སེམས་ངལ།

རྡོ་རྗེ་དང་ཐོག་སློབ་ཆེན་གྱི་ལོ་གཉིས་པོ་འགྲིམ་སྐབས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་མ་བྱས།  དེ་ནི་ཁོའི་ལོབས་ཕྱོགས་ཤིག་ཀྱང་ཡིན་ཏེ།   སྔོན་ཆད་བྱིས་པའི་དུས་ཀྱི་སློབ་ཆུང་དང་།  ནར་སོན་དུས་ཀྱི་དམའ་འབྲིང་།  དེ་རྗེས་འགྲིམ་པའི་མཐོ་འབྲིང་སོགས་གང་ཡིན་ཡང་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་ཀྱི་དཔེ་ལྟར་བྱས་ནས་འོང་བ་ཡིན་པས་སློབ་གྲྭ་ཆེན་མོ་ནས་ཀྱང་གློ་བུར་བའི་རིག་ཅིག་སད་རྒྱུ་གང་ཡང་མ་ཡོད་དོ།།  ལྷག་པར་དུ་སློབ་ཆེན་གྱི་ལོ་ངོ་གཉིས་པོར་གཅིག་ནས་ཁོ་རང་གྲོང་ཁྱེར་གྱི་ཟང་ཟིང་གིས་ཡིད་བཀུགས་པ་དང་།   གཉིས་ནས་ས་ཕྱོགས་འདྲ་མིན་ནས་འོང་བའི་སློབ་གླིང་གི་བུ་མོ་འགའ་རེས་ངོ་འཛུམ་གྱི་བསླུ་བྲིད་ལས་འདའ་མ་ཐུབ་པར་སློབ་ཁྲིད་ལ་སྔ་ཆད་གཞུག་ལུས་དང་ཐ་ན་ཉིན་གཉིས་གསུམ་རེར་སློབ་ཁང་དུ་འཛུལ་ཡང་མ་མྱོང་བའི་དུས་ཚོད་ཀྱང་མི་ཉུང་བ་རེ་ཡོད།   དེ་ལྟར་ཟླ་རེར་སྒོར་ཁུག་སྟོང་བར་གྱུར་རག་བར་དུ་རང་སེམས་ནང་དུ་མི་ཁུག་ལ།   སྒོར་མོ་ཟད་རྗེས་ཉལ་ཁང་དུ་བསྟུད་མར་ཉིན་འགའ་རེར་ཉལ་དགོས་ཐུག་འགྲོ།   ད་ལྟ་རྡོ་རྗེ་ཕ་ཡུལ་གྱི་རྫོང་མཁར་ག་གེ་མོ་རུ་དུས་ཐུང་ལས་ཀ་སྟེ་བཀོད་འཇོག་བྱས་ཡོད་མོད་དེ་ནི་ལོ་ངོ་ལྔའི་ལས་ཞུགས་གན་རྒྱ་ཡིན་ཕྱིར་གལ་ཏེ་ལོ་ངོ་ལྔའི་ནང་དུ་ལས་བགོས་གང་རུང་གི་རྒྱུགས་མ་འཕྲོད་ཚེ་ལས་ཁུངས་ནས་འཕུད་རྒྱུ་རེད།

