ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ་གྲགས་ཅན《ཨ་མ་དང་ཙིག་མ》།

156.png

དེང་གི་དུས་སུ་བོད་ཡུལ་གྱི་གཏམ་རྒྱུད་འཆད་ལ་མཁས་ཤིང་བོད་མིའི་སྣང་བརྙན་སྐྲུན་ལ་འཇོན་པའི་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལགས་ནི་སྤྱི་ལོ་1967ལོར་མདོ་སྨད་ཁྲི་ཀ་རྫོང་གི་ཤར་ཕྱོགས་ཀྱི་གནས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་འདབས་རོལ་དུ་སྐྱེས། སློབ་ཆུང་དུ་ཞུགས་རྗེས་སྔ་ཕྱིར་ཉིད་ཀྱི་ཕུ་བོ་བན་དེ་ཚེ་རིང་དང་རྒན་གསང་བདག་སྐྱབས་སོགས་དགེ་རྒན་དུ་བསྟེན་ནས་བོད་ཡིག་དང་རྒྱ་ཡིག རྩིས་རིག་བཅས་སྦྱོང་མགོ་བརྩམས།  1980ལོར་ཕུལ་བྱུང་རྒྱུགས་འབྲས་ལ་བརྟེན་ནས་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཐུབ་པ་བྱུང་ལ། རིག་པའི་སྡིངས་ཀ་དེ་རུ་ཕ་ཡུལ་གཅིག་པའི་དགེ་རྒན་བསོད་ནམས་དབང་ལྡན་གྱི་འཛིན་གྲྭར་ཁེལ་ཏེ་དག་ཡིག་དང་སུམ་རྟགས། སྙན་ངག་བཅས་ཁ་ཚང་སྦྱོང་བའི་སྐལ་བ་ལྡན་པར་གྱུར།  1986ལོར་སློབ་མཐར་ཕྱིན་མ་ཐག་སློབ་ཆེན་ལ་རྒྱུགས་སྤྲོད་པའི་གྲས་སུ་ཞུགས་པས་བདེ་བླག་ངང་ནུབ་བྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་། རྒན་དོར་ཞི་ཚང་སོགས་ཀྱི་ཞབས་ལ་གཏུགས་ནས་《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས།》དང་། 《བསླབ་བྱ་གཅེས་བསྡུས།》 《ནང་དོན་རིག་པའི་རྨང་གཞིའི་ཤེས་བྱ།》《རྩོམ་འཇུག》 《བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས།》བཅས་བསླབ་བྱ་ཁག་མང་བོར་སྦྱང་བ་བྱས་པའི་དུས་མཚུངས་སུ། དུས་ཚོད་ཅུང་ཙམ་ཡོད་ཚེ་སློབ་གླིང་གི་དཔེ་མཛོད་ཁང་དུ་སོང་ནས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་བརྩམས་ཆོས་གང་ལེགས་ལ་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་འདོད་པ་ལྟར་ལྟ་ཀློག་དང་སློབ་སྦྱོང་མི་དམན་པ་མཛད། 1988ལོ་ནས་མགོ་བརྩམས་ཏེ་ཚོད་ལྟའི་ཚུལ་དུ་སྙན་ངག་《ཀ་རྩོམ་ཁྲུས་ཀྱི་རྫིང་བུ།》དང་། 《རི་བོང་།》《ཁྲི་ཀའི་དྲུག་པའི་ལྷ་རྩེད།》 སྒྲུང་གཏམ་《གཡུལ་བཅག་པའི་གཏམ་རྒྱུད།》སོགས་བྲིས་པ་སྔ་གཞུག་ཏུ་《སྦྲང་ཆར།》དུས་དེབ་སྟེང་བཀོད་པ་བརྒྱུད་ནས་གསར་རྩོམ་གྱི་ལམ་དུ་དངོས་སུ་ཞུགས།

  བརྩམས་ཆོས་དེ་དག་དུས་དེབ་སྟེང་བཀོད་པའི་ཤུགས་རྐྱེན་ལ་བརྟེན་ནས། 1990ལོར་སློབ་མཐར་ཕྱིན་ཁར་དེ་སྔའི《སྦྲང་ཆར།》གྱི་གཙོ་སྒྲིག་པ་རྒན་འགྱུར་མེད་ལགས་སློབ་གླིང་དུ་ཕེབས་ནས་ཡིག་རྒྱུགས་སྤྲད་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་ཀར་ཚུད་ཅིང་། མི་ལོ་ཉེར་ལྔའི་རིང་《སྦྲང་ཆར།》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་བྱ་བ་གཉེར་ཏེ། སྔ་རྗེས་སུ་དུས་དེབ་དེ་གའི་གཙོ་སྒྲིག་གཞོན་པ་དང་རྒྱུན་ལས་གཙོ་སྒྲིག་གཞོན་པ་བཅས་ཀྱི་འགན་འཁུར་བར་དུས་དེབ་རང་ལ་རྒྱལ་ཁབ་དུས་དེབ་བྱ་དགའ་ལས་གཙོ་ཆེའི་དུས་དེབ་སྣ་བརྒྱའི་གྲས་དང་། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་ཕན་ཡོན་ཟུང་ལྡན་གྱི་དུས་དེབ།  ཀྲུང་གོའི་བྱང་ཕྱོགས་ཕུལ་བྱུང་བཅུའི་དུས་དེབ་བཅས་རྒྱལ་ཁབ་རིམ་པའི་བྱ་དགའ་མང་བོ་ཐོབ་མྱོང་། གཞན་དུ་རྩོམ་པ་པོ་ཁོ་ལ་མཚོན་ན་རྩོམ་སྒྲིག་ཁང་གིས་སྔ་ཕྱིར་བསྒྲིགས་པའི་《བོད་ཀྱི་དེང་རབས་དཔེ་ཚོགས།》(དེབ་10)དང་། 《སྦྲང་ཆར་ལོ་འཁོར་20དཔེ་ཚོགས།》(དེབ་8)《དུས་རབས་21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།》(དེབ་30)《གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོའི་གསུང་འབུམ།》(དེབ་3)སོགས་རྩོམ་སྒྲིག་གི་བྱ་བར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཞུགས་པར་མ་ཟད། རྩོམ་སྒྲིག་གི་ལས་གནས་སུ་གྲུབ་འབྲས་གཡུར་དུ་ཟ་བ་མང་བོ་བླངས་པར་བརྟེན།  2010ལོར་རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་ཞེས་པའི་གཟེངས་རྟགས་ཐོབ།

གོང་སྨྲས་ལྟར་རྩོམ་པ་པོ་ཁོ་ལ་《སྦྲང་ཆར།》རྩོམ་སྒྲིག་ཁང་དུ་ལས་ཀ་གཉེར་བའི་གོ་སྐབས་ཐོབ་པ་ཡིས། རྩོམ་རིག་གསར་རྩོམ་གྱི་ལམ་བུར་ཞུགས་པའི་གོམ་པ་ཇེ་བརྟན་དུ་གྱུར་པས་ན།  ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་མངོན་པར་སྣང་སྟེ། བརྩམས་ཆོས་གཙོ་བོ་ལ་སྒྲུང་གཏམ་ཐད་《སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ།》དང་། 《གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན།》 《ཨ་ཁུ་རྣམ་རྒྱལ་དང་ཁོའི་གནའ་རྒྱའི་ཚེ་ལོ།》 《ཨ་མ་དང་ཙིག་མ།》སོགས་འདུག དེ་ལས་སྔ་མ་དང་ཕྱི་མ་གཉིས་ལ་སོ་སོར་སྐབས་དང་པོ་དང་སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་ཅིང་། སྙན་ངག་ལ་《རིག་པའི་བུ་ཆུང་ཡི་མུག་གཏམ་གྱིས་འཆི།》དང་། 《མཚང་བརྟོལ་དྲང་སྲོང་ངག་གི་ཕུར་བུ།》 《སྡེ་ཆེན་རྩེ་ར།》 《སྲིན་པོ་རྫ་འདབས་ཀྱི་མགྱོགས་བྲིས།》བཅས་ཡོད་པ་དང་། ལྷུག་རྩོམ་ནི་《ལྕགས་ཐབ།》དང་། 《སིལ་སྡོང་།》 《མཐའ་མཇུག་གི་ཞལ་མཇལ།》སོགས་འདུག་ལ། དཔྱད་རྩོམ་ཐད་《རྩོམ་སྒྲིག་པའི་སྤུས་ཚད་ཇི་ལྟར་མཐོར་འདེགས་གཏོང་བའི་སྐོར་གྱི་བསམ་གཞིག》དང་། 《གེ་སར་སྒྲུང་ལས་སྣང་ངུ་གཡུ་སྟག་གི་དཔའ་བོའི་སྣང་བརྙན་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་ལ་དཔྱད་པ།》བཅས་ཡོད་དོ། ། དེ་དག་ལས་སྒྲུང་གཏམ་ཐད་བླངས་པའི་གྲུབ་འབྲས་ནི་གཟེངས་སུ་ཐོན་ཏེ།  1999ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་50འཁོར་བའི་ལེགས་སྐྱེས་སུ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྲུང་གཏམ་དེབ་《སྟོན་གྱི་རང་སྒྲ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པར། རྒྱ་ཆེའི་ཀློག་མཁན་མང་པོས་དགའ་བསུ་ཐོབ་པ་བཅས་ལས་གཞན།  སྒྲུང་གཏམ་དེབ་འདི་ལ་སྔ་ཕྱིར་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་རྟ་མཆོག་བྱ་དགའ་དང་། སྐབས་གཉིས་པའི་རྒྱལ་ཡོངས་གངས་རྒྱན་རྟགས་མ་ཡི་རྩོམ་རིག་གསར་རྩོམ་བྱ་དགའ་སོགས་ཐོབ།

