ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ཡག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་སྐྱིད་སྒྲོལ་མ།[རྨ་ལྷོ]   སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཚེ་ཟད་རྒྱུ་བོ། དམྱལ་བར་སྐྱེ་རྒྱུ་བོ། གྲི་ཁྲག་མཆོད་རྒྱུ་བོ། ངོ་མིག་གིས་མི་རིག་རྒྱུ་བོ། གང་ལྟར་ཀྱང་ངས་དགྲ་ནག་ཁྱོད་དྲན་ཐེངས་རེར་དམོད་མོ་ལུང་བ་གང་འདོན་འདོད་སྐྱེ།

ཁྱོད་དྲན་ནས་ང་ལ་དགོས་པ་ཅི་ཡོད།

ཁ་པར་ནང་དུ་འཕྲིན་ཐུང་འབྱོར་བའི་སྒྲ་ཞིག་གིས་ཁྱོད་དྲན་མཚམས་རེ་ཞིག་ལ་ཆད་སོང་བ་དང་། ཁ་པར་ངོས་ཀྱི་འཕྲིན་ཐུང་དུ་མ་འོངས་པར་མཚོ་སྔོན་རྨ་ལྷོའི་འབྲོག་ཕྱོགས་སུ་ཁ་བ་ཆེན་པོ་འབབ་པའི་ཉེན་བརྡ་བཏང་འདུག

དེ་རིང་ང་སྡོད་སའི་གྲོང་ཁྱེར་དུ་ཆར་བ་ཐེངས་ཤིག་བབས་ནས་ས་གཞི་བརླན་ཞིང་སྡོང་ལོ་ལེབ་མོ་འགའ་ཡང་ས་རུ་ཐོར་ནས་ཡོད།

སྟོན་མཇུག་གི་སྐྱོ་སེམས་ཅི་འདྲ་གཉོམ་ནའང་། རང་ཁ་མི་སོས་རྒྱུའི་མི་ཁྱོད་དང་མཉམ་དུ་འགྲོགས་འདྲིས་བྱས་པའི་ལོ་ཟླ་ལ་ཕྱིར་དྲན་གྱི་སྒོ་མོ་ཆེན་པོ་དབྱེ་དགོས།

ངའི་གཞིས་མལ་གྱི་ཁྱིམ་མཚེས་སུ་གསར་བུ་སྒྱུ་རྩལ་པ་འགའ་ཞིག་བསྡད་དེ་སྒྲ་སྙན་རྡུང་ལེན་སྒྲ་ཐག་ཏུ་འབེབས་བཞིན་ཡོད་པ་འདྲ་བས། མཚན་མོ་རེ་རེར་ང་ལ་ཟིང་ཆ་ཆེན་པོ་བཟོ་བཞིན་ཡོད། ཉོན་དང་། ཧ་ཅང་སུན་པའི་སྒྲ་གདངས་དེ་དག་གིས་ད་ལྟ་ཡང་ངས་ཁྱོད་དྲན་པར་གེགས་བྱས་འདུག་པ་མིན་ནམ།

དོན་དངོས་སུ་ངས་ཁྱོད་དྲན་དགོས་པའི་རྒྱུ་མཚན་ནི་གྲོགས་མོ་ལྷ་ཡག་ལ་ཐུག་ཡོད་དེ། ངས་བསམ་གཞིག་གི་རླབས་ཕྲེང་ཅི་འདྲས་མཐོ་རུ་བཏེགས་ཀྱང་། ཁྱོད་ལ་ཇི་ལྟར་གླེང་དགོས་པའི་ཐབས་ཤེས་ལེགས་པོ་ཆུ་ཐིགས་ཙམ་ཡང་རྙེད་མི་ཐུབ།

“ཡུམ་དུམ་པ”ཞེས་མནའ་ཞིག་བསྐྱལ་རྗེས། ང་ངོ་མས་ཁྱོད་ལ་ཤིན་ཏུ་སྡང་བར་འདོད་ཀྱང་ཅི་ནས་ཀྱང་སྡང་བར་མི་ནུས་པ་འདི་ཅི་བྱུང་བ་ཡིན་ནམ།

མཚམས་འདིར་ཁྱོད་ཀྱིས་ང་ལ་དུ་བ་རྐང་གཅིག་མེ་རུ་བསྒྲོན་དུ་ཆུགས།

དེ་སྔ་ཁྱོད་ནུབ་གླིང་དུ་རྒྱང་བཞུད་བྱས་རྗེས།ང་ལ་ཐ་མག་འཐེན་པའི་སྲོལ་ངན་དེ་ལོབས་སུ་བཅུག་པ་ཡིན། ཐ་མག་གི་དུ་བ་ནི་དྲན་གདུང་གི་ཁ་རླངས་ལང་ལོང་དེ་ཡིན་ནམ། མཚམས་ལན་རེར་ཆང་འཐུངས་ཏེ་ཀི་སྒྲ་མཐོན་པོས་ཁྱོད་ལ་འབོད་སྙིང་ཡང་ཤིན་ཏུ་ཆེ། ཨ་རག་ནི་དྲན་གདུང་གི་ཉིང་ཁུ་ར་བཟི་བ་རྣམས་སྙིང་ལ་ཐིམ་པ་དེ་རེད་དམ།

ད་ནི་ངས་ཁྱོད་ལ་ལྷ་ཡག་གི་དོན་དེ་ཇི་ལྟར་གླེང་དགོས་སམ། གླེང་ཚེ་མཆི་མའི་རྒྱུན་ཁྲོམ་ཁྲོམ་དུ་དབབ་ངེས།

ཁྱོད་ཀྱིས་དོན་འདི་ཤེས་འདོད་ཀྱང་ཆོག་ལ་མི་འདོད་ཀྱང་རུང་། ངས་ངེས་པར་ཁྱོད་ལ་བརྗོད་དགོས།

འོན་ཀྱང་ངའི་ལག་པའི་མཛུབ་བར་གྱི་སྨྱུ་གུ་ལ་བརྩེ་འདང་བྲལ་པ་བཞིན་སྒྱིད་ལུག་གིས་ད་ལྟའི་བར་འབྲི་ཤོག་སྟོང་བར་ལུས་ནས་ཡི་གེའི་རི་མོ་ནག་ཐིག་ཙམ་ཡང་ཕབ་མ་ཐུབ། དེ་ནི་སྐབས་དེའི་ངའི་སེམས་ཁམས་སྟོང་བ་དང་ཅིས་མི་མཚུངས།