དང་ཐོག་རྡོ་རྗེ་ལས་ཁུངས་དེར་ཐོན་པ་ན་ལས་ཁུངས་ཀྱི་མགོ་ཁྲིད་གཙོས་ལས་གྲོགས་གང་མང་གིས་ཁོ་ལ་དགའ་བསུ་དང་དེང་རབས་སློབ་ཆེན་ནས་ཐོན་པ་ཡིན་པས་ཀུན་གྱིས་གདེང་འཇོག་དང་ཡིད་ཆེས་མཐོ་ཙམ་བཟུང་ནས་བྱེ་བྲག་གི་ལས་ཀའང་དེ་ལུགས་ཀྱིས་སྤྲད་མོད།  འཇིག་རྟེན་ཁ་དཔེར།  རེ་ཆེ་ས་ནས་ཡིད་བཅད་ཅེས་པ་ལྟར་ལས་ཀ་གང་ལ་ཞུགས་ཀྱང་གྲུབ་འབྲས་ཅི་ཡང་མི་ལོན་པ་མ་ཟད་མཚམས་རེར་ལས་ཁུངས་ཀྱི་བྱ་བར་གནོད་སྐྱེལ་བའི་ཚད་དུའང་ལྷུང་འགྲོ། ད་ལོ་ནི་ཁོ་རང་ལས་ཁུངས་དེར་བཀོད་འཇོག་བྱས་ནས་ལོ་ངོ་བཞི་འགོར་ཟིན་ལ།   ལོ་ངོ་དེ་བཞི་ནི་ཁོ་ལ་མཚོན་ན་མི་ཚེའི་གནོན་ཤུགས་ཆེས་ཆེ་བའི་དུས་ཚོད་རེད།   རྒྱུ་མཚན་ནི།  ཁོ་རང་ལས་ཁུངས་དེར་ཐོན་པ་ནས་བཟུང་རང་གི་ནུས་པ་དངོས་སུ་བཀོལ་བའི་དུས་ཚོད་ལ་ཐོན་པ་ཡིན་ལ།   དེ་ནི་སྔོན་ཆད་སློབ་གྲྭ་འགྲིམ་སྐབས་ལྟར་དུས་ལྟར་ལས་ཞུགས་མ་བྱས་ན་ཆོག་པ་ཞིག་མིན་ལ།  ཞུགས་ནས་ཀྱང་སྔོན་གྱི་སློབ་ཐུན་གྱི་སྐབས་ལྟར་ཡ་མ་ཡེང་གིས་བུད་སོང་ན་ག་ལ་ཆོག   རང་མདུན་གྱི་འོས་འགན་དེ་དག་གི་འབྲས་བུ་རྣམས་རེ་རེ་བཞིན་མངོན་འགྱུར་བྱེད་ཐུབ་དགོས་ཕྱིར། ཁོ་ལ་མཚོན་ན་དེ་ནི་རི་རབ་འདེགས་པ་ལས་ཀྱང་ལྕི་བའི་འགན་ཁུར་ཞིག་ཏུ་ཆགས་ཡོད་པས་ད་ལྟ་ཁོའི་ལུས་ཁམས་ཡོངས་སུ་ཉོག་པོར་གྱུར་ནས།  སྔོན་ཆད་ལྟར་རྩེ་རྩེ་དགོད་དགོད་ཀྱི་སྣང་བ་ལྟ་ཞོག  ཕྱིར་ཁྱིམ་དུ་ལོག་ནས་ཁ་ཟས་ཞིམ་པོ་ཞིག་ཟ་བའི་ཡི་ཀའང་ཆད་པར་གྱུར།   ད་དུང་རྡོ་རྗེའི་སེམས་ལ་དེ་ལས་ཀྱང་གནོན་ཤུགས་ཆེན་པོ་ཞིག་ཡོད་པ་ནི།  ཁོ་རང་གི་འབྱུང་འགྱུར་མི་ཚེའི་བགྲོད་ལམ་དང་ཐད་ཀར་འབྲེལ་བའི་ལས་ཀར་རྒྱུགས་སྤྲོད་རྒྱུ་དེ་ཡིན།   ཁོ་རང་ལས་ཁུངས་འདིར་བགོས་ནས་ཟླ་ཁ་ཤས་ཀྱི་རྗེས་ནས་ལོ་རེའི་རྒྱལ་ཁབ་ཀྱི་གཞུང་ཞབས་པར་རྒྱུགས་སྤྲོད་པའི་དུས་ཚོད་དུ་ཐོན་ལ་ཉེ་བས་རྒྱུགས་སྤྲོད་མིང་ཐོ་འགོད་པའི་བརྡ་སྦྱོར་གྱི་ཡི་གེ་དག་རྫོང་མཁར་གྱི་གཞོག་མང་པོ་ན་སྦྱར་ཡོད་ལ།   