རྩེད་ཆས། (སྒྲུང་ཐུང་།)

བོན་སྐོར་དོན་གྲུབ་ཚེ་རིང་།


ཁོའི་མིང་ལ་རྩེད་ཆས་ཟེར།

རྣམ་ཀུན་ཐོག་ཁང་མཐོན་པོའི་མདུན་གྱི་ཐང་ཆེན་འདིར་ཉི་འོད་འཕྲོ་འོང་དུས། ཁོའི་སེམས་ལ་མུན་པ་གཏིབ་ཀྱི་ཡོད།

ཁོ་ནི་ད་ལྟ་གྲོང་ཁྱེར་གྱི་ཐོག་ཁང་མཐོན་པོའི་མདུན་གྱི་ཐང་ཆེན་འདིར་འགྱིག་ཤོག་ཅིག་གི་ལྟེབ་ཁུད་དུ་བཤམས་ཡོད། ཁུག་སྣ་གཏིབ་པའི་གྲོང་ཁྱེར་འདིར། ཕྱི་ཡི་རི་མོ་མཛེས་ཤིང་ལྟ་ན་སྡུག་པའི་ཁྲ་ཁྲ་རིག་རིག་གི་རྩེད་ཆས་ཤིན་ཏུ་མང་། ཐོག་ཁང་མཐོན་པོ་དེའི་ནང་དུ་ལུས་པོ་ཚོན་པོ་ཆགས་པའི་སྦྱིན་བདག་དེས་མཐའ་སྒྲོམ་གློག་ཏོག་གིས་བརྒྱན་པའི་ཤེལ་སྒམ་དུ་བཤམས་པའི་གསེར་གྱི་སྟག་སེང་དང་། དངུལ་གྱི་དོམ་དྲེད། རྡོ་ཆས་ཀྱི་འདོགས་ཆ་སོགས་རྩེད་ཆས་དེ་དག་དང་། གྲོང་ཁྱེར་གྱི་མཁའ་དབྱིངས་སུ་རླུང་གིས་ཁ་ལོ་བསྒྱུར་བའི་ཤོག་བུའི་རྩེད་ཆས། ཐོག་ཁང་མཐོན་པའི་མདུན་གྱི་ཐང་ཆེན་དུ་བཤམས་པའི་འགྱིག་ཤོག་གི་ལྟེབ་ཁུད་དུ་བཤམས་པའི་ཁོ་སྟེ། ཁོ་དང་འདྲ་བའི་རྩེད་ཆས་མང་པོས་གྲོང་ཁྱེར་ཞེས་པའི་རབ་རིབ་བན་བུན་གྱི་ས་ཚིགས་འདིར་འཚང་ཁ་རྒྱག་གིན་ཡོད།

གྲོང་ཁྱེར་གྱི་དཀྱིལ་དབུས་ཐང་ཆེན་དུ་སླེབས་ཚེ། གྲོང་ཁྱེར་གྱི་མཐའ་འཁོར་དུ་མཐོ་དམའ་མི་སྙོམས་པའི་རི་བོ་འགའ་གཡས་བསྟར་གཡོན་བསྟར་བྱས་ཡོད་པ་མཐོང་ཐུབ། དེའི་དུས། རི་བོ་དེ་དག་ནི་སྤྱང་ཀིའི་མཆེ་བ་ཞིག་དང་འདྲ་བར་སྙམ་སྲིད། དཀྱིལ་དབུས་ཐང་ཆེན་གྱི་འདུག་སྟེགས་རིང་པོ་དེའི་སྟེང་དུ་མི་སྡོད་པར་ལུས་པོ་ཀྲོང་ངེར་བསྡད་དེ་ནུབ་ཕྱོགས་སུ་བལྟས་ཚེ། ནུབ་ཀྱི་རི་བོ་དམའ་མོ་དེའི་ཉག་ག་ལས་ཕ་རོལ་ཏུ་བར་ཐག་གིས་སྤྱུགས་པའི་ཞིང་གྲོང་གི་སྡེ་བ་ཆུང་ཆུང་ཞིག་ཡོད་པ་གསལ་བོར་མཐོང་ཐུབ།