གཡེ་བྱེད※རྒྱུ་བོ། ཁྱོད་ད་ལྟ་ངའི་ཉེ་ལོགས་སུ་ཡོད་པའི་དབང་དུ་བཏང་ན། ངས་ཤེད་ཤུགས་གང་ཡོད་ཀྱིས་ཁྱོད་ཀྱི་བྲང་དོང་ནང་ལ་ཁུ་ཚུར་འགའ་གཞུ་འདོད།

ངས་དེ་རིང་གི་ཁང་མིག་སྟོང་བ་རུ་ཁེར་རྐྱང་དུ་ལུས་པའི་མཁའ་དབུགས་ལ་ཁུ་ཚུར་ཕྱར་ཏེ་བལྟས་བསྡད་ཡོད་པ་ནི། ལྷ་ཡག་གིས་ཁྱོད་ཀྱི་གདོང་ལ་དུངས་པ་བརྒྱ་ཕྲག་གི་བརྩེ་བས་ཅེར་འདུག་པ་དང་ཤིན་ཏུ་འདྲ།

ཉོན་དང་། རྡུང་ལེན་པ་དེ་ཚོས་ཡང་བསྐྱར་འུར་སྒྲ་བསྒྲགས་བྱུང་། གྲོགས་པོ་ཞིག་གིས་ང་ལ། དེང་སྐབས་བོད་ཀྱི་ཡུལ་དུ་རྩོམ་པ་པོ་རུ་འགྱུར་བ་ལས་རྡུང་ལེན་པ་ཞིག་ཏུ་གྱུར་ཚེ་ཀུན་གྱིས་གཅེས་ངེས་ཟེར། སྐད་ཆ་དེ་ལ་བདེན་ལུགས་ཡོད་ཀྱང་སྲིད། རྡུང་ལེན་པའི་འདུ་ཚོགས་སུ་སེར་སྐྱ་ཕོ་མོ་མ་བོས་རང་འདུས་ཀྱིས་རུབ་ནས་ཚོགས་ཁང་བཀད་ལ་ཉེ་བར་བཟོ་ངེས་ཤིང་། རྩོམ་རིག་བགྲོ་གླེང་གི་འདུ་ཚོགས་སུ་དགེ་རྒན་དང་སློབ་མ་འགའ་རེ་ལས་བོས་ཀྱང་མི་ཡོང་བའི་གནས་ལ་ཐུག་ཡོད་པ་འདི་ནི། ན་ནིང་དོ་ཚིགས་གྲོང་རྡལ་འདི་རུ་བདག་གིས་དངོས་སུ་མིག་མཐོང་སེམས་མྱོང་བྱས་ཡོད་པའི་དོན་ཞིག་ཡིན།

ངས་ཡང་བསྐྱར་རང་སེམས་ནང་དུ་བཀུགས་ནས་ཁྱོད་དང་ལྷ་ཡག་གི་འདས་དོན་དང་། ད་དུང་དེ་ལས་མང་བ་ཞིག་གླེང་འདོད། འོན་ཀྱང་ངས་ཁྱོད་ལ་མོའི་ད་ལྟའི་གནས་ཚུལ་རྗོད་ཚེ་ཁྱོད་ཤ་འདར་མ་དགོས་སྤུ་འདར་མི་རྒྱག་ཀྱང་སྲིད། གང་ལྟར་ཀྱང་ཡིག་ཐོག་ཏུ་ཕབ་ནས་ཁྱོད་ཀྱི་སྙན་དུ་བསྒྲོན་དགོས། འདི་ནི་ངའི་འོས་འགན་ཡིན། ད་ནི་བློ་ཐག་བཅད་ཟིན། ཡིད་སུན་པའི་སྒྲ་དེ་དག་མི་ཐོས་པར་བྱ་བའི་ཆེད་དུ། ངས་འབོལ་སྟན་གྱི་ཁེན་ས་ཇེ་མཐོར་བཟོས་ནས་རྣ་འབྱོག་གཉིས་ཀྱི་ནང་ལ་མ་མོག་རྡོག་རེ་བརྫངས། སྟངས་སྟབས་དེ་ནི་སློབ་གྲྭ་ཆེན་མོ་པ་ཡིན་པའི་སྐབས་སུ་ཐེངས་ཤིག་ཁྱོད་ལ་རྒྱུ་ལྷག་གི་ནད་བྱུང་ནས་སྨན་ཁང་དུ་སྡོད་དུས། ལྷ་ཡག་གིས་ཁྱོད་ལ་ཆེད་དུ་བཅས་པའི་ཉལ་ས་བདེ་མོ་དེ་དང་གཉིས་སུ་མེད་པར་འདུག  དེ་རེག་བྱ་འཇམ་ལ་སྒལ་ཚིགས་མི་ན་བར་ཤིན་ཏུ་བདེ། ད་ནི་ཁྱིམ་མཚེས་ཀྱི་འུར་སྒྲ་ཏོག་ཙམ་ཡང་མི་ཐོས་པས། ཡི་གེ་འབྲི་མགོ་རྩོམ་པའི་ཆ་རྐྱེན་ཡོངས་སུ་ཚང་བ་མིན་ནམ།

མདུན་ཅོག་སྟེང་གི་ཤེལ་ཕོར་ནང་བླུགས་པའི་ཆུ་འཁྱག་དེས་ང་ལ་བལྟས་ནས་འཕྱ་སྨོད་གཏོང་བཞིན་ཡོད་ཅིང་། ངའི་གདོང་ལའང་ཚ་ལམ་ལམ་གྱི་ཟ་འཕྲུག་ཅིག་ལངས་ནས་སེན་མོས་བྲད་ཙམ་བྱས་རྗེས་སྣང་བ་སྐྱིད་པར་གྱུར།

ཁྱོད་ཀྱི་ཡིད་དབང་ནུབ་ཕྱོགས་རིག་གནས་ཀྱིས་ཕྲོགས་ནས་ལྷ་ཡག་བསྐྱུར་ཏེ་སོང་བ་ནི་བསམ་བློའི་ནོར་འཁྲུལ་ཞིག་ཡིན།

ཨ་ལ་ལ། སྒྲ་སྙན་རྡུང་ལེན་པ་གྲགས་ཅན་དེ་ཚོས་ཡང་བསྐྱར་འུར་སྒྲ་ཆེན་པོ་བསྒྲགས་བྱུང་། ད་ནི་མ་མོག་གིས་ཀྱང་མ་ཁོགས་པར་སྒྲ་རླུང་ཆེ་རུ་བཏང་བའམ།བར་གྱང་ལ་རྡོ་ཡིས་རྡེག་བཞིན་པ་དང་འདྲ་བས། ངོ་མ་སྙིང་ཁྲག་ཁོལ་དུ་བཅུག་འགྲོ།