ཁོ་དང་ན་ཚོད་མཉམ་པའི་ན་གཞོན་མང་པོས་རང་རང་གི་མོས་པ་ལྟར་མིང་ཐོ་འགོད་པའི་འཚང་ཁ་རྒྱག་བཞིན་ཡོད།   རྡོ་རྗེས་ཐེངས་མང་པོར་བརྡ་སྦྱོར་སྟེང་དུ་བལྟས་ནའང་རང་ལ་འོས་འཚམ་གྱི་རྒྱུགས་སྤྲོད་ཡུལ་ཞིག་མ་རྙེད་མོད་མཇུག་མཐར་སྤྱི་བདེའི་ཁོངས་གཏོགས་སུ་སྒོར་ཉིས་བརྒྱ་སྤྲད་དེ་མིང་ཐོ་བཀོད།   དགོང་མོར་ལས་ཀ་གྲོལ་རྗེས་ཁོ་རང་ཁྱིམ་དུ་ལོག་ཏེ་ཉལ་ཁྲིའི་སྟེང་དུ་ཀན་རྐྱལ་དུ་ལོག་ནས་དེ་རིང་གི་མིང་ཐོ་འགོད་ཡུལ་ལ་འདང་བརྒྱབ།  སྐབས་དེར་སྒེའུ་ཁུང་གི་ཕྱི་རོལ་དུ་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་ཡོད་ལ་སྤྱིར་དབྱར་གཞུང་གི་སྦྲང་ཆར་གྱིས་ནི་སའི་གོ་ལའི་སྐྱེ་དངོས་ལ་ཧ་ཅང་སྨན་པའི་དངོས་གྲུབ་གྱི་ནུས་པ་ཐོན་བཞིན་ཡོད་ཅིང་།   དེ་བཞིན་དུ་རང་བྱུང་ཁམས་ན་འཚོ་བའི་སྲོག་ཆགས་དག་ལའང་བདེ་ཚོར་སྣ་ཚོགས་སྟེར་ངེས་པ་ཆོས་ཉིད་དུ་གྲུབ་ཡོད་མོད་།   དོ་ནུབ་རྡོ་རྗེ་ལ་མཚོན་ན་ཆར་བ་བབས་པའི་རྣམ་པ་དེ་ནི་སེམས་པ་སྐྱོ་ཐོག་སྐྱོ་བརྩེགས་ཀྱི་སྣོན་མ་ཤིག་ལས་ཅི་ཡང་མི་འདུག   ཉིན་འདི་འགར་ལས་ཁུངས་སོ་སོའི་ཁོ་ལྟ་བུའི་བཀོད་འཇོག་མི་སྣ་དང་།   ལས་བགོས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་མི་སྣ་སོགས་མི་མང་པོ་ཞིག་བྲེལ་འཚུབ་ཀྱི་ངང་ནས་《གཞུང་ཞབས་པའི་གཞི་རྩའི་ཤེས་བྱ།》དང་།《སྤྱི་པའི་རྨང་གཞིའི་ཤེས་བྱ།》སོགས་གཞུང་ཞབས་པའི་རྒྱུགས་གཞིའི་རྒྱུ་ཆ་འཚོལ་བ་དང་།   རྒྱུགས་སྤྲོད་སྐོར་གྱི་སྐད་ཆས་ཁོར་ཡུག་གི་ལྷིང་འཇགས་ཀྱང་དཀྲོག་པར་བྱེད་པའི་ཚད་དུ་སྐྱེལ་འདུག   