བར་སྐབས་དེར་རྩོམ་པ་པོ་ཁོ་ནི་རྒྱ་བོད་ཡིག་བསྒྱུར་གྱི་ལས་ཀའང་མང་པོར་ཞུགས་ཟིན་ཏེ། 《སྦྲང་ཆར་ལོ་འཁོར་20དཔེ་ཚོགས།》ལས་《བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས།》དང་། ཨ་ལེ་ཡི་སྒྲུང་རིང་《རྡུལ་འཚུབ་དྭངས་སོང་།》(ཚར་མེད།)གཉིས་མཉམ་བསྒྱུར་བྱས་པའི་བྱ་བར་ཞུགས་པར་མ་ཟད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་《ཀྲུང་གོའི་ན་ཆུང་བྱིས་པའི་ཤེས་བྱ་ཀུན་འདུས།》ལས་《འཚོ་བའི་རྒྱུན་ཤེས།》དང་། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་རིག་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་པོར་པར་སྐྲུན་བྱས་པའི་《ཤེས་རབ་འཕེལ་བའི་བསྟན་བཅོས།》ཞེས་པའི་དེབ་གཉིས་སྔ་ཕྱིར་བསྒྱུར་པ་དང་། ལྷག་དོན་2011ལོར་མཚོ་སྔོན་མི་རིགས་རྩོམ་རིག་ཡིག་བསྒྱུར་ཚོགས་པ་འཛུགས་དུས།  རྩོམ་པ་པོ་ཁོ་ཚོགས་པ་དེའི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་ལ།  ཕྱི་ལོ་ནས་བཟུང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྒྲིགས་ཤིང་།  རྩོམ་པོ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས།》2012ལོ་དང་2013ལོ་ཡི་སྒྲུང་གཏམ་དེབ་(སྟོད་ཆ)དང་། སྙན་ངག་དེབ་གཉིས་ཀྱི་གཙོ་སྒྲིག་པའི་འགན་འཁུར་ནས་ལས་ཀ་དེ་དུས་ལྟར་འགྲུབ་པར་བྱས་ལ། སྒོས་སུ་2014ལོ་ཡི་རྣམ་གྲངས་དེའི་དཔེ་དེབ་ལྔ་པོའི་ཡིག་བསྒྱུར་དང་གཏག་སྒྲིག པར་སྐྲུན་ཡོད་ཚད་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་གཙང་ལེན་བྱས་པར། བཀྲ་ཤིས་དོན་གྲུབ་ལགས་ནི་དཔེ་ཚོགས་དེའི་ཀྲུའུ་རེན་གཞོན་པར་བསྐོས་ཏེ།  སོ་སོའི་དེབ་ཀྱི་གཙོ་སྒྲིག་པ་དག་དང་མཉམ་གཅིག་ཏུ་བྱ་བ་དེ་སྔར་ལས་འཐུས་ཚང་དང་གྲལ་དག་པོར་འགྲུབ་པར་མཛད་ལ། དེབ་དེ་དག་ཁྲོད་ཀྱི་སྒྲུང་འབྲིང་《ལིའུ་ཝན་ཧྥུ་ཡི་གྱོད་དོན།》དང་། 《ཐུའུ་ཙི་ཆང་གི་སྒེར་གྱི་སྐྱོ་གདུང་།》 《ཐུན་མིན་འདྲི་རྩད།》བཅས་ལེགས་པོར་བསྒྱུར་ཐུབ་ཡོད།

2013ལོའི་ལོ་སྨད་དུ།  ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འོས་སྦྱོར་གནང་བ་ལྟར། པེ་ཅིང་གི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་ཉེར་གཅིག་པའི་གཞོན་དར་རྩོམ་པ་པོ་མཐོ་རིམ་དཔྱད་གླེང་འཛིན་གྲྭར་ཞུགས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་ནས་ཕེབས་པའི་རྩོམ་པ་པོ་ཞེ་བརྒྱད་དང་ལྷན་དུ།  ཆེད་མཁས་པ་མང་པོོས་རྩོམ་རིག་གཙོ་བྱས་བསླབ་བྱ་སྣ་ཚོགས་ཀྱི་འཆད་ཁྲིད་མཛད་པར་ཞིབ་ཏུ་ཉན་ཏེ། རང་ངོས་ཀྱི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་བའི་ཐད་འབད་པ་ལྷུར་ལེན་བྱས།  དུས་མཚུངས་སུ་ཁོས་སློབ་གླིང་དེ་རུ་རྩོམ་འཕྲོར་ལུས་པའི་སྒྲུང་འབྲིང་《བློ་མང་དོན་གྲུབ།》ཅེས་པ་མཇུག་གྲུབ་པར་མཛད་ཐོག དཔྱད་རྩོམ་《བོད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་གནས་བབ་དང་དེའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐབས་ལམ་སྐོར་གླེང་བ།》ཞེས་པའང་རྫོགས་པར་བྱས་ནས། ཀྲུང་དབྱང་མི་རིགས་སློབ་གླིང་དུ་འཆད་ཁྲིད་གནང་བར་སློབ་བུ་མང་པོས་དགའ་བསུ་ཐོབ། གཞན་དུ་ལོ་མཇུག་དེར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྐབས་བདུན་པའི་རྩོམ་པ་པོའི་འཐུས་མི་ཚོགས་ཆེན་བསྡུས་པར། ཁོ་རང་གསར་དུ་མཐུན་ཚོགས་དེའི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ལ།  ལོ་འདི་དག་རིང་དེ་གའི་འབྲེལ་ཡོད་མགོ་ཁྲི་དང་ལས་བྱེད་མི་སྣ་ཚོར་མཉམ་འབྲེལ་གྱིས་ཚོགས་མི་བསྡུ་བ་དང་། སློབ་སྦྱོང་ལ་མངགས་གཏོང་བྱེད་པ།  འབྲེལ་ཡོད་རྣམ་གྲངས་བརྩོན་ལེན་བཅས་ཀྱི་ལས་ཀ་སྐོར་ཞིག་བསྒྲུབས་དང་སྒྲུབ་བཞིན་མཆིས།

2015ལོའི་ཟླ་6པར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཁོའི་སྒྲུང་འབྲིང་དེབ་《བློ་མང་དོན་གྲུབ།》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པར། ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་ཀློག་པ་པོ་དང་ཆེད་མཁས་པ་ཚོས་གདེང་འཇོག་མཐོན་པོ་གནང་བཞིན་པ་ནི་རྩོམ་པ་པོར་མཚོན་ན་རྟིང་སྐུལ་ལམ་སྒུལ་ཤུགས་སུ་གྱུར་འདུག་སྟེ། ལོ་འདི་གཉིས་ནང་ཡིག་འབྲུ་ཁྲི་ཉེར་དྲུག་གི་བདག་ཉིད་ཅན་གྱི་སྒྲུང་རིང་ཐོག་མའང་ལོ་དེའི་ཟླ་9པའི་ནང་བརྩམས་གྲུབ་བྱུང་ཡོད་པས།  ང་ཚོས་སྲིན་པོ་རྫ་འདབས་ཀྱི་སྒྱུ་རྩལ་འཚོལ་སྙེག་མཁན་མཆོག་གི་རྩོམ་རིག་སྒྱུ་རྩལ་གྱི་ལམ་བུ་སྔར་ལས་ཡངས་བའི་སྨོན་འདུན་དང་བཅས་སོ། ། 


ཨ་མ་དང་ཙིག་མ།

1

“ཨ་མིག་ཆེ།ཁྱོད་ད་རུང་ཡོང་རྒྱུ་མིན་ནམ།ཁྱོད་མ་ཡོང་ཚེ་ངས་བྱིས་པ་ཚོ་ལྟོགས་གྲིའི་ཁ་ནས་ཐར་དུ་འཇུག་དཀའ།ལས་ངན་དུས་ཙིག་མས་ཀྱང་བར་མེད་དུ་ཐུབ་ཚོད་བྱས་འོངས།ངས་རྐུན་མ་དེ་གསད་རྒྱུ་ཡིན།ངས་སྔ་མོ་ནས་དབྱུག་གཏུན་ཞིག་གྲ་སྒྲིག་བྱས་ཡོད།ཨུ་ཧུ་ཧུ.....”

ཀུན་སྐྱིད་ཀྱི་གཉིད་བཤད་དང་ངུ་ཅོར་གསལ་མོ་དེས་མགོ་སྐྲ་ལུ་གུའི་ཚ་རུར་འགྱུར་ལ་ཉེ་བའི་སྒྱུག་མོ་གཉིད་ལས་བསླངས་སོང་།མོས་རང་སྟེང་ལ་བཀབ་ཡོད་པའི་སློག་པ་དེ་ཕར་ཕྱིས་ཙམ་བྱས་རྗེས།མ་གཞི་ནས་སྡོང་གོག་ལྟར་སྒུར་འདུག་པའི་ཁོག་སྟོད་ཡར་དགྱེ་ནས་ཉལ་མ་ལངས་སུ་བསྡད་འཕྲལ།མགོ་བོ་རང་སར་འཁོར་ཞིང་བུ་མོ་ཆུང་བ་ཚེ་དཀར་རུམ་ནས་ཉལ་ཡོད་པའི་མནའ་མའི་ཕྲག་མགོར་རྡེག་རྡེག་བྱས་ཏེ་མོ་གཉིད་ལས་བསླངས།

“ཨ་མ།ཁྱོད་ལྟོགས་པ་ཡིན་ནམ།འདི་འདྲ་སྔ་མོར་སད་སོང་བས.....”ཀུན་སྐྱིད་གློ་བུར་གཉིད་ལས་བསླངས་པར་བརྟེན་རིག་པ་དེ་འདྲ་གསལ་བོ་མེད་པ་འདྲ།རྟབ་རྟབ་པོར་མལ་ས་ལས་དལ་བུར་ཙོག་མ་ཐག་མིག་ཟུང་ཕུར་ཕུར་བྱེད་བཞིན་སྐད་དམའ་མོས་དེ་ལྟར་དྲིས་བྱུང་།

“ཁྱོད་ཀྱིས་ད་ནངས་ཀྱང་དེ་སྔོན་དང་འདྲ་བར་གཉིད་བཤད་བྱས་སོང་།ད་དུང་སྐྱོ་བའི་ངང་དུ་ངུས་སོང་།” སྒྱུག་མོས་མོའི་དྲི་བར་ལན་མི་འདེབས་པར་དེ་ལྟར་གསལ་བཤད་བྱས་རྗེས།ཡང་མུ་མཐུད་དུ“མདང་དགོང་ཡང་ལྷ་བུ་རྨི་ལམ་དུ་རྨིས་པ་ཨེ་རེད།ཁོ་ཅི་འདྲ་འདུག  ངའི་རྨི་ལམ་དུ་མི་འཁོར་བ་ཅི་ཡིན་ནམ།ད་ནི་དུས་སྔ་རྒྱུ་མེད་པས་ལངས་རན་སོང་།ནམ་གསལ་བྱུང”ཟེར།

དངོས་གནས་ནམ་གསལ་འདུག  སྐྱ་རེངས་ཀྱི་འོད་དཀར་ཤོག་བུ་སྦྱར་ཡོད་པའི་སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས་ཁྱིམ་ལ་འཛུལ་ཟིན་པས།ཁྱིམ་མི་ལྔ་པོ་ཉལ་སའི་ཚ་ཐབ་ནི་ཅུང་གསལ་བོར་མཐོང་ཐུབ།སྒྱུག་མོའི་རུམ་དུ་བུ་མོ་ཆེ་བ་དབང་འཚོ་འདུག་ལ།དེའི་གོང་དུ་བུ་ཆེ་མགོ་མཁའ་གོ་གཅིག་པུ་ཉལ་ནས་ཡོད།བྱིས་པ་ཚོའི་གཉིད་ཧ་ཅང་བདེ་བས་མོ་གཉིས་ཀྱི་སྐད་མགོ་ཧ་ཅང་དམའ།

“ལྷ་བུ་ཁོ་སྔོན་ཆད་རྨི་ལམ་དུ་རྨིས་པ་དང་གཅིག་པ་གཅིག་རྐྱང་རེད།སོ་དང་མིག་མ་གཏོགས་རྡོ་སོལ་གྱིས་གཡོགས་ནས་དཀར་པོའི་ཆ་ཞིག་རིག་མ་བྱུང་།མདང་དགོང་ཁོ་ངའི་རུམ་ལ་འཛུལ་ཡོང་།བུ་མོ་ཆུང་བའི་འགྲམ་པར་འོ་ཞིག་ཀྱང་བྱས་སོང་།ཡིན་ནའང་ཅང་མ་འགོར་བར་ལས་བྱེད་ཚན་ཆུང་གི་མིས་ཁོ་བཟུང་ནས་བུད་ཐལ།བཀྱིགས་ནས་བུད་ཐལ།ཁོའི་ལུས་སྟེང་དུ་རྔུལ་ཆུ་བཞུར་གྱིན་འདུག  ་ཁྲག་བཞུར་གྱིན་འདུག.....”