ཁོ་ནི་རྫས་སྣ་ཚོགས་ཀྱིས་གྲུབ་པའི་རྩེད་ཆས་ཤིག་ཡིན་སྟེ། དོན་སྙིང་ངེས་ཅན་ཞིག་ནས་བཤད་ན། ཁོ་ནི་མི་དང་འབྲེལ་བ་ཅི་ཡང་མེད་པ་འདྲ་བའི་རྩེད་ཆས་ཤིག་ཡིན། ཁོས་རྣམ་ཀུན་རང་གི་ཕྱི་ཡི་ཁྲ་ཁྲ་རིག་རིག་གི་ཡོན་ཏན་དེས་ཁྲོམ་གྱི་ལམ་པ་དག་གི་ཡིད་དབང་འགུག་དགོས་ཀྱི་ཡོད།

ཁོས་རང་གི་མིང་ལ་རྩེད་ཆས་ཞེས་འབོད་པ་ཤེས་ནའང་། དོན་ངོ་མར་རང་ཉིད་དངོས་པོ་ཅི་ཞིག་ཡིན་པ་གཏན་ནས་ཤེས་ཀྱི་མེད།འོན་ཏེ། ཀུན་གྱིས་གསལ་བོར་ཤེས་ཀྱང་སྲིད། ཟླ་འགའི་སྔོན་ལ། ཁོ་རང་རྩེད་ཆས་ལེགས་པོ་ཞིག་རེད་ཟེར་ནས་སྦྱིན་བདག་ཁ་ནག་དེས་རིའི་ཕ་རོལ་གྱི་ཞིང་གྲོང་གི་སྡེ་བ་ཆུང་ཆུང་དེ་ནས་ཤོག་སྒོར་གྱིས་བླུས་ཏེ་ཐོན་ཞིང་། རྩེད་ཆས་མང་སའི་གྲོང་ཁྱེར་གྱི་གླུ་གར་ཁང་དེའི་སྒོའི་ནང་ལོགས་སུ་ཡོད། ཁོ་སྒོ་འགྲམ་དེ་རུ་ཡོད་དུས། ཁོས་གླུ་གར་ཁང་དེའི་སྒོ་ཁ་ནས་སྦྱིན་བདག་ཅིག་གི་རྩེད་ཆས་སུ་གྱུར་པའི་རྐང་པ་དང་ལག་པ། ཁ་དང་མིག རྣ་བ་དང་སྣ་སོགས་ཁྱད་མཚར་བའི་དངོས་པོ་མང་པོ་ཞིག་ལ་རང་གི་ཕྱི་ཡི་ཁྲ་ཁྲ་རིག་རིག་གི་ཡོན་ཏན་དེས་ཞབས་ཞུ་བསྒྲུབས་མྱོང་བ་རེད། འོན་ཏེ། ཟླ་འགའི་རྗེས་སུ། ཁོ་གླུ་གར་ཁང་དེ་དང་གྱེས་ནས་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་ཤིག་གི་སྒོ་འགྲམ་དུ་སྡོད་དགོས་བྱུང་སོང་། དེ་ནས་སླར་ཡང་ཟླ་འགའི་རྗེས་སུ། ཁོ་རང་ཐོག་ཁང་མཐོན་པོའི་མདུན་གྱི་ཐང་ཆེན་འདིར་བཤམས་པ་རེད།


ཉིན་འགའི་སྔོན་ལ།སྐྲ་ལོ་རིང་བའི་གསར་བུ་དེ་ཚ་གདུག་ཆེ་བའི་ཉི་འོག་ཁྱིམ་ནས་སྲང་ལམ་དུ་ཐོན་ཞིང་། ཁྱིམ་ནས་ཡོང་ཁའི་ཆུང་མའི་ངོ་མདངས་རྫིག་པོ་དེ་སེམས་ལ་བརྣགས་ནས་ཐོན། ཁོའི་ཟ་འགྲམ་དུ་རྔུལ་ནག་འཛར་གྱི་ཡོད་ནའང་།ཁོས་ནུབ་ལྭ་སྔོན་པོ་དེ་ཉིས་ལྟེབ་ཀྱིས་གྲུ་ཁུག་ཏུ་བསྣམས་ནས་རྩེད་ཆས་ཚོང་ཁང་མང་པོ་ཞིག་ཏུ་འཛུལ། དེ་ནི་ཁོས་རང་གི་མཛའ་ན་མོར་རྩེད་ཆས་ཤིག་ཉོ་བའི་ཆེད་དུའོ།། ཁོའི་མཛའ་ན་མོ་དེ་རྩེད་ཆས་