ཁོས་ཀྱང་གྲོགས་པོ་རེའི་ལག་ནས་གོང་གི་རྒྱུ་ཆ་འགའ་ཞིག་གཡར་ནས་ཡར་ཀློག་མར་ཀློག་འགའ་བྱས་ཀྱང་།  དཔེ་ཆ་དེ་དག་ནི་ཁོ་ལ་མཚོན་ན་ཆ་རྒྱུས་ཅི་ཡང་མེད་པའི་ཁར་བམ་མཐུག་ལ་ཞེང་ཆེ་བའི་དངོས་པོ་ལྗིད་ཚད་རེ་ཡིན་པས་ན།  བསྐྱར་སྦྱོང་གི་མོས་པ་ཡེ་ནས་མེད་པར་གྱུར།   ཟླ་གཅིག་གི་རྗེས་ནས་རྒྱུགས་སྤྲོད་པའི་དུས་ཚོད་ལ་དངོས་སུ་ཐོན།  རྡོ་རྗེ་རང་ས་གནས་ཀྱི་རྒྱུགས་སྤྲོད་མཁན་གཞན་དག་དང་མཉམ་དུ་ལམ་ཐག་སྤྱི་ལེ་བརྒྱད་བརྒྱ་ལྷག་གི་རླངས་འཁོར་ལ་ཞུགས་ཏེ་ཟི་ལིང་གྲོང་ཁྱེར་དུ་ཐོན།  སྔོན་ཆད་སློབ་ཆེན་འགྲིམ་སྐབས་གྲོང་ཁྱེར་གྱིས་ཁོ་ལ་སྤྲོ་སྣང་འཛད་དུ་མེད་པ་རེ་སྟེར་མྱོང་ཡོད་མོད་དེ་རིང་ནི་ཁོ་ལ་སུན་སྣང་ཡ་ང་བ་ཞིག་ལས་ཅི་ཡང་སྦྱིན་མ་སོང་བས་མགྲོན་ཁང་དུ་སོང་ནས་མགོ་བོ་ཉལ་ཐུལ་གྱིས་བཏུམ་ནས་ལོག་བསྡད།   ཉིན་གཉིས་པར་དངོས་སུ་རྒྱུགས་སྤྲོད་པའི་དུས་ཚོད་ལ་ཐོན་བྱུང་།   རྡོ་རྗེ་མཚན་གང་བོར་གཉིད་སྐྱིད་པོ་ཞིག་གཏན་ནས་མ་ཁུག་པས་ཕྱིར་ཉིན་རྣམ་རིག་ཀྱང་དང་རྒྱུ་མེད་ཁར་སེམས་པ་འཚབ་ཏེ་གཞོག་ནས་སློབ་གྲོགས་འགའ་རེས་འཚམ་འདྲི་བྱས་པའི་སྐད་ཆའང་མི་གོ་བའི་ཚད་དུ་ལྷུང་འདུག    དེ་ལྟར་འཚབ་འཚུབ་ཀྱི་ངང་ནས་རྒྱུགས་ར་རུ་འཛུལ་བ་ན་ཁོ་རང་གྲལ་ཤར་དཀྱིལ་མའི་རིམ་པ་གསུམ་པར་འཁེལ་ཡོད།    ཁོའི་སེམས་སུ་རྐུ་བལྟ་བྱེད་པའི་ས་ལེགས་པོ་ཞིག་ལོན་ཡོད་སྙམ་པ་ལས་གཞན་ཀླད་པའི་ནང་དུ་སྟོང་ལྷང་ངེ་བ་ཞིག་ལས་ཅི་ཡང་མེད།   སྐབས་དེར་རྒྱུགས་རྟོག་པ་གཉིས་དང་སྤྱིའི་ལྟ་རྟོག་པ་གཉིས་སོགས་འཇིགས་འཇིགས་ཀྱི་ངང་ནས་ནང་དུ་འོངས་ཏེ།  