ཡང་བསྐྱར་ཁ་པར་གྱི་འཕྲིན་ཐུང་ལས་ཅོང་བརྡ་ཞིག་གྲག་བྱུང་། དེ་ནི་གནམ་གཤིས་གནས་ཚུལ་གྱི་སྔོན་བརྡ་ཞིག་སྟེ། རྨ་ལྷོའི་ས་ཁུལ་དུ་ཁངས་ཆར་བབས་ནས་ཉི་མ་འགའི་རིང་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་རྒྱུ་ཡིན་པས། སྡོད་དམངས་ཚོས་གྱོན་ཆས་མཐུག་གོན་བྱ་དགོས་ལ། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཁངས་ཆེན་གྱི་གནོད་པ་སྔོན་འགོག་ལ་གྲ་སྒྲིག་གང་ལེགས་བྱ་དགོས་ཟེར། ང་ཁ་པར་གྱི་སྒྲ་འདི་ལ་ཤིན་ཏུ་སུན་ནས་ཞེ་སྡང་སྐྱེ་བར་བྱེད།

སྒྲ་དེ་དག་གིས་ང་གཉིད་ཁུགས་སུ་མ་བཅུག་ལ།ལྷ་ཡག་གི་གཏམ་རྒྱུད་ཀྱང་འབྲི་མ་ནུས། མཚམས་འདིར་དགྲ་ནག་ཁྱོད་ལ་མཚན་མོ་བདེ་ལེགས་ཞུ། བདེ་མོ་བྱོས།

2

འཇིག་རྟེན་གྱི་མི་ཀུན་པོས་མཆུ་ཏོ་འགུལ་ནས་ཁྲེལ་མེད་ཀྱི་མི་ལ་སྡིགས་མོ་བྱེད་པ་དང་། འཇིག་རྟེན་གྱི་མི་ཀུན་ལ་དྲིན་བྱས་དྲིན་དུ་གཟོ་བའི་སེམས་བསྐྱེད་ཅིག་ངེས་པར་སྐྱེ་དགོས་ཨང་།

བུ་ལོ་ལྐུགས་པ་ནད་ཁྲིའི་གཡས་ལོགས་སུ་བཟུང་ཞིང་བུ་མོ་ལྐུགས་མ་ནད་ཁྲིའི་གཡོན་ལོགས་སུ་བཟུང་ནས། རང་ཉིད་ཀྱི་མཆིན་པའི་ན་གཟེར་བཟོད་བསྲན་ངང་སྡོད་པའི་མི་འདི་ནི་ཉམ་ཐག་ཟུངས་ཟད་ཀྱི་སྐྱེས་མ་ལྷ་ཡག་ང་ཡིན།

ཉིན་རེར་སྨན་ཆུའི་འགྱིག་དམ་དང་འགྱིག་ཁུག་མང་བོ་གནམ་དུ་དཔྱངས་ནས། ངའི་རྩ་སྦུབས་སུ་ཐིགས་ཆུ་གཅིག་རེ་གཅིག་རེས་སྐྱེལ་འདྲེན་བྱེད་པའི་ལས་འདི་ཡིས་ང་ལ་ཕན་ཅི་ཡང་ཐོགས་ཀྱིན་མེད། ད་ལྟའི་བར་ཁ་བཙོག་སེམས་བཟང་གི་གྲོགས་མོས་ཡུན་རིང་དུ་རོགས་སྐྱོར་དངུལ་ཕུལ་ནས་སྨན་མང་བོ་ཉོས་པར་མི་དགོས་ཞེས་ལག་པ་འཕྲེད་གཡུག་བྱེད་མ་ཕོད་པར་ལུས།

བུ་དང་བུ་མོ་སྙིང་རྗེ་བོ་འདི་གཉིས་གདོད་མ་ནས་འོན་ལྐུགས་སུ་གྱུར་ཡོད་ནའང་། བསམ་ཤེས་དོན་གོ་བའི་སེམས་ཅན་བརྩེ་བ་ཅན་ཡིན་པས། ངའི་སེམས་ཁོང་དུ་སྐྱིད་སྣང་གིས་ཁེངས་ཡོད། མ་འོངས་པར་ཁོ་མིང་སྲིང་གཉིས་ལ་སྐད་ངག་ཐོན་ཐུབ་པའི་བདེ་སྐྱིད་ཅིག་འབྱུང་རྒྱུ་ནི་ངས་ཉིན་རེར་དཀོན་མཆོག་གསུམ་ལ་སྐྱབས་ཞུ་བྱེད་དོན་ཉག་ཅིག་ཡིན།

“ཨ་ཡོ་ཡོ། ན་ཟུག་འདི། ཨ་ཡོ་ཡོ།”

ནད་ཁང་གི་སྒེའུ་ཁུང་ཕྱི་རོལ་ནི་སྔོ་བསངས་མའི་མཛེས་གདོང་རེད། སྤྲིན་གྱི་གཟུགས་རིས་ར་རི་ཙམ་ཡང་མི་འདུག  དེ་རྣམས་ཐག་རིང་གང་དུ་བཞུད་སོང་བ་སུས་ཤེས།

སྨན་གྱི་ཐིགས་པ་འགྲིལ་བཞིན་པ་འདི་ནི་བྱིས་པ་གཉིས་ཀྱི་ཨ་ཕའི་དཔྲལ་ངོས་ནས་མར་ཟགས་པའི་རྔུལ་ཆུའི་ཐིགས་པ་དེ་དག་དང་ཀུན་ནས་མཚུངས། ངས་བསམས་ན། ལོ་ངོ་བཅུ་བཞིའི་ཡར་སྔོན་ནི་ང་ཆེས་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་རེད།

ནད་གཡོག་མས་ཁང་སྒོ་ཧར་གྱིས་ཕྱེ་བྱུང་བས། དེས་ངའི་འདས་དོན་ཕྱིར་དྲན་པར་གེགས་བྱས། མཆན་གྱི་བུ་མོ་ད་དུང་སོས་དལ་ངང་གཉིད་འདུག  མཚམས་ལ་ལར་མི་རྣམས་ཐོས་མེད་འོན་པར་གྱུར་ཚེ་བཟང་བར་མངོན་པའི་སྐབས་ཀྱང་ཡོད་ངེས།