ཀུན་སྐྱིད་ཀྱི་བཞིན་ལ་དྭངས་མཐའ་བྲལ་པའི་སྡུག་མུན་ཞིག་འཐིབས་ཤིང་།འོད་མདངས་ཉམས་པའི་མིག་གིས་སྒྱུག་མོར་ལྟ་བཞིན་དེ་སྐད་ལབ་དུས།སྐད་ངག་པདྨའི་སྦུབས་སུ་ཚུད་པའི་བུང་བའི་སྒྲ་བཞིན་འདར་བྱུང་བས་སྐད་ཆའི་མུ་སྐྱོང་མ་ནུས།

“ངའི་བུ་འདི་ཅི་འདྲའི་ལས་ངན་ཞིག་རེད་ཨང་།རུ་གོང་འོག་གཉིས་ནང་བུ་སྟག་འདྲ་འབྲོང་འདྲ་མང་བོ་འདུག་ཀྱང་།རྒྱང་རིང་གི་སོལ་ཁུངས་དེར་ཁོ་འགྲོ་རུ་འཇུག་དགོས་དོན་ཅི་ཡོད།འདི་ཡོད་ཚད་འཕགས་པ་ཚེ་རིང་དགྲ་ཁ་དེས་ཁོག་ངན་བཅངས་པ་ཁོ་ཐག་རེད།ཨ་ཤི་རེ་ཁོ།”

སྒྱུག་མོས་སྲོན་མ་ཐུབ་པར་སྐད་ཕྱུང་ནས་ངུས་སོང་ལ།ངུ་སྒྲ་ནི་ཐོག་མར་མཐོ་ཞིང་མཇུག་དག་དམའ་བས་དེ་མ་ཉིད་དུ་ཆད་ལོས་འགྲོ་སྙམ་པའི་ཚོར་བ་སྦྱིན་འོངས།ཆད་མ་མཐུད་ཀྱི་ངུ་སྒྲ་དེས་ཐོག་མར་བུ་མཁའ་གོ་སད་དུ་བཅུག་བྱུང་ལ།དེ་ནས་བུ་མོ་དབང་འཚོ་དང་ཚེ་དཀར་གཉིས་ཀྱང་སྔ་ཕྱི་བྱས་ནས་སད་དུ་བཅུག་བྱུང་།གཉིད་ལས་སད་རྗེས་བྱིས་པ་ཆེ་བ་གཉིས་ཀ་ངུས་མ་སོང་ནའང་།ལོ་གཅིག་དང་ཕྱེད་ཀར་སོན་ལ་ཉེ་བའི་བུ་མོ་ཐ་ཆུང་ཚེ་དཀར་ནི་ཨ་ཡེ་དང་འདྲ་བར་སྐད་ཕྱུང་ནས་ངུས་སོང་།

ཀུན་སྐྱིད་ལངས་ནས་རས་ལྭའི་ཕྱུ་པ་རྙིང་ཧྲུལ་དུ་གྱུར་པ་དེ་གོན་ནས་སྐ་རགས་བཅིང་རྩིས་བྱེད་སྐབས་བུ་མོ་ཆུང་བ་ངུ་ཚུལ་མཐོང་བས།སྐ་རགས་ཐང་ལ་འཕངས་ཤིང་དབོ་ལུག་གིས་མར་སྒུར་ནས་ཚེ་དཀར་པང་དུ་བཏབ་སྟེ་ཤུགས་ཆུང་ངུའི་ངང་སྤྲུག་སྤྲུག་གཏོང་ཞོར།ངག་འཇམ་པོས“ལོ་ལོ་མ་ངུ་གཉིད་ལ་སྡོད།།གཉིད་ལ་སྡོད་དང་རྟ་ཞིག་སྟེར།།རྟ་ཞིའུ(ཆུང)སྒ་ཞིའུ་བསྟོད་ལ་སྟེར།།ས་ཡི་མེ་ཏོག་འབལ་ལ་སྟེར།།ནམ་མཁའི་སྐར་མ་འཛིན་ལ་སྟེར.....”ཞེས་དབྱངས་ལ་བཀུགས་ནས་གྱེར་སོང་སྟེ།དབྱངས་ལ་འགུགས་ཚུལ་ཧ་ཅང་སྙན་པས།བྱིས་པ་ཆེ་བ་གཉིས་ཀར་གློ་རྡེག་ལ་ལྷ་སྒྲུང་གི་འཇིག་རྟེན་ཞིག་ཏུ་དྲངས་འདྲའི་སྣང་བ་བྱིན།མོའི་གཉིད་འགུགས་ཀྱི་གླུ་དང་བསྡོངས་ནས་བུ་མོ་ཚེ་དཀར་གྱི་ངུ་སྐད་རིམ་བཞིན་རིམ་བཞིན་ཆད་སོང་ལ།ངུ་སྐད་ཆད་པ་དང་བསྟུན་ནས་མིག་ཟུང་བཙུམས་པ་དང་།མིག་ཟུང་བཙུམས་རྗེས་གཞི་ནས་སྔུར་བ་ཟ་ཟི་རེ་འཐེན་ཞོར་སླར་ཡང་གཉིད་ཀྱི་ཞིང་ཁམས་འགྲིམས་པར་གྱུར།

བར་དེར་མཁའ་གོས་རང་གི་ལུས་སྟེང་དུ་བཀབ་ཡོད་པའི་སློག་པ་ཕར་ཕྱིས་འཕྲལ་ཨ་ཡེའི་ཐུ་འོག་ཏུ་འཛུལ་བྱུང་ལ།འཛུལ་ནས་མོའི་ལག་པར་འཇུས་ཤིང་མགོ་བོ་ཨ་ཡེའི་དཔུང་བར་གློན་ཞོར་དུ“ཨ་ཡེ།ཁྱོད་མ་ངུ།ཁྱོད་ཀྱིས་ངའི་ཨ་ཕ་དྲན་པ་ཨེ་རེད།ཨ་ཕ་ཁོ་ཁྱིམ་དང་བྲལ་ནས་ལོ་གཅིག་ལྷག་འགོར་ཡང་།ད་རུང་ཕྱིར་མི་ཡོང་བ་ཅི་ཡིན་ནམ།རྫ་ཟོར་བ་ཟེར་བའི་སོལ་ཁུངས་དེ་གང་དུ་ཡོད་པ་ཡིན་ནམ།ཁོས་ང་ཚོ་དྲན་བཞིན་ཡོད་དམ”ཞེས་དྲིས་རྗེས།ཡང་སྐེ་སྔུན་ལ་བསྲིངས་ནས་ཨ་ཡེའི་གདོང་ལ་ཞིབ་ཏུ་བལྟས་བྱུང་།

ཨ་ཡེས་ཚ་བོའི་སློག་པ་ཚུར་འཐེན་ནས་ཁོའི་ལུས་སྟེང་དུ་འགེབ་ཙམ་བྱས་པ་དང་།དེ་ནས་ཁོའི་མགོ་བོར་བྱིལ་བྱིལ་གཏོང་ཞོར“ལོས་དྲན།ཁྱོད་ཀྱི་ཨ་མས་ཁྱོད་ཀྱི་ནུ་བོ་གཉིས་ཀ་དྲན་པ་བཞིན་དུ།ངས་ཀྱང་ཁྱོད་ཀྱི་ཨ་ཕ་དྲན་འོངས།ཁོ་ནི་ཁྱིམ་ཚང་འདིའི་གཡང་གི་ཟོ་ཞབས་ཡིན་པས།ཁོ་ཕྱི་ལ་སོང་བ་དེ་འགྲིག་མེད།ཁོ་སོང་རྗེས་འུ་ཅག་གི་འཚོ་བ་ཚད་འདི་འདྲར་ལྷུང་བ་རེད།ཁྱིམ་ཚང་ཞིག་ལ་བཟའ་དཔོན་མེད་ཚེ་ཅི་འདྲའི་དཀའ་ཨང་།ཡིན་ནའང་ཁོ་ཕྱིར་ཡོང་ཁོ་ཐག་ཡིན།ཁོ་འགྲོ་ཁར་ང་ལ་དམ་བཅས་ཡོད”ཅེས་སྨྲ་བཞིན་ཡང་སྔངས་སྐད་ཤོར་ལ།སྔངས་ནས་ཡུད་ཙམ་འགོར་རྗེས་གཅོམ་ཆུང་གི་སྐད་ཀྱིས“གཅེས་ལོ།རྫ་ཟོར་བ་ཟེར་བ་གང་དུ་ཡོད་པ་ཨ་ཡེས་ཀྱང་གསལ་བོ་མི་ཤེས།ས་ཁ་ཐག་ཧ་ཅང་རིང་ཟེར།ས་ངན་དེ་རུ་རྡོ་སོལ་ཅི་ཞིག་ལ་བུད་པ་ཡིན་ནམ།རྡོ་སོལ་བུད་མེད་ཚེ་ཁྱོད་ཚོའི་ཨ་ཕ་གནས་དེར་འགྲོ་དགོས་དོན་ཅི་ཡོད”ཅེས་ལབ་འོངས།

“ཨ་ཡེ།ངས་ཨ་ཕ་དྲན་བྱུང་ལ།ནུ་བོ་ཆུང་བ་ཚེ་མགོན་ཡང་དྲན་འོངས།ཁོ་ལ་ཆམ་པ་ཕོག་ཡོད་ཟེར་བས་ཅི་འདྲ་ཡིན་ནམ།”

རང་ལོ་བཅུ་ལ་བུད་མ་ཐག་པའི་དབང་འཚོ་ཡང་མལ་ས་ལས་ཡར་ཙོག་བྱུང་ལ།ཙོག་ནས་ཀྱང་ཕུ་བོས་ཨ་ཡེའི་ལག་པར་འཇུས་འདུག་ཚུལ་མཐོང་བས།མདང་དགོང་རང་ཉིད་རུམ་ནས་ཉལ་བའི་རྒད་མོ་གང་ཞིག་ད་ལྟ་ཉིད་དུ་ཕུ་བོས་འཕྲོག་སྲིད་པ་ལྟར་ལམ་སང་མོའི་དཔུང་བར་འཁྱུད་ནས་དེ་ལྟར་བརྗོད།