དེ་རིང་གི་རྒྱུགས་སྤྲོད་སྐབས་རང་རང་གི་ས་ནས་ནན་ཏན་དང་དྲང་མོར་འབྲི་དགོས་པ་ལས་རྒྱུགས་ར་རུ་ལྟ་རྟོག་བརྙན་ཆས་བཞག་ཡོད་པ་དང་བཤུ་འབྲི་རྐུ་ལྟའི་རིགས་སོགས་བྱེད་པའི་སྣང་ཚུལ་བྱུང་ཚེ་ཐད་ཀར་རྒྱུགས་ཤོག་ལེན་རྒྱུ་ཡིན་པ་སོགས་ཀྱི་སྒྲིག་ལམ་བཙན་པོ་དག་བསྒྲགས་བྱུང་བས།  རྡོ་རྗེའི་སྙིང་ལ་ཚ་བེར་བེར་དུ་གྱུར་དེ་ད་སྔོན་གྱི་རེ་བ་དེའང་རྨང་ནས་བཅོམ་སོང་།   རྒྱུགས་ཤོག་བཀྲམ་སོང་།   རྡོ་རྗེའི་སྙིང་གི་འཕར་ཚད་ཇེ་མགྱོག་ཏུ་གྱུར།  རྒྱུགས་ཤོག་ཐོག་ཏུ་ནན་གྱིས་ཅེར་ནའང་ཁོ་ལ་ཆ་རྒྱུས་ཡོད་པའི་འདྲི་གཞི་ནི་ཧ་ཅང་དཀོན་མོ་ཡིན་པས་རྡོ་རྗེའི་སྐྲ་འདབས་ནས་རྔུལ་ཆུ་འཛུམ་མགོ་བརྩམས།   རྒྱུགས་རྟོག་པ་ཤིན་ཏུ་བཙན་ཕྱིར་ཁོའི་སྟོད་གོས་སོགས་ཀྱི་གློ་ཁུག་ལས་རྐུ་ཤོག་གཅིག་ཀྱང་ལེན་མ་སྤོབས།

བལྟས་བལྟས་རིག་རིག་ལ་དུས་ཚོད་ནི་ཟད་ལ་ཉེ་བ་འདྲ་སྟེ།   རྒྱུགས་ལེན་པ་རེ་གཉིས་ཀྱིས་རྒྱུགས་ཤོག་སྤྲོད་ཀྱིན་འདུག   རྡོ་རྗེ་ལྷག་པར་འཚུབ་ཆ་ལངས་སྟེ་འདྲི་གཞི་དང་མཐུན་མིན་ལ་མ་ལྟོས་པར་ལག་ལ་གང་འོང་གིས་སྟོང་ཆ་དག་བསྐངས་བ་དང་།   གསོལ་འདེབས་རྡལ་རྡོལ་གྱི་ངང་འདེམ་གསེས་དག་དམིགས་པ་མེད་པའི་ཕཊ་སྒྲ་ཞེས་པའི་དཔེ་ལྟར་བྲིས།   དེ་ལྟར་རྡོ་རྗེས་མཇུག་མཐར་ཤུགས་རིང་ཞིག་དང་བཅས་རྒྱུགས་ཤོག་སྤྲད་དེ་སྒོར་བུད་པ་ན།  ར་བ་དེ་རུ་རྒྱུགས་སྤྲོད་པ་རྣམས་ཀྱིས་འུར་འུར་ཟང་ཟིང་གིས་རྒྱུགས་ཤོག་གི་ནང་དོན་སྐོར་དང་རང་གིས་ཇི་ལྟར་བྲིས་པ་སོགས་ཁ་གང་མང་གིས་བཤད་ཀྱིན་ཡོད།   ད་དུང་ངོ་ཤེས་ལ་ལས་སེམས་ཁུར་དང་ཉམས་ཚོད་གང་ཡིན་མི་ཤེས་མོད།  ཁོ་ལ་རྒྱུགས་སྤྲད་པ་ཡག་པོ་ཨེ་བྱུང་།  