ངོ་མ་བཤད་ན། འཇིག་རྟེན་མི་ཡི་ཟེར་སྒྲོས་སྣ་ཚོགས་རྣ་བས་མ་ཐོས་ཀྱང་སུ་ཞིག་ལ་སྐྱོན་ཆ་མི་འདུག་གོ།

དཔེར་ན། ངའི་ཤ་ཉེ་ཚང་མས་བྱིས་པ་གཉིས་ཀྱི་ཨ་ཕ་ལ་དམོད་པའི་ཚིག་དག་དང་། རྒྱ་ལམ་དུ་དུང་ཆེན་གྱི་སྒྲ་ལྟར་ལྡིར་བའི་རླངས་འཁོར་གྱི་སྒྲ། ཁ་གཏད་རྒྱ་མོ་ནད་པ་དེའི་ཉོག་བཤད་དང་འཁུན་སྒྲ་ལྷང་ལྷང་སོགས་རྣ་བས་ཡེ་ནས་གསན་རྒྱུ་མ་བྱུང་ན་ནི་ཅི་འདྲའི་སྐྱིད་ཨང་།

“ཨ་ཡོ། ཡ་ཆུང་གི་ན་ཟུག  ན་ཟུག་འདི་ངོ་མ་བཟོད་ཐབས་བྲལ།”

སྨྲ་ཤེས་ཤིང་དོན་གོ་བ་ནི་མི་ཡི་མཚན་ཉིད་དུ་འཇོག་མོད། ངའི་ངག་མེད་བུ་ལོས་འདི་ལྟར་ངའི་གདོང་གི་སྐྲ་ལོ་རྣམས་ལག་པས་རྣ་རྒྱབ་ཏུ་དེད་དེ། ལག་ཕྱིས་རློན་པ་ཡིས་འཇམ་ཞིང་ཞིབ་མོའི་ངང་ངའི་གདོང་གི་དྲེག་པ་དང་མིག་སྐྱག་གཙང་མར་ཕྱིས་རྗེས། ང་ལ་མེ་ལོང་གཏད་ནས་འཛུམ་དམུལ་དམུལ་གྱིས་མཐེ་བོང་སྟོན་བཞིན་མཆི། དེའི་ནང་དོན་གསེད་འགྲོལ་བྱས་ན་འདི་ལྟ་སྟེ། འཇིག་རྟེན་དུ་ཨ་མ་ཁྱོད་ནི་ཆེས་མཛེས་པ་རེད་ཅེས་ཟེར་བ་དང་མཚུངས་པས། ངས་སྔར་ནས་ནང་དོན་རྟོགས་ཡོད།

བུ་ལོའི་རེག་བྱ་ལ་སྒྲ་གདངས་མེད་ཀྱང་། ཐོགས་རེག་ཙམ་གྱིས་ཀྱང་མ་བུའི་བརྩེ་བ་ཡི་དྲོད་རླབས་འཇགས་མེད་དུ་འཕྱོ་ངེས། ཉམས་དེ་ནི་ངའི་མཆུ་སྒྲོས་མཉེན་མོས་ཐོག་དང་པོར་རང་གི་བུ་ལ་གཅེས་པའི་འོ་བྱེད་པ་དང་ཧ་ཅང་མཚུངས།

ཉིན་མཚན་དབྱེར་མེད་དུ་དྲན་པ་དང་། སྤོས་ཤེལ་ལ་བརྐོས་པ་ལྟ་བུའི་ཐག་རིང་མཛའ་བོའི་ངོ་གདོང་སྒོམ་པ། ན་ཟུག་གི་འཇབ་རྒོལ་དང་དུ་ལེན་པ། སྨན་དང་ཁབ་ཀྱི་བྲོ་བ་དང་དྲི་མ་ཡིས་བསྐྲུན་པའི་ཁོར་ཡུག་ཏུ་སྡོད་པ་སོགས་ནི་ངས་ཨུ་ཚུགས་ཁོ་ནས་བསྲན་ཐུབ་པའི་གནས་ཤིག་རེད། འོན་ཀྱང་། གཅེས་ལོ་འདི་གཉིས་དང་འབྲལ་དགོས་ན་ནི་གཏན་ནས་བཟོད་བསྲན་མི་ནུས། མི་ནུས།

སེམས་བཟང་གྲོགས་མོས་ང་ལ་ཁ་པར་བཏང་ནས་དེ་རིང་གི་སྨན་རིན་ཕྱི་དྲོའི་སྐབས་སུ་འབྱོར་ཐུབ་པ་དང་། ནད་གཡོག་མར་ངའི་སྨན་རིན་ཉིན་ཕྱེད་རིང་ཆད་ལ་འཇོག་དགོས་ཞེས་ཞུ་དགོས་པར་སྨྲ་བས། གྲོགས་མོར་ལན་ཆགས་འོ་བརྒྱལ་མང་དུ་བཟོས་སོང་། འཇིག་རྟེན་དུ་མཐར་གཏུགས་ན་གཞན་ཕན་ལྷག་བསམ་ལྡན་པའི་མི་བཟང་འདི་དང་འདི་འདྲ་ཅི་ཙམ་མཆིས་སམ།

ངའི་ལག་གཡོན་པར་འཇུས་ནས་གཉིད་དུ་ཡུར་བའི་བུ་མོ་གཉིད་ལས་སད་བྱུང་།

མོས་མིག་ཕྱེ་མ་ཁད་ཀྱིས་ངའི་འགྲམ་པའི་ཤ་ལ་འོ་ཞིག་བྱས་ཏེ། ཨ་མ་ཁྱོད་ནི་ངའི་སེམས་རྟེན་ཡིན་ཞེས་གློ་ཉེ་བའི་གཏམ་མང་བོ་ལག་བརྡ་ཡིས་བཤད་བྱུང་།

དེ་ནི་རི་དྭགས་མ་བུས་ནམ་རྒྱུན་བརྩེ་བ་མཚོན་པའི་སྙིང་ཉེ་བའི་སྟངས་ཀ་ཞིག་དང་ཅིས་མི་མཚུངས་ཨང་། གཅེས་ཕྲུག་གཉིས་ནི་ད་གཟོད་ངའི་ཚེ་གཅིག་གི་སེམས་རྟེན་ངོ་མ་ཡིན་ལགས།