ལ་ཤིན་ཏུ་དགའ་བོ་ཡོད་དེ། ཡིད་ཀྱི་དགའ་སྐྱོ་ཆགས་སྡང་བསྟིམས་སའི་མཛའ་བོ་ལས་ཀྱང་དགའ་བོ་ཡོད་ཅིང་། མོས་འགྱིག་དང་རས་ཀྱིས་བཟོས་པའི་་རྩེད་ཆས་དེ་དག་དམིགས་བསལ་གྱི་སྙིང་གཏམ་ཡང་མང་པོ་བཤད་ཀྱི་ཡོད།

མཇུག་མཐར།གསར་བུ་དེས་ཚོང་ཁང་ཞིག་ནས་རྒྱུ་རས་ཁྲའི་བཏགས་པའི་ཁྱི་གུ་ཞིག་ཉོས་ཏེ་སྲང་ལམ་དུ་ཐོན།སྐབས་ལ་ལར། ཁོའི་མཛའ་མོས་འགྱིག་གི་ཁྱི་གུ་ཞིག་ཡོད་པར་རེ་སྨོན་བྱེད་ཀྱི་ཡོད། མོས་འགྱིག་གི་ཁྱི་གུ་དེ་མི་ཞིག་གི་ཚད་ནས་འཇོག་པར་ཁོ་ལ་ཡིད་ཆེས་བརྟན་པོ་ཡོད་པས། ཉིན་དེར། ཁོས་འགྱིག་གི་ཁྱི་གུ་དེ་ཉོས་རྗེས། རང་ལ་རྔ་མ་ཞིག་སྐྱེས་མི་འདུག་ཨང་སྙམ་བཞིན་སླར་ཡང་སྲང་ལམ་དོག་པོ་ཞིག་བརྒྱུད་ནས་ཐོག་ཁང་ཐོན་པོ་འདིའི་རྟིང་བར་ཐོན་པ་རེད། དེའི་དུས། ཉི་འོད་ཚ་ལམ་ལམ་གྱིས་འཕྲོས་ཏེ་གྲོང་ཁྱེར་ཧྲིལ་བོ་འུར་འུར་ཟིང་ཟིང་དུ་གྱུར་འདུག འགྱིག་ཤོག་ཁྲ་ཁྲ་ཞིག་གི་ལྟེབ་ཁུད་དུ་རྩེད་ཆས་མང་པོ་བཤམས་འདུག ཁོ་ནི་འགྱིག་ཤོག་ཁྲ་ཁྲ་དེའི་ཆེས་ཟུར་སྣེ་ཞིག་ཏུ་བཞག་ཡོད། ཞོགས་པར། ཁོས་སེམས་ནས་རང་གི་སྦྱིན་བདག་ལ“ང་ལྟེབ་ཀྱི་ཟུར་སྣེ་རུ་མི་འཕེན་རོགས། འགྱིག་ཤོག་གི་ལྟེབ་ཁུད་དུ་བཤམས་པའི་ང་ཚོ་རྩེད་ཆས་ལྟ་བུའི་མི་འདི་ཚོས་ང་ལ་རེག་ཡོང་བར་ང་རང་སུན་པོ་འདུག ”ཅེས་ཡར་ཞུ་བྱས་ཀྱང་།ཀོ་ཐུམ་ནག་པོ་ཅན་གྱི་རྐུབ་སྟེགས་ལ་མགོ་བོའི་ལྟག་ཀོར་བསྙེས་འདུག་པའི་སྦྱིན་བདག་དེས། མདུན་ཅོག་སྟེང་བཞག་འདུག་པའི་ཟངས་དང་གཡང་ཊིའི་ཕྲ་རྒྱན་ཅན་གྱི་ཤྭ་བ་དེའི་རྭ་ལ་བྱིལ་བྱིལ་ཙམ་བཏང་རྗེས། མཛུབ་བར་གྱི་ཐ་མག་གི་མེ་སྟག་ལ་ཅེར་འདུག་པ་ལས་ཅི་ཡང་མི་ཟེར། དེ་ནི་སྦྱིན་བདག་གིས“ ཁྱོད་རྩེད་ཆས་ཤིག་ལ་གདམ་ག་མང་པོ་བྱེད་པའི་དབང་ཆ་མི་འདུག”ཅེས་བཤད་ཀྱི་ཡོད་པ་དང་འདྲ་བས། ཁོ་ལ་ཐབས་བཀོད་ཅི་ཡང་ཡོད་མ་བྱུང་།