ཇི་འདྲ་འདུག་སོགས་ཀྱི་དྲི་བ་དག་དྲིས་འོང་ཚེ་ཁོས་ཀྱང་བཙན་ཚུགས་ཀྱིས་ངོ་འཛུམ་རེ་སྟོན་བཞིན།  འབྲིང་ཙམ་འདུག་འབྲིང་ཙམ་འདུག  ཅེས་རང་སེམས་གསོ་ཐབས་དང་ཕ་རོལ་བོ་ལ་ལབ་ལྟ་བུ་ཞིག་ཀྱང་རྒྱག་དགོས་བྱུང་།  རྡོ་རྗེ་དེ་ལྟར་ཉིན་གཉིས་རིང་གི་དངངས་འཚབ་དང་།  རྔུལ་ཆུ།  སེམས་ཕམ། ངོ་ཚ་སོགས་ལུས་སེམས་ངལ་ཞིང་དུབ་པའི་རྒྱུགས་སྤྲོད་ཀྱི་ལས་ཀ་རྫོགས་ཏེ་ཕ་ཡུལ་དུ་ཐོན།  ལས་གྲོགས་དང་ཡུལ་མི་ཚོས་རྒྱུགས་སྤྲད་པ་ཇི་འདྲ་རེད་ཅེས་དྲིས་ཚེ་ཁོས་སེམས་ལ་ཆུ་འཁྱག་ཟོ་བ་གང་བླུགས་པ་དང་མཚུངས་མོད། ཕྱི་ཚུལ་དུ་ཁ་སྔོན་ལྟར།  འབྲིང་ཙམ་འདུག་འབྲིང་ཙམ་འདུག  ཅེས་པའི་ལན་སྟབས་བདེ་རེ་མི་རྒྱག་ཀ་མེད་ཡིན་སོང་། རྒྱུགས་སྤྲོད་མཁན་མང་བོ་ཞིག་གིས་རང་གི་རྒྱུགས་འབྲས་ཅུང་མཐོ་ཙམ་ཨེ་ལོན་གྱི་རེ་བས་རྒྱུགས་འབྲས་བརྡ་སྦྱོར་ཁྱབ་བསྒྲགས་ལ་སྒུག་ཡུན་རིང་བའི་ཚོར་བ་སྐྱེ་བཞིན་ཡོད་མོད། རྡོ་རྗེ་དེ་ལས་ལྡོག་སྟེ་རྒྱུགས་འབྲས་ཁྱབ་བསྒྲགས་ལས་རང་ཉིད་ཀྱི་དེ་ཉིད་ཕྱིར་བསྟན་བཞག་ཡོད་སྙམ་ནས་སེམས་ཁུར་ཆེན་པོས་ཉིན་མཚན་འདའ་བཞིན་གདའ།

གཟའ་འཁོར་བཞིའི་རྗེས་ནས་ཡིག་རྒྱུགས་ཀྱི་སྐར་གྲངས་བརྡ་སྦྱོར་དེ་རྫོང་མཁར་གྱི་སྤྱི་བསྒྲགས་སྦྱར་སྒྲོམ་འགའི་ངོས་སུ་སྦྱར་འདུག་པ་ཐོས་པ་ན་རྡོ་རྗེ་སེམས་ནས་འཚུབ་ཆ་ཆེན་པོ་ལངས་ཏེ་ལྐོག་ཏུ།  ཆེས་མཐའ་མ་མིན་པར་ཤོག  ཆེས་མཐའ་མ་མིན་པར་ཤོག  ཅེས་རང་དབང་མེད་པར་ཤོར། ལས་གྲོལ་བྱས་རྗེས་ཁོ་རང་སྐར་གྲངས་ལ་དངོས་སུ་བལྟ་རུ་འགྲོ་མ་ཕོད་མོད་རྒྱང་ཙམ་ནས་བལྟས་ནའང་ཤེས་སླ་སྟེ། སྤྱི་བསྒྲགས་སྦྱར་སྒྲོམ་གྱི་མཐའ་སྐོར་དུ་མི་ཚོགས་ཀྱིས་རུབ་ནས་ལམ་ཡང་ཤོང་གིན་མི་འདུག  