ལྟོས་དང་། ངའི་རྐང་ལག་གི་སེན་མོ་དང་། ངའི་རྒྱབ་ཀྱི་གྱོན་པ། ངའི་མགོ་ཡི་ལན་བུ་ལ་སོགས་ཕྲུ་གུ་ཁོ་གཉིས་ཀྱིས་གཙང་མར་ཉར་ཞིང་བཀྲུས་པས། ནད་ཁང་དུ་ང་ནི་ནད་པ་གཞན་ལས་ཀྱང་གཙང་མ་ཞིག་ཏུ་མངོན།

གལ་ཏེ་ཉིན་ཞིག་ངའི་ནད་གཞི་སངས་དྲག་ཏུ་གྱུར་ཏེ།བྱིས་པ་གཉིས་ཀྱི་ཨ་ཕ་བྱེས་བཞུད་པ་དེ་ཕྱིར་ཁྱིམ་དུ་སླེབས་བྱུང་ཚེ། གཅེས་ལོ་འདི་གཉིས་ཀྱི་སེམས་ལ་ཅི་འདྲའི་སྤྲོ་དགའ་ཆེ་ཞིང་བདེ་སྐྱིད་ཅིག་ལྡན་ངེས་ཨང་།

བུ་ལོ་རྨང་ནས་ལྐུགས་ཀྱང་ཨ་ཕ་ཞེས་འབོད་ནུས་པ་བཞིན་དུ། བུ་མོ་འོན་ལྐུགས་མས་ཀྱང་ཨ་ཕ་ཕྱིར་སླེབས་པའི་གོམ་སྒྲ་དེ་སྔ་ས་ནས་ཐོས་ཐུབ་པར་ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

ནད་གཡོག་མ་ཡང་བསྐྱར་ནང་དུ་འཛུལ་ཡོང་། ཕར་ཕྱོགས་ཁ་གཏད་ཀྱི་རྒྱ་མོ་ནད་པ་དེ་ཕལ་ཆེར་དབུགས་ཆད་ཟིན་པ་འདྲ། དེ་རིང་སྔ་དྲོ་ནས་གྲག་འགུལ་བྲལ་ཞིང་ཉེ་གམ་གྱི་སྐྱེས་པ་དེ་ཁ་སང་ནས་གར་སོང་ཆ་མེད་དུ་གྱུར། སྐྱེས་པ་དེའང་ཁྲེལ་མེད་ཅིག་ཡིན་སྲིད་དམ། ང་སེམས་ཁྲལ་ཤིན་ཏུ་ཆེ།

སྨན་པ་འཁོར་དང་བཅས་པ་བྲེལ་མྱུར་གྱིས་ནང་དུ་སླེབས་བྱུང་། སྨན་པ་རྒན་པ་དེས་ཁ་ཚུར་འཁོར་ནས་ངའི་བུ་ལོའི་མགོ་ལ་བྱིལ་བྱིལ་ཞིག་བྱས་པར། བུ་མོས་ཁོང་ལ་འཛུམ་ཞིག་བསྟན་ནས་ངའི་ལག་པའི་མཁྲིག་མར་དམ་དུ་འཇུས་བྱུང་། ངས་དུས་རྒྱུན་ལྟར་སྨན་པར་ནད་ཀྱི་གནས་ཚུལ་ཡར་ཞུ་བྱས་པ་ཡིན། ཁོས་ཅི་ཡང་མི་སྨྲ་བར་ཧ་གོ་བའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱས།

སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་རུ་སྤྲིན་དཀར་ལེབ་མོ་ཞིག་མཐོང་བར་འདུག

སྐད་ཅིག་མར་ཁ་གཏད་ཀྱི་ནད་པའི་མལ་ཁྲིའི་ལོགས་སུ་ལྭ་བ་དཀར་པོ་གོན་པའི་སྨན་པས་རུབ་བྱུང་། སྨན་པ་ཞིག་གིས་མལ་གོས་ཡར་འཐེན་ནས་རྒྱ་མོ་དེའི་ལུས་ཧྲིལ་པོ་བཀབ་བྱུང་ལ། མལ་ཁྲི་འཁོར་ལོ་ཅན་དེ་དྲུད་ནས་སྒོར་ཕྱིན་སོང་། ནད་ཁང་དུ་ངེད་མ་བུ་གསུམ་པོའི་ཁོར་ཡུག་སྟོང་སེང་ངེར་བཏང་ཞིང་། བྱིས་པ་གཉིས་ཀྱིས་ཚུལ་དེ་མཐོང་རྗེས་ངའི་གཡས་གཡོན་གྱི་དཔུང་བར་ཤེད་ཀྱིས་འཇུས་ནས་མིག་གིས་ཁ་གཏད་ཀྱི་མལ་ཁྲི་སྟོང་བ་དེར་ཅེར་འདུག  གནས་དེ་ནི་བྱིས་པ་གཉིས་ཀྱི་ཨ་ཕ་རྒྱང་བཞུད་བྱས་པའི་ཉིན་གྱི་ངེད་ཚང་གི་ཡ་ང་བའི་ཁང་ཁྱིམ་དང་གཉིས་སུ་མ་མཆིས།

སྐབས་འདི་དང་འདི་རུ། ངའི་སེམས་ལ་སྔོན་ཏག་ཏག་ཏུ་རང་གི་བྱིས་པ་གཉིས་ཀྱི་མིག་ཀྱང་དམུས་ལོང་དུ་གྱུར་ཏེ། ཅི་ཡང་མཐོང་སྣང་མེད་པར་གྱུར་ན་ཅི་མ་རུང་སྙམ།

ནད་ཁང་དུ་འཇིགས་སྐྲག་དང་ན་གཟེར་གྱིས་འཚང་ག་ཤིག་ཤིག་བྱེད། སྨན་དང་དུག་ངན་གྱི་དྲི་མས་ཕན་ཚུན་ལ་གདོང་ཐུག་བརྒྱབ་ནས་མཁའ་དབུགས་དཀྲུགས། ཨ་ཡོ། ངའི་ན་ཟུག་འདི་ངོ་མ་བཟོད་ཐབས་བྲལ། གལ་སྲིད་བྱིས་པ་གཉིས་དང་ཁོ་གཉིས་ཀྱི་ཨ་ཕ་གཙོ་བྱས་པའི་མ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ངས་ན་ཟུག་འདི་འདྲ་ཞིག་མྱོང་དགོས་པ་ཡིན་ཚེ། བསམ་དོན་ལྷུན་གྱིས་གྲུབ་པ་ཡིན། ཨ་ཡོ། ངའི་ན་ཟུག་འདི། ངའི་སྟོང་འཇགས་འདི། ངའི་སྨན་དྲི་འདི། བྱིས་པ་གཉིས་ཀྱི་མིག་ཆུ་དྲོན་མོ་འདི།