སྐྲ་ལོ་རིང་བོའི་གསར་བུ་དེས་ལྟེབ་ཁུད་དུ་བཤམ་པའི་རྩེད་ཆས་ཁྲོད་ཡུན་རིང་བལྟས་རྗེས།“ འདི་ནི་ངའི་མཛའ་མོའི་གདོང་གི་སྐྱི་མོ་སྲུང་བྱེད་དུ་འཚམ་པ་འདྲ།”ཞེས་ལག་པ་ཡ་གཅིག་གིས་ཁོ་ལ་རེག་ཙམ་བྱས། ཁོའི་རྗེས་ཕྱོགས་སུ་ཡོད་པའི་མཆུ་རྩི་དམར་པོ་ཅན་གྱི་བུ་མོ་དེས“འདི་ནི་བདག་གི་འགོ་བར་ལེགས་སྐྱེས་སུ་འོས།”ཟེར་ནས་འཛུམ་དམུལ་དམུལ་ངང་ཁོ་ལ་རེག་ཙམ་བྱེད། ཁོས་མི་དེ་གཉིས་ཀྱིས་དེ་ལྟར་བཤད་པ་ཐོས་དུས།ཟླ་སྔོན་མར་ ཁོས་གླུ་གར་ཁང་དེའི་སྒོ་ཁ་ནས་སྦྱིན་བདག་དེའི་རྩེད་ཆས་སུ་གྱུར་པའི་རྐང་པ་དང་ལག་པ། ཁ་དང་མིག རྣ་བ་དང་སྣ་སོགས་ཁྱད་མཚར་བའི་དངོས་པོ་མང་པོ་ཞིག་ལ་རང་གི་ཕྱི་ཡི་ཁྲ་ཁྲ་རིག་རིག་གི་ཡོན་ཏན་དེས་ཞབས་ཞུ་བསྒྲུབས་མྱོང་བ་དྲན་བྱུང་། མཆུ་རྩི་དམར་པོ་ཅན་གྱི་བུ་མོ་དེའི་རྗེས་སུ་བྱིས་པ་ཞིག་འོང་གིན་འདུག་ལ། བྱིས་པ་དེའི་དྭངས་གཙང་གི་མིག་འོད་དུ་འཆར་བཞིན་ཡོད་པའང་རྩེད་ཆས་ཡིན་པ་ནི་སྨྲ་མི་དགོས། འོན་ཏེ། བྱིས་པ་དེས་ཁོ་ལ་ལྟ་ཙམ་ཡང་བྱས་མ་སོང་། དེ་ལས་ལྡོག་སྟེ། བྱིས་པ་དེ་གོམ་པ་འགའ་མདུན་དུ་སོང་རྗེས། གཡོན་ཕྱོགས་ཀྱི་རྩེད་ཆས་ཚོང་ཁང་ཞིག་ཏུ་ཕྱིན་ཏེ་འགྱིག་གིས་བཟོས་པའི་མི་ཞིག་ཉོས་ནས་ཕྱིན་སོང་། དེར་མ་ཟད། བྱིས་པ་དེས་འགྱིག་གི་བཟོས་པའི་མི་དེར་དངོས་སུ་ཁ་བརྡ་བྱེད་ཀྱི་ཡོད་པའི་ངང་ཚུལ་བཟུང་ནས་སྲང་ལམ་དོག་པོ་ཞིག་ལ་འཛུལ་སོང་། བྱིས་པ་དེ་་སྲང་ལམ་དུ་འཛུལ་ཁར་འགྱིག་གི་མི་དེས་གདོང་ལ་བལྟས་ནས་གད་མོའང་དགོད་ཙམ་བྱེད།