དེ་རུ་རྒྱུགས་སྤྲོད་མཁན་དངོས་དང་། དེ་དག་གི་ཁྱིམ་མི།  གཉེན་ཉེ། གྲོགས་པོ། ད་དུང་འབྲེལ་མེད་ཀྱི་མི་སོགས་ཧ་ཅང་མང་པོ་ཞིག་ཡོད། ས་རུབ་མ་ཐག་རྡོ་རྗེས་ལག་གློག་ཆུང་ཆུང་ཞིག་དང་སྣུམ་སྙུག་ཅིག་བཟུང་ནས་སྤྱི་བསྒྲགས་སྦྱར་སྒྲོམ་རེ་རེའི་འགྲམ་དུ་སོང་ནས་རང་གི་མིང་བསུབ།  མ་གཞི་ཁོ་རང་མཇུག་ནས་ཡར་བརྩིས་པའི་གསུམ་པ་ཡིན་པས་སེམས་སུ།  ཨ་ཡ་མཚན་རང་གི་ཞན་རེའང་ཡོད་སྲིད་སོང་།  སྙམ་ནས་ཁེར་དགོད་ཅིག་ཤོར།  རྡོ་རྗེས་ཐེངས་འདིར་རྒྱུགས་མ་འཕྲོད་པའི་མི་ཚད་ངོ་ཚ་ཞིག་ཀྱང་ཉོས་སོང་བས་རང་གིས་སྔོན་ཆད་སློབ་གྲྭ་འགྲིམ་སྐབས་ཀྱི་བྱ་སྤྱོད་དག་ལ་འགྱོད་སེམས་དྲག་པོ་དང་ཁོངས་ཁྲོའང་ལངས།  དེ་རྗེས་ཉིན་ཁ་ཤས་ཀྱི་རྗེས་ནས་ཐེངས་འདིར་རྒྱུགས་མ་འཕྲོད་པའི་གསར་བུ་གསར་མོ་འགའ་མཉམ་དུ་ཟ་ཁང་ཞིག་ཏུ་འཛོམས་ཏེ་སློབ་གྲོགས་ཅིག་ཅིག་གི་གཉེན་ཉེ་མགོ་ཁྲིད་ཅིག་ཡིན་པས་རོགས་བྱས་པ་ཡིན་ངེས་དང་། སློབ་གྲོགས་མིག་མིག་ཚང་ཕྱུག་པོ་ཡིན་པས་ལྐོག་བརྔན་སྦྱིན་པ་ཡིན་ངེས་སོགས་ཁ་བརྡ་གློད་ཀྱིན་ཡོད་ལ།  ལ་ལས་རང་སེམས་རང་གིས་གསོ་བྱེད་དང་ལ་ལས་དངོས་གནས་དེ་འདྲ་བྱས་སོང་བ་ཨེ་ཡིན་ནམ་སྙམ་ནས་སེམས་ངན་ཡང་འཆང་གིན་ཡོད་པ་རེད། རྡོ་རྗེ་ལ་སྤྱིར་མི་གཤིས་ཡག་པོ་མེད་ཁར་ལས་གྲོགས་སོགས་ཀྱིས་ཁོའི་དོན་དངོས་ཀྱི་གནས་ཚུལ་ཏེ།  རིག་གནས་ཀྱི་ཆུ་ཚད་དང་བྱ་བའི་ནུས་པ་སོགས་གང་གི་ཐད་ནས་ཀྱང་དེ་འདྲའི་ཡག་པོ་མེད་ཚུལ་ཤེས་པས་དང་།  