ངའི་ལུས་དང་ལག་པས་ཕོར་བ་མི་ཐེག་མོད། སྲོག་གི་དབུགས་རྒྱུན་མ་ཆད་བར་དུ་དུངས་པའི་ཞེན་ཁོག་ལ་ཁོམ་སྣང་བྲལ།

ཁ་སང་སྲོག་དབུགས་བསྡུས་ཏེ་ཚེ་འཕོས་མ་ཐག་པའི་རྒྱ་མོ་དེའི་སྐྱེས་པ་ཕྱིར་ནད་ཁང་དུ་ཡེ་ནས་མ་སླེབས།

ཅུང་ཙམ་འགོར་རྗེས། ངའི་གྲོགས་མོ་སེམས་བཟང་མས་དལ་གྱིས་སྒོ་ཕྱེ་ནས་འཛུམ་དམུལ་ངང་ནང་དུ་འཛུལ་བྱུང་།

3

ངའི་པང་དུ་ངུ་རྒྱངས་བྱེད་བཞིན་པའི་བྱིས་པ་འདི་ལ་ལྟོས་དང་། ལྷན་སྐྱེས་ཀྱི་སྐྲ་སེར་མིག་ལྗང་ཡིན་པར་མ་ཟད། ད་དུང་ལྷན་སྐྱེས་ཀྱི་ངག་ཀྱང་ལྐུགས་པའི་བུ་མོ་རང་ལོ་དྲུག་ཅན་ཞིག་ཡིན། འདི་ནི་ང་དང་མོའི་ཨ་མ་ཁཱེ་སཱ་གཉིས་གཉེན་སྒྲིག་མ་བྱས་པར་སྦྲུམ་ཆགས་ནས་བཙས་པ་ཞིག་ཀྱང་ཡིན། ལྐུགས་མ་ཞིག་ལ་འདི་འདྲའི་སྐད་མཐོན་པོ་ཞིག་གང་ནས་ཡོང་བ་ཡིན་ནམ།

ནམ་ཟླ་ཚ་གདུག་ཆེ་བས་རླངས་འཁོར་མུ་མཐུད་ནས་གཞུང་ལམ་དུ་བགྲོད་པར་གཡིས་སྣུམ་མེ་རུ་འབར་ཉེན་ཤིན་ཏུ་ཆེ། ད་ནི་ངལ་གསོས་ནས་འདང་ཅུང་ཙམ་རྒྱག་པ་ལས། བུ་མོའི་ཨ་མ་གར་སོང་མི་རྙེད་པ་རེད།

ད་ནི་རླངས་འཁོར་གྱི་ཁ་ཕྱོགས་གང་དུ་བསྐོར་དགོས་པའང་མི་ཤེས།

ངས་བྱིས་པ་ངུ་བའི་ངོ་གདོང་ནི་འདི་འདྲའི་མིའི་སྙིང་ལ་ན་ཟུག་སྟེར་ཚ་བ་ཞིག་ཡིན་པ་དེ་རིང་ཐོག་དང་པོར་ཤེས་པ་ཡིན།

ཁཱེ་སཱ་ཡིས་བུ་མོ་ལྐུགས་མ་ཡིན་པའི་རྒྱུ་རྐྱེན་ནི་ང་ཡིDNAལ་ཁྱིམ་རྒྱུད་རང་བཞིན་གྱི་གནད་དོན་ཡོད་པའི་རྐྱེན་ཡིན་པའི་སྐད་ཆ་དེ་སྨན་པའི་ངག་ལས་ཐོས་རྗེས། ངའི་མི་གཞི་ལའང་དེ་ལས་ལྷག་པའི་གནད་དོན་འདུག་ཅེས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་རྗེས་ལམ་སང་གང་ཞིག་ཏུ་ཡིབ་སོང་བ་མ་ཤེས།

བུ་མོའི་ངུ་སྐད་ཅུང་ཙམ་འཇགས་པར་གྱུར། མོ་རླངས་འཁོར་གཞུག་གི་ཆེད་བཟོས་བྱིས་པའི་འདུག་སྟེགས་སུ་བདེ་མོར་བསྙལ་རྗེས། ངས་ད་ནངས་འགྲམ་ལྕག་ཐེབས་པའི་འགྲམ་ཤའི་སྟེང་གི་རྔུལ་ཆུ་རྡོག་གཅིག་ལག་པས་ཕྱིས།

དེ་སྔོན་ཏག་ཏག་ངའི་ཕ་ཡུལ་གྱི་ཆུང་མ་ལྷ་ཡག་ཚེ་ལས་འདས་པའི་སྐད་ངན་ཐོས་པ་ནས་བཟུང་། ངས་རང་ལ་འགྲམ་ལྕག་ཁྲི་སྟོང་ཞིག་གཞུ་འདོད། ངས་དང་ཐོག་རང་གི་ཤ་ལས་ཆད་པའི་བུ་དང་བུ་མོ་གཉིས་དེ་འདྲའི་དབང་བོ་སྐྱོན་ཅན་དུ་འདུག་པའི་རྒྱུ་མཚན་ནི། ལྷ་ཡག་གི་ཁྲག་རྒྱུད་ཁོ་ན་ལད་པ་ཡིན་སྙམ། ཨ་ཕ་ངས་རྒྱབ་ཏུ་བསྐྱུར་པའི་བྱིས་པ་དྭ་ཕྲུག་གཉིས་ཀྱིས་ད་ལྟ་ཅི་ཞིག་བྱེད་བཞིན་ཡོད་དམ།

ངས་ལྷ་ཡག་གི་ཞུ་བ་དང་བུ་ཕྲུག་གཉིས་ཀྱི་ངུ་ངག་ལ་འཛེམ་དོགས་ཙམ་ཡང་མ་བྱས་པར་རྒྱང་བཞུད་བྱས་པའི་དགོང་མོ་དེ་ནི། བདུད་ནག་གིས་ངའི་ཡིད་སེམས་ཡོངས་སུ་བརླམས་པའི་ཉིན་ནག་ཅིག་ཡིན་པར་གདོན་མི་ཟ།