ཀུན་སྐྱིད་མར་སྒུར་ནས་བུ་མོ་ཚེ་དཀར་བསྙལ་ཞོར་དུ་སྐད་དམའ་མོས“ཁེ་ཉིན་ཆར་བ་བབས་ནས་ཁོམ་དུ་བཅུག་པར་བརྟེན།ང་ཁ་སང་ནུ་མོ་ལྕགས་མོ་ཐར་ཚང་ལ་འགྲོ་ཐུབ་པ་དེ་བཟང་སོང་།ཕ་མ་གཉིས་ཀ་བདེ་བ་ཤེས་ཐོག  སྲིང་མོ་མ་བུ་གཉིས་ཀའང་ནད་ཀྱིས་བཟུང་མི་འདུག་པས།ངའི་སེམས་བདེ་ལ་བབས་ཡོད།འོ་འོ།ལོ་ལོ་མ་ངུ་གཉིད་ལ་སྡོད།གཉིད་ལ་སྡོད.....”ཟེར་བཞིན་ཚེ་དཀར་གྱི་ལུས་སྟེང་དུ་ལག་པ་ཡང་མོས་རྡེག་རྡེག་འགའ་བྱས་རྗེས་དལ་བ་དལ་བུར་ཡར་ལངས་བྱུང་ལ།ལངས་ནས་སྐ་རགས་འཆིང་ཞོར་དུ“ད་ང་སེམས་མི་བདེ་ས་ཞིག་ཡོད་པ་ནི་དབང་འཚོས་བཤད་པའི་བུ་ཆུང་ཚེ་མགོན་རེད།ཨ་ཅེ་ཁོན་ཐར་སྒྲོལ་མ་ཚང་ཐག་མི་རིང་བས།ཨ་ཡེ་ཁྱོད་གཉིས་དེ་རིང་ནུ་བོར་བལྟ་རུ་སོང་ཞིག  གོ་ཐོས་ལྟར་ན་ཁོའི་ཆམ་པ་དྲག་སོང་ཡང་།ད་དུང་ལུ་བཞིན་འདུག་ཟེར་བས།ཤིང་མངར་སྐམ་པོ་འགའ་བཟུང་ན་ལེགས།མདང་དགོང་གི་ནུབ་ཁའི་མཚམས་སྤྲིན་ལ་བལྟས་ན་དེ་རིང་གནམ་ངོ་ཐང་ངེས་པས།ང་གཡུལ་གཅོག་ཏུ་འགྲོ་དགོས།འབྲུ་རྡོག་འགའ་རེ་ལག་ལ་ཨེ་ཡོང་དུ་བལྟ་དགོས།ཉིན་འདི་འགའི་ནང་ཙི་གུའི་སྐྱེ་བ་མ་བླངས་ན་དགུན་ཟླ་རིང་མོ་ཇི་ལྟར་བསྐྱལ་ལམ།མཁའ་གོ་དེ་རིང་ཡང་སྔོན་ཆད་ལྟར་བུ་རྫི་ཡིན་པས།ད་རུང་ཅུང་ཙམ་ཉལ་ཆོག”ཅེས་བརྗོད་བྱུང་།

“སྔོན་ཆད་ང་ལྷ་བུ་ཁྱོད་གཉིས་ཀྱིས་དབང་ལྡན་ཁོ་ལྕགས་མོ་ཐར་ལ་བུ་སྐལ་དུ་སྟེར་རྒྱུར་མ་འཐད་ཀྱང་།ད་ལྟ་འདང་བརྒྱབ་ཚེ་དོན་དག་དེ་བསྒྲུབས་པ་འགྲིག་འདུག  ས་ཆ་ཡུལ་ཕྱོགས་ལ་འདི་འདྲ་བའི་འགྱུར་ལྡོག་འབྱུང་རྒྱུ་ཡིན་པ་སུས་ཤེས་རྒྱུ།ཁ་འཁྲུག་བཤད་པ་མིན་ན་ནང་ལོགས་དང་རྫོང་ཐོག་ཏུ་མི་མང་བོ་ལྟོགས་ནས་འཆི་བཞིན་འདུག་ཟེར་བས།ཁྱོད་ཀྱི་ཕ་ཁྱིམ་ཕྱོགས་སུ་སྐྱོན་མེད་དམ།ང་ཚོའི་མགོ་ལ་དོན་དག་དེ་འདྲ་མི་ཡོང་རྒྱུ་མཁྱེན།རྗེ་བཙུན་འཕགས་མ་སྒྲོལ་མས་མཁྱེན།”སྒྱུག་མོས་དེ་སྐད་སྨྲ་བཞིན་ལག་ཟུང་ཐལ་མོ་སྦྱར་ནས་སྐད་ཆུང་ངུས་གསོལ་འདེབས་ཤིག་བྱས་སོང་ལ།མཐུད་ནས“དབང་འཚོ། ཁྱོད་སོང་ལ་ཚེ་དཀར་གྱི་འགྲམ་དུ་ཉལ་རོགས།མོ་འགུལ་བཞིན་འདུག་པས་སད་རྒྱུ་ཡིན་པ་འདྲ”ཞེས་ཚ་མོ་མངགས་པ་དང་།དེ་ནས་མཁའ་གོ་རང་གི་རུམ་ནང་ལ་ཉལ་དུ་བཅུག་རྗེས“ཀུན་སྐྱིད།ཁྱོད་ཀྱིས་བཤད་པ་དེ་ངོ་མ་བདེན་འདུག  དེ་རིང་དབང་འཚོ་ངེད་གཉིས་ཚེ་མགོན་ལ་བལྟ་རུ་འགྲོ།ཁོ་སྙིང་མ་རྗེ།ཨ་ནེ་ཚང་དུ་དུས་ཡུན་རིང་བོར་བསྡད་ཟིན་པས།ཡུལ་ལ་ཡོང་ན་འདོད་བཞིན་ཡོད་ངེས།ཡིན་ནའང་ཁོ་ནི་ལོ་ན་ཆུང་ཡང་རིག་པ་རྒོད་པས།ཁོའི་ཨ་མྱེས(གྲྭ་ལོག་ཅིག་ཡིན)འདྲ་བའི་མཁས་པ་ཞིག་ཡོང་རྒྱུ་ཡིན་པ་འདྲ”ཞེས་བཤད།

ཀུན་སྐྱིད་ཀྱིས་ཐབ་མདོ་རུ་དཀར་ཡོལ་ཁ་འདལ་རྙིང་བ་ཞིག་གི་ནང་ཆུ་འཁྱག་གང་བླངས་ནས་ཁ་ལག་བཀྲུ་བཞིན་ཡོད་དེ།སྒྱུག་མོའི་གཏམ་དག་གོ་བ་ལ།ངག་ནས“མཁས་པ་མཛངས་པ་ཟེར་བ་དེ་འདྲ་ཞིག་ཡོང་མི་དགོས།བྱིས་པ་འདི་ཚོ་ལྟོགས་གྲིའི་ཁ་ལས་ཐར་ནས་བདེ་བླག་ངང་ལག་ཆགས་བྱུང་ན་དེ་ཡིན།འུ་གཉིས་ཀྱིས་ལྷ་བུ་ཁོ་ལ་རྩིས་འཕྲོད་རྒྱུ་དེ་གལ་ཆེ”ཞེས་བརྗོད་པ་དང་།དེ་ནས་སྐ་རགས་ཀྱི་སྣེ་མོ་སྤྱད་ནས་ངོ་གདོང་འབྱིད་ཞོར་དུ“ལྷ་བུ་ཁོ་དངོས་གནས་འུ་ཚང་གི་གཡང་གི་ཟོ་ཞབས་ཡིན་པ་འདྲ།རྫ་ཟོར་བའི་ཕྱོགས་སུ་སོང་ནས་ཅང་མ་འགོར་བར་ཟ་མའི་དཀའ་ངལ་བྱུང་སོང་།གོ་ཐོས་སུ་དོན་འདིའི་བྱུང་རྐྱེན་ནི་རྒྱལ་ཁབ་ཅིག་ལ་མ་འགྲིགས་པས་འབྲུ་སྐྱིན་བྱིན་པ་རེད་ཟེར་ལ།ཡང་ནང་ལོགས་སུ་ཐན་པ་བྱུང་བས་ང་ཚོ་ས་ཆའི་འབྲུ་རྣམས་དེ་གར་སྐྱེལ་བཞིན་འདུག་ཀྱང་ཟེར།གང་ལྟར་དོན་དག་ཡག་པོ་མེད་པས།མིས་བཟའ་རུང་བ་མཐའ་དག་སྡུད་གསོག་བྱས་ན་བཟང”ཞེས་སྨྲས་བྱུང་།

གཏམ་དེ་གོ་བས་སྒྱུག་མོའི་གཉེར་མས་ཁེབས་པའི་གདོང་དུ་སེམས་ཁྲལ་གྱི་ཉམས་ཤིག་སླར་ཡང་མངོན་བྱུང་ལ།ཆུ་རྫའི་འགྲམ་དུ་ཅི་ཞིག་ལེན་རྩིས་བྱེད་པའི་ཀུན་སྐྱིད་ལ་ལྟ་ཞོར་དུ“དེ་འདྲ་ཡིན་ན་ལྷ་བུ་ཁོ་ཚོ་ཡོད་སའི་རྫ་ཟོར་བར་ཡང་མུ་གེ་བྱུང་ཡོད་རྒྱུ་རེད།མུ་གེ་བྱུང་ཐོག་ལས་ཀ་ལྕི་ཚེ་ངའི་བུས་ནུས་སམ།ཁོ་ཤི་མི་འགྲོའམ།ཕྱིར་ཡོང་མེད་ཚེ་འུ་ཅག་གིས་འཚོ་བ་ཇི་ལྟར་སྐྱེལ་ལམ།བྱིས་པ་འདི་ཚོ་མིག་ཁྲ་ཀྲིག་གེར་འུ་གཉིས་དང.....”ཞེས་སྐད་ངག་འདར་ཏེ་ཚིག་རྔ་སྐྱོང་མ་ནུས།