ལྷག་པར་དུ་ཐེངས་འདིའི་རྒྱུགས་སྤྲོད་འབྲས་བུ་གང་ཅིའི་ཐད་ནས་སྤྱི་ཚོགས་སྟེང་དུ་ཤུགས་རྐྱེན་ཅུང་ངན་ཙམ་བཞག་སོང་བས། ད་ལྟ་ཁོས་བུ་མོ་རེར་ཁ་པར་བཏང་ནའང་རྣམ་འགྱུར་ཞན་ཙམ་ལས་མི་སྟོན་ཙ་ན་ད་ནི་རྡོ་རྗེ་མིག་སྔའི་འཚོ་བ་ལ་ཡིད་རབ་ཏུ་ཆད་དེ་མཚམས་རེར་གྲྭ་བ་བྱེད་པ་ལས་འོས་མི་འདུག་སྙམ་པའི་ཚོར་བའང་ཐེངས་གཅིག་མིན་པར་སྐྱེས་མྱོང་། ད་ལྟ་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདིར་དགུན་གྱི་དུས་ཚིགས་མངོན་གསལ་གྱིས་ཐོན་འདུག་སྟེ། རྫོང་མཁར་གྱི་རྒྱབ་རིའི་ངོས་སུ་དར་ལྕོག་མང་པོ་འཐེན་ཡོད་པ་དག་རླུང་གིས་བར་མེད་དུ་སྐྱོད་ཀྱིན་ཡོད་ཅིང་། སྲང་བར་དུ་རྡུལ་འཚུབ་ཀྱིས་མི་དག་ལ་སུན་པོ་བཟོ་བཞིན་ཡོད། ཡུལ་མི་སྐྱེས་པ་དག་གིས་སྐེ་དཀྲིས་རིང་བོ་རེས་ཁ་ངོ་ཡོངས་སུ་བཏུམས་སྟེ་མིག་མ་གཏོགས་ཅི་ཡང་མི་མཐོང་བའི་རྐུན་མའམ་ཇག་པ་ལྟ་བུ་རེ་བྱས་ནས་འཕྲུལ་རྟ་ལ་ཁ་ལོ་བསྒྱུར་ཏེ་རྡུལ་འཚུབ་དང་མཉམ་དུ་འདྲེས་འགྲོ། རྡོ་རྗེས་འདི་ལྟར་གྲང་ངར་ཆེ་བའི་དགུན་གྱི་དུས་ཚིགས་འགའ་ཞིག་གདོང་གིས་བསུས་ཤིང་། ནང་སེམས་ཀྱི་གྲང་ངར་ནི་དེ་བས་མང་བོ་ཞིག་ལ་གདོང་གཏད་དེ་འོང་བ་ཡིན། དཔེར་ན།  རྡོ་རྗེ་དེ་རྗེས་གཞུང་ཞབས་པའི་རྒྱུགས་ལེན་ཕུད་སྡེ་ཁག་དང་ལས་ཁུངས་སོགས་མི་ཉུང་བ་ཞིག་གི་ལས་མི་བསྡུ་ལེན་ལ་རྒྱུགས་སྤྲད་ནའང་ཚང་མས་ཁོ་ལ་ཡིད་ཆད་དང་།  ངོ་ཚ། དངུལ་གྱོང་སོགས་མི་འདོད་པ་ཁོ་ན་ལས་ཅི་ཡང་སྦྱིན་མ་སོང་བས་ད་ལྟ་ཁོས་མི་ཚེ་ནི་ཁུར་བོ་ཆེན་པོ་ཞིག་ལས་ཅི་ཡང་མི་འདུག་སྙམ་གྱིན་ཡོད།  ད་ནི་ཁོ་རང་ལས་ཁུངས་དེའི་ལས་ཞུགས་གན་རྒྱའི་ཁ་ཆད་ལ་ཐོན་པར་ཡང་ཉིན་མང་བོ་མི་འདུག་པས་སླ་ངའི་ནང་གི་གྲོག་མ་ལྟ་བུར་གྱུར་ཡོད་འདུག  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།