ངས་ཕ་ཡུལ་གྱི་གཉེན་ཉེ་དང་གྲོགས་པོ་དག་ལ་རང་ཉིད་ནི་བོད་ཀྱི་རིག་གནས་བརྒྱུད་འགྲེམ་གྱི་དགོས་མཁོ་ལྟར་ནུབ་གླིང་དུ་གཏན་སྡོད་བྱེད་དགོས་པའི་རྫུན་གཏམ་དག་ད་ལྟ་གང་དུ་སྦེད་དམ། ཁོ་ཚོའི་དྲན་འཛིན་དྲང་མོ་རུ་ང་ནི་བོད་ཀྱི་འཛམ་གླིང་རིམ་པའི་མཁས་པ་ཆེན་པོ་ཞིག་ཏུ་བརྩིས་ཡོད་པ་ནི་གོར་མ་ཆག

ལྷ་ཡག་ཚེ་ཕྱི་མར་ཆས་སོང་། ཁཱེ་སཱ་གང་དུ་ཡིབ་འདུག  ད་ལྟ་མོ་གཉིས་གང་ཞིག་ཏུ་ངོ་འཕྲད་ནས་ང་ལ་ངན་གཏམ་བཞིན་ཡོད་དམ།

ངས་དེ་སྔ་ལྷ་ཡག་མ་བུ་གསུམ་ལ་རྫུན་ཚིག་ལུང་བ་གང་ལབ་ནས་བྲོས་བྱོལ་བྱས་པ་ནང་བཞིན་དུ། ཁཱེ་སཱ་ལའང་རང་ཉིད་མཁས་ཚུལ་འུད་བརྗོད་ཀྱིས་མོ་དང་གཉེན་སྒྲིག་བྱ་ཅི་ཐུབ་བྱས་པ་ཡིན། དེ་ལྟར་བྱས་ཚེ་ད་གཟོད་ང་ནི་རྒྱལ་ཁབ་འདིའི་འབངས་མི་དངོས་མ་རུ་འགྱུར་ཐུབ་པའི་རེ་བ་མཆིས། དེ་ནི་ངའི་དམིགས་ཡུལ་གཙོ་བོ་ཡིན།

ཁཱེ་སཱ་ཡིས་བསམ་པ་རྣམ་དག་གིས་ངག་ནས་མ་ཎི་ཡིག་དྲུག་ཟློ་བཞིན་པའི་བོད་མི་སྙིང་རྗེ་ཅན་ང་ལ་དགའ་བ་ཡིན་ཞེས་ཡང་ཡང་སྨྲས་མྱོང་།

མོས་དང་ཐོག་མཛའ་གྲོགས་འཚོལ་བའི་རྩ་དོན་གཙོ་བོ་ནི་མི་གཤིས་ཀུན་སྤྱོད་དང་བརྩེ་དུངས་ཡིན་པ་ལས། ཤེས་བྱའི་ཆུ་ཚད་མཐོ་མིན་དང་འབྱོར་ཕྱུག་ནི་ཚད་གཞི་མཐོ་ཤོས་མིན་པ་ངས་སྔར་ནས་རྒྱུས་ལོན་བྱས་ཏེ་རྟོགས་ཡོད།

འོ། ལོ་ལོ། བུ་མོས་ཡང་བསྐྱར་སྡུག་བསྔལ་གྱིས་ངུ་ངག་བཏོན་བྱུང་། གཡུ་མདོག་གི་མིག་ཀོང་གཉིས་ཀྱིས་རླངས་འཁོར་གྱི་ཕྱི་རོལ་ཏུ་རིག་རིག་གིས་བལྟས་ཏེ་མོའི་ཨ་མ་འཚོལ་བཞིན་ཡོད་པ་འདྲ།

ད་ནི་ལམ་དུ་ཆས་འགྲོ། གཡས་ཕྱོགས་ཀྱི་དེའུ་འབུར་འགྲམ་དུ་དགྱེ་སྒུར་བྱེད་བཞིན་པའི་བུད་མེད་དེ་ཁཱེ་སཱ་ཡིན་ནམ། གཡོན་གྱི་ཁང་བ་ཞིག་གི་སྒོ་འགྲམ་ན་འགྲེང་འདུག་པའི་སྐྱེས་མ་ཆར་གདུགས་ཐོགས་མཁན་དེའང་ཁཱེ་སཱ་ཡིན་ཤས་ཆེ།

སྐབས་འདི་དང་འདི་རུ།ངས་རང་ལ་འགྲམ་ལྕག་ཅིག་གཞུ་འདོད་དེ། སྔར་ནས་གཞུས་ཟིན། བུ་མོ་སྐྲག་ཐག་ཆོད་ནས་སྔར་ལས་ངུ་རྒྱངས་ཆེ་རུ་བཏོན། ད་ནི་ཅི་བྱེད།

མི་རྡུགས་ངས་རང་ཁ་གསོ་བྱེད་ཀྱི་ལས་གནས་ཏེ། དངོས་ཟོང་སྐྱེལ་འདྲེན་ཚོགས་པ་དེའི་མགོ་གཙོ་གཞོན་པས་ཆུ་ཚོད་སྐར་ཆ་བཅུའི་ནང་ལས་གནས་སུ་འབྱོར་དགོས་པའི་བརྡ་དེ་ཁ་པར་གྱི་ལམ་ནས་བཏང་བྱུང་།

ད་ལྟ་བསྟུད་མར་གྲག་པའི་ཁ་པར་གྱི་སྒྲ་དང་བུ་མོའི་ངུ་སྐད་གཉིས་པོ་ངའི་རྣ་བར་ཤིན་ཏུ་གཟན། འདི་ཚང་མ……གནའ་ཤི་བོ།

ལམ་སྐབས་འདིར་རླངས་འཁོར་བརྒྱ་ཕྲག་ཁེགས་ནས་མདུན་སྐྱོད་བྱེད་དཀའ་བར་འདུག  སེམས་ཀྱི་བྲེལ་ཚུབ་ནི་ཕྱི་ཡི་ཉི་འོད་ཚ་བོ་བཞིན་ཚ་ལམ་ལམ་དུ་འབར་ནའང་། རང་ལོ་བཞི་བཅུའི་ནང་ད་དུང་བྱ་བ་གཅིག་ཀྱང་ལམ་འགྲོ་མ་བྱུང་བའི་བོད་རིགས་བྱེས་བཞུད་པ་རང་ཉིད་ནི་རྫུན་ཁོ་ནས་གྲུབ་པའི་ཤ་གཟུགས་ཤིག་ཡིན་པ་རྟོགས།

ཁྲེལ་གཞུང་དང་སྙིང་རྗེ་བྲལ་པའི་ངང་ལྷ་ཡག་མ་བུ་གསུམ་པོ་སྤྲང་རོ་ལམ་མདོ་ནས་བསྐྱུར་པ་བཞིན་གཡུགས་ཏེ། རི་བོང་ཅལ་འདྲོགས་ཀྱིས་ཚོང་པ་རྐྱལ་སྟོང་འགའི་རྗེས་སུ་འབྲངས་ནས་འདི་རུ་སླེབས། ལམ་བར་གྱི་དཀའ་ངལ་བརྒྱ་ཕྲག་ནི་ངས་ཤིན་ཏུ་གླེང་འདོད་མེད་པའི་སྐོར་ཡིན།

དོན་དངོས་སུ་ང་ནི་ཕུགས་བསམ་དང་ལྷག་བསམ་གྱིས་ཁྱེར་བ་མིན་ཏེ། ལྷ་ཡག་གི་འཁོར་བ་ལས་གཏན་དུ་ཁ་འབྲལ་འདོད་པས་ཡིན། ཕ་ཡུལ་དང་རྒྱང་དུ་གྱེས་འདོད་པས་ཡིན། དེ་ནི་ང་ལ་མཚོན་ན་ཁའི་མཆུ་སྒོར་འདོན་མི་རུང་བའི་གསང་བྱ་ཡིན།

“ཏུའུ་ཏུའུ་ཏུའུ།” དུང་སྒྲ་ཆེན་པོ་ཞིག་བསྒྲགས་བྱུང་། རླངས་འཁོར་མུ་མཐུད་དུ་མདུན་སྐྱོད་བྱེད་ཆོག  བུ་མོའི་ངུ་མཚམས་སྔར་ནས་ཆད་དེ་གནས་གཅིག་ཏུ་ཧད་འདུག

ཁཱེ་སཱ་གང་དུ་བུད་སོང་ངམ། ཁཱེ་སཱ་ནི་བུད་མེད་རྒྱུད་ཡག་དྭངས་གཙང་ཞིག་ཡིན། འོན་ཀྱང་། ང་མོར་སེམས་གཏིང་ནས་དགའ་མ་མྱོང་བར་རྒྱལ་ཁབ་འདིའི་སྤྱི་དམངས་འཛིན་བྱང་རག་ཆེད་ཁོ་ན་ཡིན་པས། ང་ལ་རྩ་བ་ནས་འཚོ་བ་བདེ་སྐྱིད་ཡིན་པའི་ཚོར་སྣང་ཞིག་སྐྱེས་མྱོང་མེད།

མགོ་སྐོར་དང་གཡོ་ཁྲམ་ནི་ངའི་འཚོ་བའི་བྱེད་ཐབས་ཡིན། རང་སྐྱོན་འདི་དག་ངོས་ཟིན་ཀྱང་གཞན་སུ་ལའང་དེ་ལྟར་དྲང་མོར་བཤད་ག་ལ་རུང་། གཡོ་ཟོལ་སྒོས་ཁྱི་ཁ་བཙུམ་དགོས། སྟག་ཤ་རར་དགོས་པ་ཁ་ངོ་ཡིན།

དེ་རིང་ཞོགས་པ་ནས་བཟུང་། ངས་ཁཱེ་སཱ་ལ་ཁ་པར་ཡང་ཡང་བཏང་རུང་ལན་ལྡོན་མཁན་མི་འདུག

ལྟག་རྒྱབ་ཀྱི་བུ་མོས་ང་ལ་ལག་བརྡ་བཏང་ནས་གཅིན་པ་གཏོང་དགོས་པའི་རེ་བ་བཏོན། རླངས་འཁོར་གྱི་བསྒགས་ཟྭ་མནན་མ་ཐག  བུ་མོའི་ལུས་པོས་རང་ཚུགས་མ་ལྕོགས་པར་མདུན་ཕྱོགས་སུ་ནུར་ཙམ་བྱས་པས། སྐད་ཆ་མེད་པའི་ངུ་རྒྱངས་ཀྱིས་ཡང་བསྐྱར་ངའི་རྣ་བ་འོན་པར་བཏང་འགྲོ་བར་སྙམ། ང་ནི་འོན་པར་བཏང་ཡང་འོས་པ་མིན་ནམ།

སྐད་ཅིག་མར་གནམ་རྒན་མའི་ངོ་མདོག་ནག་པོར་གྱུར་སོང་། ངས་ལམ་འགྲམ་དུ་བུ་མོར་གཅིན་པ་གཏོང་དུ་འཇུག་སྐབས། གློག་ཞགས་མཆེད་ཅིང་ཆར་ཆེན་ཞིག་ཐོལ་གྱིས་བབས་བྱུང་།

འདི་ནི་ཚེ་ཕྱི་མའི་ལྷ་ཡག་མཐོ་རིས་མ་དང་ང་ཡི་བྱིས་པ་དྭ་ཕྲུག་གཉིས། ད་དུང་སེམས་སྐྱོ་བས་མནར་ཞིང་ང་ལ་ཡིད་ཆད་པའི་མཛའ་མོ་ཁཱེ་སཱ་བཅས་ཀྱི་མིག་ཆུའི་བཞུར་རྒྱུན་དེ་ཅིག་ཅར་ང་ཡི་ལུས་སྟེང་དུ་ཤག་ཤག་འཇོ་བ་མ་ཡིན་ནམ།

ནམ་མཁའི་གློག་ཞགས་རེ་རེ་ནི་ཡ་ང་བའི་དྲི་རྟགས་རེ་རེ་བཞིན་ངའི་སྙིང་གི་གཏིང་ལ་ཟུག་སོང་།

པང་གི་བུ་མོས་རྐང་ལག་ཀྲབ་ཀྲབ་ཀྱིས་འཕག་འཚག་བྱེད་པ་དང་། གློག་འོད་དྲག་མཆེད་ཅིག་དང་ལྷན་དུ། ངས་རང་ཉིད་སྐད་ཅིག་མ་འདིར་ཐོག་མདའ་རྣོན་པོ་ཞིག་གིས་གསོད་པར་རེ་བ་བྱས།

བརླན་གཤེར་གཤེར་གྱི་ང་ཡི་ངོ་གདོང་བཙོག་པོ་འདིར། ཁཱེ་སཱའི་འགྲམ་ལྕག་ལྟ་བུའི་འགྲམ་ལྕག་ཁྲི་སྟོང་ཞིག་ཅི་འདྲའི་མཁོ་ཨང་། ཨ་གནམ་རྒན་མ།

(※གཡེ་བྱེད།  ཨ་མདོའི་ཁ་སྐད་དེ།  འདས་པོ་དུར་ཁྲོད་དུ་བསྐྱལ་བའི་དོན།)

སྦྲང་ཆར་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།