ཟོ་བ་ཁུར་ནས་ཆུ་ལེན་དུ་འགྲོ་བཞིན་པའི་ཀུན་སྐྱིད་ཀྱང་གཏམ་ཚིག་དེས་ཏབ་ཅིག་ལ་སྒྲོག་ཏུ་བཅིངས་པ་ལྟར་ནང་སྒོའི་ནང་རོལ་དེར་འགྲེང་ནས་སྡོད་དུ་བཅུག་སོང་བས།མོའི་ངག་ཀྱང་ཅུང་འདར་ཞོར་དུ“ཨ་མ།ཁྱོད་ཀྱིས་དེ་ལྟར་མི་ལབ་པར་ཞུ།ངའི་རྨི་ལམ་ལ་བརྟག་ནའང་ལྷ་བུ་ཁོར་སྐྱོན་མི་འདུག  ཁོ་ཤེས་རབ་ཆེ་ཐོག་སྡུག་འདག་ནུས་ལ།མིའི་རྣམ་འགྱུར་གོ་མཁན་དེའི་སྐོར་ཡིན་པས་སྐྱོན་ཡོད་མི་སྲིད།ཁོས་འུ་གཉིས་ལ་དམ་བཅས་ཡོད་པ་མིན་ནམ།ད་གཙོ་བོ་འུ་ཅག་གིས་ཧུར་ཐག་བྱ་དགོས།འུ་ཚོས་སྔོན་ཆད་ཀྱི་ཟོག་ཁང་ནང་གསང་བའི་སྒོ་ནས་བཏབ་པའི་ཞོག་ཁོག་དང་ལ་ཕུག་སོགས་སྐྱེས་ཚུལ་ལེགས།ཆུ་རེ་གཅོལ་ཐུབ་ན་བཟང་བས་ང་ཆུ་མིག་ཁར་འགྲོ་རྒྱུ་ཡིན།སྔོ་ཚལ་དེ་དག་གཞན་ལ་ཤེས་སུ་མ་བཅུག་པར་འབྲས་བུ་བསྡུ་ཐུབ་ཚེ།བྱིས་པ་ཆ་བོར་སྐྱོན་ཡོད་མི་སྲིད།ཁྱོད་སེམས་བདེ་བར་བྱོས”ཞེས་སྒྱུག་མོ་ལ་སྙིང་རུས་གདབ་པར་བྱས།

སྒྱུག་མོས་ཀྱང་མནའ་མའི་གཏམ་དེ་དག་གོ་བས་མིག་ཆུ་འབྱིད་བཞིན“ཡ་ཡ།ང་འདི་འདང་ལོག་བརྒྱག་རྒྱུར་དགའ་བས།རང་ཁ་རང་གིས་ཚོད་མི་ཟིན་པར་འདུག”ཅེས་རྗོད་ཞོར་འདུག་སྟངས་ཇེ་བདེ་ལ་གཏོང་ཙམ་བྱས་བྱུང་།

སྐད་ཆ་དེ་གོ་མ་ཐག  ཀུན་སྐྱིད་ཀྱིས་ནང་སྒོ་ཕྱེ་ནས་སྒོར་བུད་ལ།སྒོར་བུད་མ་ཐག་ཁ་སྒོ་སྐྱོར་ཙམ་བྱས་པར།མིག་ཆུའི་ཐིགས་པ་འགའ་རྡོག་སྣེར་ཐོར་སོང་།

2

ཀུན་སྐྱིད་མཉམ་ལས་ཁང་གི་ཟ་ཁང་དུ་ཕྱིན་ནས་ཕྱེ་ལྡུར་ཀ་ཏོ་ར་ཆུང་བ་སྐེད་ཙམ་ཁྱེར་ཡོང་བར།སྒྱུག་མོ་དང་བྱིས་པ་ཆེ་བ་གཉིས་མལ་ལས་ལངས་འདུག་ལ།མོ་སྒུར་སྒུར་ངང་དུ་ཙོག་སྟེ་ངུ་མཚམས་གཅོད་ཐབས་མ་བྱུང་བའི་ཚ་མོ་ཚེ་དཀར་པང་ནས་ངུ་ཁ་འགོག་བཞིན་ཡོད་པ་དང་།མཁའ་གོ་དང་དབང་འཚོ་གཉིས་ཀའང་ཨ་ཡེའི་ཉེ་ལོགས་སུ་བསྡད་ནས་མཚམས་རེར་ཚེ་དཀར་གྱི་ངུ་ཚུལ་ལ་ལྟ་ཞིང་།ལན་རེར་ཨ་ཡེའི་འུ་ཐུག་པའི་ཉམས་མངོན་པར་ཤར་བའི་ངོ་གདོང་ལ་ལྟ་བར་བྱེད།

སྒྱུག་མོས་ཀུན་སྐྱིད་ཁྱིམ་ནང་དུ་ཡོང་བ་མཐོང་བས“ཨ་རོག  ཚེ་དཀར་གྱི་ཕོ་བ་ལྟོགས་ཀྱིན་ཡོད་པ་འདྲ།ངུ་བཞིན་ངུ་བཞིན་ཇེ་བཙན་ལ་བུད་འགྲོ།ཁྱོད་ཡོང་ནས་ངུ་ཁ་ཞིག་འགོག་རོགས”ཞེས་བཤད་བྱུང་།

“ཡ།”ཀུན་སྐྱིད་ཀྱིས་ཀ་ཏོ་ར་དེ་སྟོང་ལྷིང་ངེར་འདུག་པའི་ཤིང་ལེབ་སྟེང་དུ་བཞག་རྗེས།ཐད་ཀར་ཚ་ཐབ་སྟེང་འགོས་ཡོང་ནས་བུ་མོ་ཚེ་དཀར་སྒྱུག་མོའི་པང་ནས་བླངས་སོང་ལ།ངག་ནས“ལོ་ལོ་མ་ངུ་ཁ་རོག་སྡོད”ཅེས་སྒྲོག་ཞོར་ཕར་འགྲོ་ཚུར་འོང་བྱེད་བཞིན་སྤྲུག་སྤྲུག་ཡུད་ཙམ་བྱས་པར།བུ་མོས་ཀྱང་ཨ་མ་ངོས་ཟིན་པ་ལྟར་ངུ་སྐད་ཇེ་ཆུང་ལ་ཕྱིན་པ་དང་བསྟུན་ནས་ངུ་མཚམས་བཞག་སོང་།ངུ་མཚམས་བཞག་པ་ན་མོས་ཚི་ལེན་ཡར་བརྫེས་ཏེ་བུ་མོར་ནུ་མ་བསྣུན་མགོ་བརྩམས་པར།མོས་ལག་པ་ཆུང་ངུས་ཨ་མའི་ནུ་མ་སྐྱོར་བཞིན་ནུ་མ་ནུ་ཞོར་དུ་ཨ་མའི་གདོང་ལ་གཡེལ་མེད་དུ་ཅེར་བར་བྱེད།བུ་ཕྲུག་གཞན་དག་དང་བསྡུར་ན་ཚེ་དཀར་གྱི་སྨུག་ཅིང་སྒོར་བའི་ངོ་དེ་ཁྱོ་ག་ལྷ་བུར་རིག་པར་མ་ཟད།མོའི་རི་མོ་ཅན་གྱི་མིག་ཟུང་ནི་ལྷག་པར་ལྷ་བུ་དང་དཔར་འདུག་པས།ཀུན་སྐྱིད་ཀྱི་སེམས་ཁོང་གི་གཏིང་ཞིག་ནས་དྲན་གདུང་དང་ཡིད་ཚིམ།སྤྲོ་སྣང་གང་ཡིན་མི་ཤེས་པའི་ཚོར་བ་ཟ་ཟི་ཞིག་ཟ་འཕྲུག་སློང་བ་ལྟར་ལུས་པོའི་ཕྱོགས་ཡོངས་སུ་མཆེད་བྱུང་ལ།བཞིན་ལའང་ངུ་མ་དགོད་དང་སྐྱོ་མ་འཛུམ་གྱི་ཉམས་འགྱུར་ཞིག་མངོན་འོངས།

“ཨ་མ།ངའི་ཕོ་བ་ལྟོགས་བྱུང་།”

མཚམས་དེར་བུ་མོ་དབང་འཚོ་ཡོང་ནས་ཀུན་སྐྱིད་ཀྱི་ཐུ་བར་འབྱར་ནས་དེ་སྐད་སྨྲས་པ་ལ།མོའི་ད་སྔོན་བྱུང་མ་ཐག་པའི་ཚོར་བ་དག་ནི་རི་དྭགས་ཚོགས་ཀྱིས་རྔོན་པ་མཐོང་བ་ལྟར་སྐད་ཅིག་མར་གར་སོང་རྗེས་མེད་དུ་ཡལ།

ཀུན་སྐྱིད་ཀྱིས་མོའི་མགོ་ལ་རེག་ཙམ་བྱས་འཕྲལ།ཨ་ཡེའི་གམ་དུ་ཙོག་འདུག་པའི་མཁའ་གོར་གཏད་ནས“ཝེ།ཁྱོད་ཀྱིས་སྲིང་མོ་ཁྲིད་དེ་སྒོ་ཁ་ནས་རྩྭའི་རོ་མ་སླེ་བོ་གང་འཁུར་ཡོང་རོགས།རློན་པ་དག་ཁྱེར་ཡོང་མི་ཉན།སྐམ་པོ་དག་ཁྱེར་ཤོག”ཟེར་བ་ལ།

མཁའ་གོ་ཡང་སྒྱིད་ལུག་པའི་ཉམས་དང་བཅས་ཡར་ལངས་ནས“ཨ་མ།སླེ་བོ་གང་དུ་ཡོད་དམ”ཞེས་དྲིས་བྱུང་།

“སླེ་བོ་ཟོག་ཁང་གི་གྱང་རྩ་རུ་བཞག་ཡོད།”

ཀུན་སྐྱིད་ཀྱིས་བུ་མོ་ཚེ་དཀར་གྱི་མིག་ཟུང་ལ་ལྟ་བཞིན་དེ་སྐད་བརྗོད་སོང་།ཚུལ་དེ་ནི་མོས་ད་ཅི་ཡི་ཚོར་སྣང་དེ་སླར་ཡང་སེམས་ཁོང་གི་གཞི་ནས་ཆུ་མིག་ནང་བཞིན་བརྡོལ་ཡོང་བར་སྒུག་བཞིན་པ་དང་ཀུན་ནས་མཚུངས།

མཁའ་གོས་སྲིང་མོ་དབང་འཚོའི་ལག་པ་ནས་བཟུང་སྟེ་ལྷས་སུ་འགྲོ་བཞིན་པར།མོའི་གོམ་འགྲོས་དལ་བ་ནི་རྐང་བས་ལུས་པོ་ལྕོགས་ཀྱིན་མེད་པ་དང་ཧ་ཅང་འདྲ།

“ཀུན་སྐྱིད།ཁྱོད་ད་ལོའི་དབྱར་ཁ་ལས་ཀྱང་ངན་ལ་རབ་ཅིག་སོང་ཡོད་པས།ད་ཚེ་དཀར་ལ་ནུ་མ་བཀར་ཆོག་ཆོག་ཡིན།བྱིས་པས་ནུ་མ་བྲུས་ན་ཨ་མའི་ལུས་ལ་གནོད་ངེས།བྱིས་པ་ཚོའི་ཕུང་བོ་གཙོ་ལ།ཁྱོད་ཀྱི་ཕུང་བོ་ཡང་དེ་བཞིན་དུ་གཙོ་བ་ཡིན།”