འགྱིག་ཤོག་གི་ཟུར་སྣེ་ཆུང་ཆུང་ཞིག་ཏུ་ཁུ་སིམ་དང་ཁེར་རྐྱང་གིས་འཚོ་བའི་ཁོ་ལའང་རེ་འདུན་དྲག་པོ་ཞིག་ཡོད་དེ།དེ་ནི་རྩེད་ཆས་མཁོ་བའི་བྱིས་པ་དེས་ཁོ་ཁྱེར་ནས་གྲོང་ཁྱེར་གྱི་དཀྱིལ་དབུས་ཐང་ཆེན་དུ་ཐེངས་ཤིག་ལོག་པའི་གོ་སྐབས་འཐོབ་རྒྱུ་དེ་རེད།འོན་ཏེ། བྱིས་པ་དེར་རྩེད་ཆས་ཡིན་པའི་ཁོ་རང་དགོས་མཁོ་བྱུང་མ་སོང་།གལ་སྲིད་བྱིས་པ་དེས་ཐོག་ཁང་མཐོན་པོའི་རྟིང་བར་བཤམས་པའི་ཁོ་རང་བསྣམ་ནས་གྲོང་ཁྱེར་གྱི་དཀྱིལ་དབུས་ཐང་ཆེན་དུ་ཐེངས་ཤིག་བསླེབ་རྒྱུ་བྱུང་ཚེ། ཁོས་ནུབ་ཕྱོགས་ཀྱི་ཉག་ག་དེ་ནས་རྒྱང་རིང་གི་ཞིང་གྲོང་དེར་རྒྱང་ལྟ་ཐེངས་ཤིག་བྱེད་ཆོག་ཨང་། དེ་ནས་ཁོ་རང་གྲོང་ཁྱེར་གྱི་ཐོག་ཁང་མཐོན་པོའི་མདུན་གྱི་ཐང་ཆེན་དེར་བཤམས་པའི་རྩེད་ཆས་ནས་མིའི་ཤ་གཟུགས་སུ་སྤྲུལ་ཏེ་མགོ་དཀྲིས་དམར་པོ་དཀྲིས་པའི་ཞིང་གྲོང་གི་ཚེ་རིང་སྒྲོལ་མའི་གམ་དུ་ཕྱིན་ཆོག་ཨང་།“བདག་གི་སྙིང་ཉེ་བའི་རྩེད་ཆས་ལགས། ཁྱོད་རང་ཞིང་གྲོང་གི་རྩེད་ཆས་ནས་གྲོང་ཁྱེར་གྱི་མི་ཞིག་ཏུ་གྱུར་པས། འཇིག་རྟེན་འདིར་ཐེངས་ཤིག་འོང་བ་ལ་དོན་སྙིང་ཡོད་དམ། ”སྡོང་བོ་ཐར་ཐོར་སྐྱེས་པའི་སྡེ་བའི་དཀྱིལ་གྱི་ས་ཁང་ཆུང་བ་དེ་ནས་མོས་མི་རུ་འདས་ལོག་བརྒྱབ་ཟིན་པའི་གྲོང་ཁྱེར་གྱི་རྩེད་ཆས་ཁོ་ལ་དེ་ལྟར་བཤད་སྲིད། གྲོང་ཁྱེར་གྱི་ཐོག་ཁང་མཐོན་པོ་དེའི་རྟིང་བར་ཉི་འོད་འཕྲོས་ཡོང་བར་ཁོ་རང་སེམས་གཏིང་ནས་དགའ་བོ་མེད།གྲོང་ཁྱེར་གྱི་ཁྱི་ལྡོམ་དེས་ཁོ་རང་འཕྱ་རྩིས་ཀྱི་ལྕེ་དམར་འདོམ་གང་གནར་ཏེ། “འདི་ངའི་ཁ་ཟས་སུ་མི་འཚམ་མམ”ཟེར།དབྱུག་པ་ཞིག་ལ་ཁེན་ཏེ་གྱོལ་མ་ལྡིང་གིས་ཐོན་པའི་སྤྲང་བོ་དེས་ཁོ་རང་བརྐུ་རྩིས་ཀྱི་ལག་པ་རིང་དུ་སྲིང་ནས“འདི་བདག་གི་འཚོ་རྟེན་ལ་མི་འཚམ་མམ”ཟེར། མི་ཚོགས་ཁྲོད་གཅེར་བུར་བུད་པའི་སྨད་འཚོང་མ་དེས་ཁོ་རང་གཞིབ་རྩིས་ཀྱི་མཆུ་ཏོ་འདོང་འདོང་བྱས་ཏེ“བདག་གི་ཚེ་སྲོག་གི་ཁྲག་རྩར་སིམ་པའི་དངུལ་ལོར་དེ་འདི་མིན་ནམ”ཟེར།མིག་ཤེལ་ནག་པོ་རྒྱབ་པའི་མི་དེས་བསམ་གཞིག་ཡུན་རིང་བཏང་མཐར། “ལས་ཁུངས་ལ་དངོས་གནས་གོང་རིམ་གྱི་འགོ་ཁྲིད་བསུ་བའི་མི་ཞིག་མཁོ་བ་མིན་ནམ།”ཟེར།འོན་ཏེ། ཁོ་ལ་སྔར་བཞིན་རེ་བ་ཞིག་ཡོད་དེ། ཁོ་ལ་ལྟ་ཙམ་ཡང་མི་བྱེད་པའི་བྱིས་པ་དེས་ཁོ་རང་བསྣམས་ནས་རླུང་བུ་བསིལ་བསིལ་ལྡང་འོང་བའི་གྲོང་ཁྱེར་གྱི་དཀྱིལ་དབུས་ཐང་ཆེན་དུ་ལན་ཅིག་ཕེབས་རྒྱུ་བྱུང་ན་ཅི་མ་རུང་ཨང་།དེ་ནས་སླར་ཡང་ས་གྱང་སྐྱ་བོའི་གཞིས་ཀ་ནས་མཆེད་པའི་དུ་སྤྲིན་གསེབ་ཀྱི་ཞིང་གྲོང་མཐོང་ཡོང་སྲིད། “རྩེད་ཆས་ལགས། མི་ལོ་འགའི་རྗེས་སུ། འུ་གཉིས་ཀྱིས་ཞིང་གྲོང་གི་ཤིང་ཁང་འདི་ནས་བྱིས་པའི་རྩེད་ཆས་ཀྱི་ཆེ་ཆུང་ལས་མེད་པའི་ཁྱེའུ་སྙིང་རྗེ་ཞིག་བཙའ་རྒྱུ་བྱ། དེ་ནས་་་་་”ཚེ་རིང་སྒྲོལ་མའི་རེ་སྒུག་གི་སྙིང་གཏམ་དེ་ཁོས་སེམས་སུ་ཉར་ནས་ཡུན་རིང་འགོར་ཡོད་དམ། ཞིང་གྲོང་གི་གླུ་གཞས་་་ཞིང་གྲོང་གི་ནས་ཆང་་་ཞིང་གྲོང་གི་པི་ཝང་་་་་ཞིང་གྲོང་གི་གཉེན་སྟོན། ཁོ་རང་གྲོང་ཁྱེར་གྱི་རྩེད་ཆས་ཤིག་ཏུ་གྱུར་ཉིན་ནས་རེ་སྨོན་ཡོད་ཚད་ཀྱང་གྲོང་

