན་འདུག ངས་མགྱོགས་པར་ག་རེ་གནང་སོང་ཞུས་པས།གནའ་མྱི་དེས་ཁོང་གི་དུར་སའི་ནང་གི་རོ་དེ་འཚོལ་བཞིན་ཡོད་ཟེར།

2013.11.25ཉིན་དབུས་སུ་གྲུབ།


གར་མ།


2013.11.26ཉིན་གྱི་ཞོགས་པ་དེར་ཁྭ་ཏའི་སྐད་འབོད་དང་ལྷན་དུ་འུག་པ་ཞིག་ངུས་བྱུང་། ཁྭ་ཏའི་གདོང་ལ་ཁ་བའི་འོད་དཀར་བྱུགས་འདུག ཉིན་མོ་དེ་ཁ་བ་མེད་པའི་དབྱར་གཞུང་གི་དུས་ཤིག་རེད།

ཞོགས་པ་དེར་འུག་པ་དེ་ཉི་འོད་ལ་སྐྲག་སྟེ་ཁུང་བུ་ནག་རོག་གེར་ཞིག་ཡོད་སར་འཛུལ་གང་ཐུབ་བྱེད་བཞིན་འདུག་པས། ལོག་རྟོག་གི་ཆ་གང་མང་ཞིག་ཞོགས་པ་དེའི་ཉི་རྡུལ་ལ་འདྲེས་ནས་མེད་བརླག་ཏུ་འགྲོ་བཞིན་པའི་ཚོར་བ་ཞིག་ཤོག་ལེབ་ལྟ་བུའི་རླུང་བུ་ནག་པོ་ཞིག་གི་ངོས་སུ་ཁྭ་ཏ་དཀར་པོ་དེས་འབྲི་བཞིན་འདུག ཁྭ་ཏ་དེས་འུག་པ་དེར་གར་འཁྲབ་བཞིན་པའི་ལེ་ཚན་དེར་བལྟ་མཁན་ག་ཚོད་ཅིག་ཡོད་པ་གྲངས་ཀྱིས་མི་ལོངས།དཀར་པོ་ལས་གཞན་པའི་ཁ་དོག་ལ་དད་མཁན་གྱི་འབུ་མ་བུ་གཉིས་བརྙན་འཕྲིན་གྱི་འཆར་ངོས་ནས་སར་ལྷུང་ན་ཡང་།ད་དུང་ལག་པར་ཐོགས་པའི་ཡོལ་རས་ལེབ་མོ་དེ་དགུང་ལ་བསྒྲེངས་ཏེ་ས་ཐག་རིང་ས་ཞིག་ལ་འགྲོ་བའི་མེ་འཁོར་གྱི་པ་སེ་ཉོ་བཞིན་འདུག་མོད། འོན་ཀྱང་ཤོག་བྱའི་སྟེང་དུ་སྡོད་པའི་གར་མ་ཞིག་གིས་རང་གིས་ནུས་ཚོད་ཀྱིས་ཁྭ་ཏའི་གཤོག་པའི་ཆ་ཡོངས་རྫོགས་ལ་མིང་འདོགས་བཞིན་འོད་ཀྱིས་གཏོར་བའི་ཆུ་ཐིགས་ཆུང་ཆུང་དག་རང་གི་འདོད་མོས་བཞིན་སྐྲ་ལོར་མཛེས་རྒྱན་སྤྲས་ཏེ་མི་རྣམས་ལ་བཤད་རྒྱུར།ང་རང་གར་མ་ཞིག་མིན།གར་མ་ཞིག་ཡིན་པའི་དབང་དུ་བཏང་ན།ང་རང་གར་མ་ཡག་པོ་ཞིག་ཡིན་ཟེར་བཞིན་འདུག

མཆོད་མར་རྒྱ་མ་གང་ཙམ་ཁྱེར་བའི་བགྲེས་སོང་ཞིག་གིས་གནམ་ལ་བལྟ་བཞིན་གར་མ་གན་ནི་དད་པ་བྱེད་ཤེས་མཁན་ཞིག་ཡིན་ནམ་ཟེར།དེ་དུས་འུག་པ་དེས་ལག་ལ་མེ་ཏོག་སྤར་མོ་གང་བཟུང་ནས་ང་རང་དད་པ་བྱེད་མཁན་གྱི་མི་ཞིག་ཡིན་ནམ་ཟེར།

2013.11.16ཉིན་དབུས་སུ་གྲུབ།


ཨ་བྲ།


གླག་རྒོད་ཀྱི་གཤོག་སྒྲ་ཐོས་མ་ཐག་མུན་ནག་གི་ཁུང་བུའི་ནང་དུ་འདུར་རྒྱུགས་བཏང་འགྲོ་བའི་སེམས་ཅན་ཞིག་གི་མིང་ལ་ཨ་བྲར་འབོད་དོ།།