སྒྱུག་མོས་སྔོན་ཆད་ཕྱི་མོ་སྒོ་དང་ལུས་སྐྱེས་གཟུགས་ས་ཆ་འདིར་སུས་ཀྱང་བསྒྲུན་དུ་མེད་པའི་མནའ་མ་ཀུན་སྐྱིད་ནི་མི་ལོ་ཁྱུད་འཁོར་གཅིག་ལྷག་ནང་གློ་བུར་རྒ་བཞིན་པ་དང་།ལྷག་པར་ཆ་ག་མངོན་པར་གསལ་བའི་མིག་ཟུང་སྐོགས་སུ་ལྷུང་ལ་མཁུར་ཚོས་ཅུང་བརྒྱངས་ནས་ཡོང་བཞིན་པ་མཐོང་བས།མོར་ཧུར་རེ་ལྟ་ཞོར་དེ་སྐད་བརྗོད་པ་དང་།མཐུད་ནས་ཁོག་སྨད་དུ་བཀབ་ཡོད་པའི་སློག་པ་ཕར་ཕྱིས་རྗེས་ཁ་རྡང་ལ་ཁེན་ནས་ཡར་ལངས་བྱུང་ལ།ལངས་ནས་ཚ་ཐབ་ཀྱི་གཏད་མར་ལག་རྟེན་ཟད་པོ་ཞིག་ཡོད་པ་དེ་བླངས་འཕྲལ“ང་གཅིན་ཐོག་ལ་འགྲོ་དགོས”ཞེས་བཤད་པ་དང་།ཡང་རང་གི་སྒལ་གཞུང་ལ་རྡུང་ཞོར་དུ“ནད་བཙོག་འདི་དྲག་རྒྱུ་མི་འདུག སྒལ་བའི་ནང་ནད་འདི་འདྲ་ཞིག་བྱུང་མེད་ཚེ།   ང་་ཡང་ཆུ་འཁུར་དུ་སོང་ཆོག་ཆོག་ཡིན།ཁྱོད་ལ་རོགས་ཅི་ཐུབ་བྱས་ཆོག་ཆོག་ཡིན”ཟེར།

“ཨ་མ།ཁྱོད་ཀྱིས་ང་ལ་རོགས་མང་བོ་བྱས་ཟིན།ཁྱོད་ཡོད་པས་ལྷ་བུ་རང་གི་རྩིབ་ན་ཡོད་པ་དང་འདྲ།སྒོར་འགྲོ་དུས་སེམས་ཆུང་བྱོས།”

ཀུན་སྐྱིད་ཀྱིས་སྒྱུག་མོ་མིག་སྐྱེལ་བྱེད་བཞིན་དེ་སྐད་སྨྲས་སོང་ལ།སེམས་སུ་མོ་མེད་ཚེ་རང་གིས་ཇི་ལྟར་བྱའམ།ད་ནི་བུ་ཕྲུག་ཚོ་ལ་གོད་ཆག་འབྱུང་མི་ཉན་པ་བཞིན་དུ།སྒྱུག་མོར་ཡང་བར་ཆད་ཡོང་མི་ཉན་ཏེ།ཁོ་ཚོའི་ཆེད་དུ་རང་གིས་རྒྱུ་འབྲས་ལ་མི་རུང་བའི་ལས་གང་ལ་འཕྲད་ཀྱང་ཚམ་ཚོམ་མེད་པར་བསྒྲུབ་འོས་སྙམ་པ་བྱུང་།

“ཡ་ཡ།”

སྒྱུག་མོས་དེ་སྐད་སྨྲ་བཞིན་ནང་སྒོ་ཕྱེ་འཕྲལ”ལག་རྟེན་ལ་ཁེན་ནས་སྒུར་སྒུར་ངང་སྒོར་བུད་སོང་།

ད་ནི་ཉི་འོད་སྡེ་བའི་ནང་ཤར་ཟིན་པ་འདྲ།ནང་སྒོ་ལས་དཀར་འོད་ཅིག་ཁྱིམ་དཀྱིལ་དུ་ཕོག་བྱུང་ལ།དེ་དང་བསྡོངས་ནས་བསེར་བུ་ལྡོམ་པོ་ཞིག་ཀྱང་ཁྱིམ་ནང་དུ་འཁྱག་སིབ་སིབ་ངང་རྒྱུ་འོངས།

བསེར་བུ་འཁྱག་པ་དེ་དང་བསྡོངས་ནས་ཀུན་སྐྱིད་ལ་གྲང་འདར་ཞིག་བརྒྱབ་བྱུང་བས།མོས་ད་ནི་སྟོན་དུས་མཇུག་རྫོགས་ལ་ཉེ་ནས་དགུན་དུས་རྐང་འཇབ་ལག་འཇབ་ཏུ་ཡོང་བཞིན་པ་ཚོར་བས་ན།ཚ་ཐབ་སྟེང་དལ་བུར་ཙོག་སྟེ་མུ་མཐུད་དུ་ཚེ་དཀར་ལ་ནུ་མ་བླུད།བུ་མོས་ད་ཅི་དང་འདྲ་བར་མོའི་གདོང་ལ་ཡོ་མེད་དུ་ལྟ་བར་བྱེད་པས།མོས་བུ་མོའི་མིག་ཟུང་བརྒྱུད་ནས་ལྷ་བུ་དྲན་བྱུང་ལ།མདང་དགོང་གི་རྨི་ལམ་དེ་ཡང་ཡིད་ལ་ཝ་ལེར་ཤར་ཡོང་།

“ཨ་མས་ཁྱོད་ལ་སྟོན་ཚར་རག་བར་དུ་ནུ་མ་ལྡུད་རྒྱུ་ཡིན།དེ་ལྟར་བྱུང་ན་ཁྱོད་ལ་ལོ་གཅིག་དང་ཕྱེད་ཀར་ནུ་མ་བླུད་ཟིན།ཁྱོད་ཀྱི་ཨ་ཕ་འགྲོ་ཁར་ང་ལ་ཁྱོད་བདེ་བླག་ངང་བཙའ་རྒྱུ་དང་།སྐྱོན་མེད་པར་བསྐྱང་རྒྱུ་ནན་ནན་བྱས་ནས་བཤད་བྱུང་།ངས་ཁས་ལེན་བྱས་ཡོད།”

ཀུན་སྐྱིད་ཀྱིས་བུ་མོ་ཚེ་དཀར་ལ་དེ་ལྟར་ཁ་བརྡ་བྱས་སོང་ལ།ཁ་བརྡ་དེ་བརྒྱུད་ནས་སྐབས་དེར་ཁྱོ་བོས་གདམས་པའི་དོན་ཇི་སྙེད་ཅིག་ཀྱང་དྲན་ངོགས་སུ་གསལ་ལྷང་ངེར་ཤར་ཡོང་།

དེ་ནི་ཁྱོ་བོ་འགྲོ་ཁའི་སྔ་དགོང་མོ་སྟེ།སྒྱུག་མོས་བྱིས་པ་ཆེ་བ་གཉིས་ཀ་ཁྲིད་ནས་གཞོགས་ཁང་དུ་ཉལ་བར་ཕྱིན་པས།ཁོ་བཟའ་ཟླ་གཉིས་ཀ་ཚ་ཐབ་འདིའི་སྟེང་དུ་ཉལ་བ་ཡིན།དེའི་དུས་བུ་ཕྲུག་བཙའ་བའི་ཟླ་ལ་བསླེབ་པར་ཉེ་བས།མོའི་ཕོ་བ་ནི་ལུག་གི་གྲོད་པུ་བཞིན་དུ་ཧ་ཅང་ཆེ།ལྷ་བུས་བྱིས་པ་སྔོན་མ་དག་བཙའ་ཁ་དང་ཆ་འདྲ་བར་རྩུབ་རེག་ཆེ་བའི་ལག་པ་དེས་མོའི་ཕོ་བར་རེག་རེག་བྱེད་པའི་མཚུངས་སུ།རྣ་བ་མོའི་ཕོ་བར་གཏད་ནས་ཉན་ཏེ་ཕོ་མོ་གང་ཡིན་གྱི་དཔྱད་པའང་གཏོང་བར་བྱེད།ཁོ་གཉིས་ཀྱིས་མཚན་མོ་དེར་དགའ་རྩེད་གླེང་མོལ་བྱས་ཏེ་གཉིད་ཡེ་ནས་མ་ཡོང་།མི་ཡོང་དོན་ནི་ཁྱོ་བོས་མོ་ལ་ཡར་སྔོན་དང་འདྲ་བར་བྱིས་པ་བཙའ་དུས་ཟོག་ཁང་དུ་སོང་ན་བཟང་ཚུལ་དང་།ཟླ་ནང་དུ་རང་ལུས་ལ་བདག་བྱས་ནས་འཁྱག་ཏུ་མི་འཇུག་པ།བྱིས་པ་གཞན་དག་དང་འདྲ་བར་ཕྲུ་གུ་འདིར་ཡང་ནུ་མ་ལོ་གཅིག་ལྷག་ལ་ལྡུད་དགོས་ཚུལ་བཅས་བཤད་པར་མ་ཟད།ད་དུང་རེབ་འདིར་ཕྲུ་གུ་ནི་བུ་མོ་ཞིག་ཡིན་སྲིད་ལ།བུ་ཞིག་སྐྱེས་ཚེ་ཁྱོད་ལ་རིག་ངེས་པ་དང་།བུ་མོ་ཞིག་ཡིན་ཚེ་རང་ཉིད་དང་འདྲ་ངེས་པ་ཡིན་ཅེས་སྨྲ་ཞོར་འོ་ཡང་ཡང་བྱས་སོང་།ད་ནི་རང་གིས་ཁོར་བུ་མོ་ཞིག་བཙས་ཟིན་ལ།བུ་མོའི་ཁ་རིས་ངོ་ཚུགས་ཁོ་དང་ཨ་ན་མ་ན་ཞིག་ཡོད་འདུག་པས།ཁོ་ཕྱིར་ཡོང་ནས་མཐོང་ཚེ་བཞིན་ལ་འཛུམ་དཀར་གྱི་མེ་ཏོག་དགོད་ངེས།རྗེས་སུ་ད་རུང་ཚེ་དཀར་ལ་རིག་འདྲའི་བྱིས་པ་དགོས་ཞེས་སྨྲ་ཡང་སྲིད.....