ཁྱེར་གྱི་ཐོག་ཁང་མཐོན་པོ་དེའི་རྟིང་བར་བཤམ་ཡོད་པ་ཡིན་ནམ། མིན་ཏེ། ཁོ་ནི་མིང་ལ་རྩེད་ཆས་ཞེས་འབོད་པའི་རྩེད་ཆས་ཤིག་ཡིན། ཁོ་ནི་བྱིས་པར་མི་མཁོ་བའི་རྩེད་ཆས་ཤིག་སྟེ། མིང་ལ་རྩེད་ཆས་ཟེར། དོན་དུའང་རྩེད་ཆས་ཡིན་ནོ།།


༤ 

ཁོས་རེ་སྒུག་གི་མིག་ཟུང་ཆེ་རུ་བགྲད་ནའང་། བྱིས་པ་དེས་ཁོ་ལ་ལྟ་ཙམ་ཡང་མི་བྱེད་པར་འགྱིག་ཤོག་ཁྲ་ཁྲ་དེའི་ཟུར་སྣེ་རླུང་གིས་འཕྱོ་ཙམ་འཕྱོ་ཙམ་བྱེད་པའི་སྟེང་སག་ལྷམ་ཟད་པོ་དེ་སྤོ་ཙམ་བྱས་ནས་ཕྱིན་པའི་རྣམ་པ་དེ་ཡིད་ལ་ཡང་ཡང་འཁོར་ཡོང་། མིག་ཤེལ་ནག་པོ་བརྒྱབ་པའི་མི་དེས་ལག་གི་ཀོ་ཁུག་ལས་ཤོག་སྒོར་འགའ་ཕྱིར་བཏོན་འོང་ཞིང་། དེ་ནས་འགྱིག་ཤོག་གི་སྟོད་དུ་ཤིང་གི་རྐུབ་སྟེགས་སྟེང་སྡོད་པའི་སྦྱིན་བདག་ལ་བལྟས་ཏེ། “ངེད་ལས་ཁུངས་ལ་མི་ཞིག་གི་དགོས་མཁོ་བྱུང་ཡོད”ཟེར་བས། མིང་ལ་རྩེད་ཆས་ཞེས་འབོད་པའི་རྩེད་ཆས་ཁོས་སེམས་ཁོང་གི་རེ་སྨོན་མཐའ་དག་རླུང་ཁའི་ཤོག་སྐྱ་བཞིན་རྒྱང་ལ་དོར་ནས་རང་དབང་མེད་པར་ལྕགས་སྨྱུག་ཅིག་དང་ཤོག་ལྷེ་ཞིག་གི་ཆེ་ཆུང་ལས་མེད་པའི་མི་དེའི་ཕྱི་བཞིན་འབྲང་དགོས་བྱུང་སོང་། ཐོད་ཀའི་སྐྲ་ཉག་འགའ་རླུང་གིས་འཕྱོ་ཙམ་བྱེད་པའི་བྱིས་པ་དེས་ཁོ་ལ་ཕྱིར་མིག་ཙམ་ཡང་བལྟས་མ་བྱུང་། དེ་ལས་ལྡོག་སྟེ།འགྱིག་གིས་བཟོས་པའི་མི་དེ་མཆན་དུ་བཙིར་ནས་སྲང་ལམ་དོག་པོ་དེར་འཛུལ་སོང་།དེའི་དུས། ཐོག་ཁང་མཐོན་པོ་དག་གི་རྟིང་བར་ཕོག་པའི་གྲིབ་གཟུགས་རིང་བོ་དག་གིས་གྲོང་ཁྱེར་འདིའི་མི་ཡོད་ཚད་ཀྱི་སེམས་ཁའི་འཆར་སྒོ་སྣ་ཚོགས་དང་འདྲ་བར་ཐོག་ཁང་མཐོན་པོ་དག་གི་རྟིང་བར་འཚང་ཁ་ཤིག་ཤིག་བྱེད། མིག་ཤེལ་ནག་པོ་གྱོན་པའི་མི་དེས་ཁོ་རང་ལས་ཁུངས་སུ་ཁྱེར་མ་ཡོང་གོང་། མུན་རུབ་འོང་བའི་མཚན་མོ་ཁོ་ནར། ཁོ་རང་གྲོང་ཁྱེར་གྱི་ཐོག་ཁང་མཐོན་པོའི་མདུན་གྱི་ཐང་ཆེན་དུ་བཤམ་མི་དགོས། དེ་བས། ཁོ་རང་ཐོག་ཁང་མཐོན་པོ་དེའི་རྟིང་བར་ཉི་འོད་འཕྲོས་འོང་བར་སེམས་གཏིང་ནས་དགའ་བོ་མེད།ཉི་འོད་ནི་ཁོའི་སྦྱིན་བདག་གི་སྒོར་ཁུག་ཡིན་ཏེ། ཁོ་ནི་གྲོང་ཁྱེར་འདིར་ཉི་འོད་འཕྲོས་པ་དང་ལྷན་དུ་རང་དབང་མེད་པའི་གྲོང་ཁྱེར་གྱི་རྩེད་ཆས་ཤིག་ཡིན། འོན་ཏེ། མིག་ཤེལ་ནག་པོ་གྱོན་པའི་མི་དེས་ཁོ་རང་ལུས་ཁུངས་འདིར་བསུས་རྗེས། མི་དེས་ཐོག་དང་པོར་ཁོ་ལ་མེ་ལོང་གི་མདུན་དུ་ལྟ་དགོས་པའི་སྲོལ་དེ་བསྒྱུར་ཏུ་བཅུག་སོང་། ཉིན་དཀར་ལས་ཀ་དགོས་པའི་སྲོལ་དེ་ཡང་བསྒྱུར་ཏུ་བཅུག་སོང་།