སྤང་ཐང་ནི་ཁོང་གི་མངའ་ཐང་དུ་འདོད་ཡོད་ལ།རྩྭ་ཟིལ་དང་རླུང་བུ་ཡང་ཁོང་གི་ཚེ་གྲོགས་སུ་འདོད་ཡོད།ཉི་མ་དེར་སེམས་ཅན་གཞན་ཞིག་སྤང་ཐང་ནས་འགུལ་ཙམ་བྱས་པས་ཁོང་གིས་གླག་རྒོད་ཀྱི་གཤོག་པའི་གྲིབ་མར་གཡོལ་ཙམ་བྱས་སོང་།གླག་རྒོད་འཕུར་ཙམ་གྱིས་ཁོང་ལ་དབང་བའི་ས་ཆ་ནི་ཁེར་ལམ་ཆུང་ཆུང་ཞིག་སྟེ་རང་ཉིད་ལས་གཞན་མི་ཐར་བའི་ཁོང་གི་གཟུགས་གཞི་ལྟ་བུའི་ལམ་ཕྲན་ཆུང་ཆུང་ཞིག་ཡོད།འོན་ཀྱང་ལོ་གཅིག་གི་དུས་ཚིགས་རིགས་ཤིག་ལ་ཁོང་གིས་སྤང་རྩྭ་སྣ་ཚོགས་ཁམ་གྱིས་གསོག་སྟེ་རང་གི་མཛོད་ཁང་ལྟ་བུའི་ས་འོག་གི་རྨི་ལམ་ལ་རོལ་བར་ཧ་ཅང་དགའ།རྩི་ཤིང་གི་དྲི་མ་དང་མེ་ཏོག་གི་འདབ་ལོ་རྒྱས་དུས་སུ་ཁོང་ཡང་ས་ཐོག་ཏུ་བུད་དེ་རང་གི་རྐང་ལམ་ཆུང་ཆུང་དེ་བསྐྲུན་འགོ་བརྩམས་ལ།དེ་ནི་རྩྭ་ཤིང་སྟུག་ས་ཞིག་དང་སྤང་སྔོ་ས་ཞིག་གདམ་སྟེ་རང་ལ་ས་ཁྲ་ཆུང་ཆུང་ཞིག་འབྲི་རྒྱུ་དེ་རེད།དེ་བཞིན་འདིའང་སེམས་ཅན་རིགས་ཤིག་གི་ནུས་པ་དང་རང་གི་ཚོད་ཀྱིས་ཁེ་དབང་འཛིན་ཚུལ་ཙམ་ཞིག་རེད། ལོ་ལེགས་བྱུང་དུས་གླག་རྒོད་ཀྱི་གཤོག་རྩལ་ལ་འགྲན་ཙམ་བྱེད་རྒྱུར་དགའ་བ་དང་།ཚེ་སྲོག་ཆུང་ཆུང་དེ་ལ་དེ་ཙམ་གྱིས་དད་པ་མེད་ཚུལ་བསྟན་ན་ཡང་རང་གི་ཉེ་འཁོར་གྱི་སེམས་ཅན་གང་ཞིག་ལའང་ས་རྩོད་ཅུང་ཙམ་རེ་བྱེད་རྒྱུ་ནི་ཁོང་གི་ནམ་རྒྱུན་གྱི་རང་གཤིས་ཡིན།དགུན་གཞུང་གི་ཁ་བའི་མྱ་ངན་ལ་ནམ་ཡང་མགོ་བོ་སྒུར་རྒྱུ་ནི་ཁོང་གི་ལས་དབང་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཁོང་ལ་ལ་རྒྱ་དང་ངོ་ཚ་ཟེར་བའི་མིང་བརྡར་རྒྱུས་ལོན་རྩ་བ་ནས་མེད།ད་ལོར་ཨ་མས་གཏམ་རྒྱུད་འདི་རང་བྱུང་ཁོར་ཡུག་དང་ཆོས་ཉིད་ལས་མ་འདས་ཅེས་གསུངས་པས།ངས་སེམས་ཅན་འདིའི་རིགས་ལ་ཉམ་ཆུང་གི་གཤིས་ཙམ་ཡོད་པ་ལས་ས་གཞི་རིལ་མོ་འདི་གཏོར་བརླག་ཏུ་གཏོང་མཁན་ལ་འདི་ལྟ་བུའི་སེམས་ཅན་གཞན་མ་མཆིས་པ་ཧ་གོ་སོང་པས་ཁོང་ལ་ཞེད་སྣང་དང་རྔ་མ་མེད་པ་ཚོར་བྱུང་ངོ་།།

2013.11.28ཉིན་དབུས་སུ་གྲུབ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།