“ཨ་མ།རྩྭ་གང་ལ་འཇོག་རྒྱུ་ཡིན།”

མཁའ་གོའི་གློ་བུར་བའི་འདྲི་ཚིག་དེས་མོ་ཡེར་རེར་བཏང་།མགོ་བོ་དགྱེ་ནས་མར་བལྟས་པ་ལ།བུ་ཡིས་རྩྭའི་རོ་མ་སླེ་བོ་གང་ཁུར་ནས་གོ་འདབས་སུ་བསླེབས་འདུག་པ་དང་།ཁོའི་རྗེས་སུ་ཨ་ཡེས་བུ་མོ་དབང་འཚོ་སྐྱོར་བའམ།དབང་འཚོས་རང་གི་ཨ་ཡེ་སྐྱོར་བ་གང་ཡིན་རྟོགས་དཀའ་བ་ཞིག་བྱས་ནས་ཁོ་གཉིས་ཀའང་གཅིག་ལ་གཅིག་བརྟེན་ངང་ནང་སྒོ་ལས་འཛུལ་ཡོང་།

“གོ་འདབས་སུ་ཞོག་དང་།ང་ད་ཡོང་།”

ཀུན་སྐྱིད་ཀྱིས་ཚེ་དཀར་པང་དུ་བཟུང་ནས་ཡར་ལངས་འཕྲལ་ཚ་ཐབ་ལས་མར་བབས་བྱུང་བ་དང་།དེ་ནས་ཀ་རྩར་ཙོག་མ་ཐག་པའི་སྒྱུག་མོའི་ལག་ཏུ་བུ་མོ་ཚེ་དཀར་བཞག་རྗེས“ཨ་མ།ཕྱེ་ཁུག་ཆུང་བ་དེ་གང་དུ་བཞག་ཡོད་དམ”ཞེས་དྲིས་སོང་།

“ངས་ཙིག་མས་བརྐུ་བར་དོགས་ནས་ཁང་བའི་ཡ་ཕུག་གི་ཀ་བའི་སྟེང་བཀལ་ཡོད།”

སྒྱུག་མོས་ཁང་བའི་ཕུག་སྟོད་ཕྱོགས་སུ་བལྟས་ཙམ་བྱས་རྗེས་དེ་སྐད་སྨྲས།

དུས་ཡུན་རིང་བོ་མ་འགོར་བར་ཀུན་སྐྱིད་ཀྱིས“ཨ་ཙི།ཙིག་མ་དེ་དངོས་གནས་གསོད་རན་པའི་མི་ཚད།མ་ཤི་གསོན་ལྤགས་བཤུ་རན་ལ་བསླེབས་འདུགལྟས་ངན་འདི་ཀ་སྟེང་དུ་འགོས་ནས་ཕྱེ་ཁུག་དབྲལ་ཟིན།ཕྱེ་ཉུང་ཙམ་ཡང་ཐང་ལ་གཅོལ་ནས་ཡོད”ཅེས་ཁྲོ་གཏམ་འདྲ་བ་ཞིག་སྨྲས་བྱུང་བར།

“ཨེ་བདེན་ནམ།ཐང་ལ་འཇོག་རྒྱུ་ཞིག་མེད་པས།ངས་བསམ་གཟས་ནས་ཀ་སྟེང་དུ་བཀལ་བ་ཡིན།”

སྒྱུག་མོའང་ཐེ་ཚོམ་ངང་ཡར་ལངས་ནས་དོན་དངོས་ཡིན་མིན་ལ་བལྟ་རུ་འགྲོ་རྩིས་བྱས་པར།མནའ་མས་ཕྱེ་ཁུག་ཆུང་བ་དེ་ཁྱེར་ཡོང་བཞིན་པ་མཐོང་བས་དེ་ག་རུ་ལངས་ནས་བསྡད་སོང་།མོས་ཀུན་སྐྱིད་ཀྱི་ལག་གི་ཕྱེ་ཁུག་ཆུང་ངུ་དེར་བལྟས་པར།ངོ་མ་ཟུར་ཞིག་ཏུ་བུ་ག་ཆུང་ངུ་ཞིག་བཏོད་འདུག་ལ།བུ་ག་རུ་དཀར་ཤ་མངོན་པའི་ཕྱེ་དེ་ཕྱིར་འཇུར་ལད་བྱས་ནས་ཡོད་པའང་གསལ་བོར་མཐོང་།

“ངོ་མ་ལྟས་ངན་ཟེར་བ་རེད།ལས་ངན་དུས་ཙིག་མ་འདིས་འུ་ཚོ་ལ་ཐུབ་ཚོད་ཡང་ཡང་བཏང་འོངས།ང་ལ་ཡར་སྔོན་སྲོག་ཆགས་དེ་གསད་འདོད་སྐྱེས་མ་མྱོང་།ད་ནི་གཏེ་བོ་འདིས་སྙིང་རྗེ་སྒོམ་ས་མི་འགྲོ་བར་བཏང་བྱུང་།ཀུན་སྐྱིད།ད་ནི་ཨ་མ་རྒས་ཟིན་པས་ཕྱེ་ཁུག་ལའང་བདག་དོམ་བྱེད་མི་ཐུབ་པར་འདུག   དེ་རིང་ནས་བཟུང་ཁུག་མ་དེ་ཁྱོད་ལ་སྤྲད་པ་ཡིན་པས།ཁྱོད་ཀྱིས་ཇི་ལྟར་བཤད་ན་དེ་ལྟར་ཡིན། ”

མོ་སླར་ཡང་ཀ་རྩ་རུ་ཙོག་ཞོར་དེ་སྐད་བརྗོད་བྱུང་།

“རེད་ཡ།ཙིག་མ་འདིས་ང་ཚོ་ལ་རྐུས་མ་བྱས་པའི་བསམ་པ་མེད།འབྲུ་རིགས་དག་ཁུར་འགྲོ་བའི་ཁར།ད་ལྟ་ཕྱེ་ཁུག་ཀྱང་དབྲལ་འགྲོ།དངོས་གནས་མ་བསད་ས་མི་འགྲོ་བར་བཏང་འོངས།”ཀུན་སྐྱིད་ཀྱིས་ངག་འདར་ཞོར་དེ་སྐད་སྨྲས་རྗེས།ཡང“མཁའ་གོ   ཁྱོད་ཀྱིས་ཐབ་ནང་དུ་མེ་འབུད་རོགས།ད་ནི་འུ་ཚོས་སྔོན་ལ་ནངས་འཚལ་འཐུང”ཞེས་ཟེར་ཞོར་ཚུར་ཡོང་ནས་ཕྱེ་ཁུག་ཆུང་ངུ་དེ་ཐབ་སྟེང་དུ་ནར་ནས་བཞག་རྗེས།ཤིང་ལེབ་འགྲམ་དུ་སོང་སྟེ་ཀ་ཏོ་ར་ཁྱེར་ཡོང་ནས་ཕྱེ་ལྡུར་སླ་ངའི་ནང་བླུགས་བྱུང་ལ།མཐུད་ནས“དེ་རིང་ནས་བཟུང་ཁྱིམ་མི་གང་བོས་ཙིག་མའི་ཚང་གང་དུ་བཅོས་ཡོད་ཚུལ་ལ་མཉམ་འཇོག་བྱོས།ཙིག་མ་དེ་མ་བསད་ཚེ་འུ་ཅག་གི་ཟས་སྐལ་ཕྲོགས་ནས་འདུག་ཏུ་འཇོག་རྒྱུ་མ་རེད།སུས་རིག་ན་གསོད་ཐུབ་ཚེ་སོད་ཅིག  ཐེ་ཚོམ་ཉག་ཙམ་ཡང་འཛིན་མི་དགོས”ཞེས་བཀའ་ཡིག་ལྟ་བུ་ཞིག་བསྒྲགས་སོང་།

ཁྱིམ་ནང་ཧྲིལ་པོ་དལ་ཅག་གེར་ཡོད་ལ།ཐབ་ནང་གི་མེ་ལྕེ་ཁོ་ན་འུར་འུར་དུ་འབར་བར་བྱེད།མེ་ལྕེའི་བྱེད་ནུས་ལས་དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་སླ་ང་ལས“སིར་སིར”གྱི་སྒྲ་ཆུང་ངུ་ཞིག་གྲགས་བྱུང་བར།ཀུན་སྐྱིད་ཕར་སོང་ནས་ཐུར་མ་ཞིག་བླངས་ཏེ་ཕྱིར་བུད་ཡོང་བ་དང་།ཡོང་ནས་སླ་ངའི་སྒྲ་ལ་ཡུད་ཙམ་ཉན་རྗེས།གཞི་ནས་སླ་ངའི་ཁ་ལེབ་ཕྱེ་བ་ལ།རླངས་པའི་ཚོགས་ནི་དཀར་ཐོལ་ཐོལ་གཅུད་ལོག་འདྲ་བ་ཞིག་བྱས་ཏེ་ཁང་བའི་གདུང་ལྕམ་བར་དུ་འཛུལ་བ་དང་བསྟུན་ནས་གར་སོང་ཆ་མེད་དུ་ཡལ་འགྲོ།མོས་ཙིག་མས་དབྲལ་བའི་ཕྱེ་ཁུག་གི་བུ་ག་ལས་ཕྱེ་ཉུང་ཙམ་ཉུང་ཙམ་རེ་ཡོང་དུ་འཇུག་ཞོར་ཐུར་མས་བར་མེད་དུ་སླ་ངའི་ནང་དཀྲུག་པར་བྱེད།མཐུད་ནས་ཕྱེ་ཁུག་སླར་ཡང་ད་ཅིའི་ཁ་མལ་དུ་བསྙལ་ནས་བཞག་རྗེས།ཐུར་མ་ཡིས་ཕྱེ་ལྡུར་ཡང་ཡང་དཀྲུགས།

“མཁའ་གོ  ད་མེ་འབུད་མཚམས་བཞག་ཆོག  སྔོན་ཆད་དང་བསྡུར་ན་ལས་ཀ་འདི་ལས་ཤེས་བཞིན་འདུག  ཐོད་པའི་རྔུལ་ཆུ་དེ་ཕྱིས་ལ་ཐོངས།དབང་འཚོ།  ཁྱོད་ཨ་ཡེ་ལ་ཁེན་ནས་བསྡད་དེ་ཅི་བྱེད་དམ།རང་ལ་རུས་པ་མེད་སོང་བ་ཨེ་རེད།ཨ་ཡེས་ལོ་ལོ་བཟུང་ཡོད་པས།ཁྱོད་གཉིས་ཀྱིས་མནན་ཚེ་མོས་བཟོད་དམ།དེ་ལས་ཕར་སོང་ལ་དཀར་ཡོལ་དང་ཐུར་མ་ཁྱེར་ཤོག”

ཀུན་སྐྱིད་ཀྱིས་བྱིས་པ་གཉིས་ཀར་དེ་ལྟར་བཀོད་སྒྲིག་བྱས་སོང་བར།ཁོ་གཉིས་ལོ་ན་ཆུང་ཡང་ཁ་ལེན་ཚིག་བརྩི་བྱེད་ཤེས་པས།   རང་རང་སར་ལས་ཀར་འབད་པར་བྱེད།

ཕྱེ་ལྡུར་དཀར་ཡོལ་ནང་བཅུས་སོང་བར།ད་ཅི་ཁྱེར་ཡོང་བ་དང་བསྡུར་ན་ཅུང་ཟད་ཇེ་འབག་ཏུ་ཕྱིན་ཡོད་ནའང་།ཁྱད་ཆེན་པོ་ཞིག་ཤོར་ཡོད་པ་རྟོགས་ཐབས་བྲལ།སོ་སོས་ཅབ་ཅོབ་ཏུ་འཐུངས་རྗེས།དཀར་ཡོལ་གྱི་ངོ་ཡང་གཙང་མར་བལྡགས་ཟིན་པས།ད་ནི་ཀུན་སྐྱིད་ལ་དཀར་ཡོལ་བཀྲུ་བའི་ལས་ཀ་དེ་སྟབས་བདེར་རབ་ཅིག་བཏང་འདུག