དེ་ནས་བཟུང་། མཚན་གུང་གི་དུས་སུ་ཁོས་རང་གི་ཕྱི་ཡི་ཁྲ་ཁྲ་རིག་རིག་གི་ཡོན་ཏན་དེས་ཀོ་ཁུག་ནག་པོ་བཟུང་བའི་མི་རྣམས་ལ་བསུ་བ་བྱེད་དགོས་ཀྱི་ཡོད་དེ། དེ་ནི་ཁོ་རང་རྩེད་ཆས་ཡིན་པས་སོ།།


༥ 

ཁོ་ནི་ཞོགས་པའི་ཉི་འོད་ས་ཆེན་དུ་འཕྲོས་པ་ནས་རང་དབང་མེད་པའི་གྲོང་ཁྱེར་གྱི་རྩེད་ཆས་ཤིག་ཡིན། འོན་ཏེ། དུས་རབས་ཀྱི་གྲིབ་གཟུགས་མཚན་མོར་ཕོག་རྗེས། ད་ནི་སྨག་མུན་སྟུག་པའི་མཚན་མོར་ཡང་། ཁོས་རང་ཉིད་རྩེད་ཆས་ཤིག་ཡིན་པའི་དན་རྟགས་འཁྲུལ་དུ་འཇུག་མི་རུང་། ཁོ་ནི་རྩེད་ཆས་སོ།། རྒྱུན་པར་འབྲུ་ཞོ་ཟེའུ་གང་བསྣམས་ནས་ལས་ཁུངས་ཤིག་གི་འགོ་གཙོར་མཇལ་ཕྲད་དུ་ཕེབས་འོང་བའི་མི་དེའི་གྲིབ་གཟུགས་ཀྱི་རི་མོ་དེ་ནི། ཁོས་ནམ་ཡང་མཛེས་སྡུག་ལྡན་པའི་འཕྱོར་ལྭ་ཞིག་གམ། ཡང་ན་འཕྱོར་ལྭ་དེའི་ཁུད་དུ་གཅུད་པའི་རྩེད་ཆས་ལེགས་པོ་ཞིག་ལ་ངོས་འཛིན་གྱི་ཡོད་དོ།།

2016 . 7 . 27 ཉིན།

2016ལོའི<<མི་རིགས>>དེབ་བཞི་པའི་སྟེང་བཀོད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།