“ཉིན་འདི་དག་གི་རིང་ནངས་མ་རེ་རེར་ཕྱེ་ལྡུར་བཏུང་དགོས་པས།ངོ་མ་སུན་ནི་ཞིག་རེད། ”

བུ་མཁའ་གོས་རང་གི་འགྲམ་པའི་ངོས་ཀྱི་ཕྱེ་ཁུ་འབྱིད་ཙམ་བྱས་རྗེས་དེ་སྐད་ལབ་སོང་།

“ངས་ཀྱང་འཐུང་ན་མི་འདོད་ཀི   ཚྭ་ཁུ་ཡང་དེ་འདྲ་མི་བྲོ་བར་འདུག”

བུ་མོ་དབང་འཚོས་ཀྱང་ཨ་མའི་ངོ་ལ་མིག་གིས་ལྷེམ་ལྷེམ་ལྟ་ཞོར་དེ་ལྟར་སྨྲས་བྱུང་།

“ཁྱོད་གཉིས་ལ་ཁག་མི་འདུག  ཁག་མེད་པ་ཨ་ཡེ་དང་ཨ་མ་གཉིས་ཀྱིས་ཤེས་ཡོད།ཤེས་ཡོད་ནའང་གནས་སྐབས་སུ་ཐབས་བཀོད་མི་འདུག  རྗེས་སུ་ཟོག་རྭའི་ནང་གི་ཞོག་ཁོག་སོགས་བསློགས་རྗེས་ཁྱོད་གཉིས་ལ་གསང་བའི་སྒོ་ནས་ཞོག་ཁོག་དང་ལ་ཕུག་མངར་མོ་སོགས་བཙོས་ཆོག   དོན་འདི་མི་ཆེ་བ་ཚོས་དྲིས་ན་བཤད་མི་ཉན་ལ།རྩེད་རོགས་བྱིས་པ་ཚོར་ཡང་ལབ་མི་རུང་།ཁོ་ཚོས་ཤེས་སོང་ན་ཚང་མ་ཡོང་ནས་བསློགས་ཏེ་རུ་ཁག་ནང་སྤྲད་འགྲོ།རུ་ཁག་ནང་སྤྲད་ཚེ་ཁྱོད་གཉིས་ལ་བཟའ་རྒྱུ་མེད་སོང་བ་ཡིན།རྗེས་སུ་ཡང་ཕྱེ་ལྡུར་བཏུང་དགོས།ཨ་ཡེ་ངེད་གཉིས་ཀྱི་མགོ་ལའང་ཅི་ཞིག་ཡོང་མིན་མི་ཤེས།ཨེ་གོ་ཐལ།”

ཀུན་སྐྱིད་ཀྱིས་བྱིས་པ་གཉིས་ཀར་ངོ་གནག་ནས་དེ་ལྟར་གཟབ་ནན་ངང་བཤད་པ་ལ།དེ་གཉིས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ“གོ་ཐལ”ཞེས་ལན་བཏབ་འོངས།ལན་བཏབ་རྗེས་སྔ་ཕྱི་བྱས་ནས་ལྷས་རར་རྩེ་བར་ཕྱིན་སོང་།

སྒྱུག་མོའི་བཞིན་ལ་ཡང་བསྐྱར་སེམས་ཁྲལ་གྱི་ཉམས་ཤིག་མངོན་བཞིན“རུ་ཁག་གཞུང་ནས་ནངས་དུས་མ་གཏོགས་མེ་བུས་མི་ཆོག་པར་བཟོས་པ་འདིས་ང་ཚོའི་མིད་པའི་རྩ་བ་ནས་བསྒག་རྩིས་འདུག  རྗེས་སུ་ཞོག་ཁོག་དང་ལ་ཕུག་མངར་མོ་སོགས་བསློགས་རྗེས་ཇི་ལྟར་བདག་བྱེད་པ་དང་སྲེག་པའི་ཆ་ལའང་སྔ་མོ་ནས་འདང་བརྒྱབ་ན་འགྲིག”ཅེས་བརྗོད་བྱུང་བར།

ཀུན་སྐྱིད་ཀྱིས་སླ་ང་དང་དཀར་ཡོལ་སོགས་འཁྲུད་ཞོར་དུ“ཚུལ་དེར་ངས་འདང་བརྒྱབ་ཡོད།གཞོགས་ཁང་གི་ཕུག་ཏུ་ས་དོང་ཟབ་མོ་ཞིག་བརྐོས་ནས་བདག་ཡག་པོ་བྱས་རྗེས།ནངས་དུས་མེ་གསོ་བའི་སྐབས་སུ་ཉུང་ངུ་རེ་བསྲེག་ཆོག་ལ།དགུན་དུས་རྫོང་ཐབ་ནང་དུ་བསྲེག་ཀྱང་ཚོས་ངེས་ཡིན”ཅེས་ལབ་སོང་།

“ཀི   གཡུལ་གཅོག་ཏུ་ཤོག   ཀི   རེམ་མ་གཡུལ་གཅོག་ཏུ་ཤོག”

དེ་ནི་རུ་གཙོ་འཕགས་པ་ཚེ་རིང་གི་སྐད་སྒྲ་ཡིན་ལ།ལོ་འདི་དག་ནང་རུ་ཁག་འདིའི་དབང་རིལ་བུ་འདྲ་བ་དེ་ཁོས་བཟུང་ཡོད་པས།སྐད་སྒྲའི་ནང་བཙན་དྲག་གི་ཆ་དེ་མངོན་སུམ་དུ་འདྲེས་འདུག

“ཀུན་སྐྱིད།ལས་ཀ་དེ་བསྐྱུར་ཞོག  ཅུང་ཙམ་ནས་ངས་བཀྲུ་ཆོག   ད་མྱུར་དུ་གཞུང་ལས་ལ་ཆས་ཤིག   རྗེས་སུ་ལུས་ན་དགྲ་ཁ་ཀན་གྱིས་ཚོད་ཚོད་ལ་སྡིགས་མོ་བྱ་ངེས།འུ་ཚང་མིག་ལ་མ་རན་པར་བསྡད་ཡོད་པ་མི་ཤེས་སམ།”

སྒྱུག་མོས་དེ་སྐད་སྨྲ་ཞོར་ཚེ་དཀར་པང་ནས་ཀ་བར་ཁེན་བཞིན་ཡར་ལངས་བྱུང་།

“ཨ་མ།ད་བཀྲུས་ནས་ཚར་སོང་།དེ་རིང་གཙོ་བོ་དབང་འཚོ་ཁྱོད་གཉིས་བུ་ཚེ་མགོན་ལ་བལྟ་རུ་འགྲོ་བ་དེ་གལ་ཆེ།ཤིང་མངར་ལྷས་རའི་གྱང་ཁ་རུ་བཞག་ཡོད་པས་འཁྱེར་རྒྱུ་མ་བརྗེད།དྲོས་ཇའི་རྗེས་སུ་ཆོད་པར་བྱས་ནས་ཕྱིར་ཡོང་རོགས།རུ་གོང་མ་ཐག་རིང་རྒྱུ་མེད་པས་ལྡོག་ཐུབ་ངེས་ཡིན།ཅེ་ཁོན་ཐར་སྒྲོལ་མ་བཟའ་ཚང་གང་བོར་ང་ཚོས”དཀའ་ལས་མང་བོ་གཏད་སོང་།ལེགས་སྐྱེས་སུ་རྗེན་ཐོ་འགའ་ལས་ཅང་འཁྱེར་རྒྱུ་མེད་པས།ཁྱོད་ཀྱིས་ངག་ནས་བཀའ་དྲིན་ཡང་ཡང་ཞུ་རོགས།སྟོན་ལས་ཚར་རྗེས་སུ་ཚེ་མགོན་ཡང་རང་ཁྱིམ་དུ་བླངས་ན་འགྲིག   ཁོ་ཚོ་མུ་མཐུད་དུ་དཀའ་ལས་ལ་གཏོད་མི་རུང་།”

ཀུན་སྐྱིད་ཀྱིས་དེ་ལྟར་ལབ་ཞོར་ཚུར་ཡོང་ནས་སྒྱུག་མོའི་པང་ནས་ཚེ་དཀར་ཚུར་བླངས་འོངས།

“འབྲུ་རྐུ་དུས་ལྟག་ག་ཚང་གི་བུ་མོ་གོ་རྒས་མ་ལྷ་མོ་བྱམས་ལ་མཉམ་ཞོག  མོ་འཕགས་པ་ཚེ་རིང་དགྲ་ཁར་ཁ་ཐུག་འདུག་ཟེར་བས།ཁྱིམ་མཚེས་ཚང་གི་མནའ་མར་ཡང་དོན་དེ་བཤད་རོགས།ལྷ་མོ་བྱམས་མེད་ཤུལ་དུ་རང་གཉིས་ཀྱིས་ལག་འཇོག་ཐུབ་ན་རབ་ཡིན།དེ་སྔོན་ཀོ་ལྷམ་ཡུ་རིང་དང་ལུད་སྒྱེ་ཆུང་ངུའི་ནང་རེབ་འགར་བརྐུས་པ་དེ་ཧ་ཅང་བཟང་།གཙོ་བོ་གཞན་ལ་ཤེས་སུ་མི་འཇུག་རྒྱུ་དེ་གལ་ཆེ། ”

སྒྱུག་མོས་མནའ་མར་གཏད་ནས་བསླབ་བྱ་ཟབ་མོ་དེ་གནང་འཕྲལ།སྒུར་སྒུར་ངང་ལྷས་སུ་བུད་པ་དང་།བུད་ནས་ཅང་མ་འགོར་བར་དབྱངས་ལ་འགུགས་པ་ལྟར“དབང་འཚོ།ཨ་དབང་འཚོ”ཞེས་ཚ་མོ་འབོད་པའི་སྒྲ་དེ་ནང་སྒོ་དང་དྲ་མ་སོགས་བརྒྱུད་ནས་ཕྱིར་ཁྱིམ་ནང་དུ་མཆེད་ཡོང་།

3

ཉིན་བྱེད་དབང་བོ་ནི་དུས་ལས་ཡོལ་བ་མེད་པར་ཤར་ཕྱོགས་ལྷུན་པོའི་རྩེ་ནས་ཐག་ཚད་ཙམ་དུ་འཕགས་འདུག་ལ།འོད་ཀྱི་ཟེར་མས་སྡེ་བ་ཧྲིལ་པོ་སེར་ལམ་ལམ་དུ་བཏང་འདུག གསལ་འཚེར་གྱི་ཉི་འོད་དེའི་འོག་ཏུ་སྡེ་བའི་རྐ་འགྲམ་དང་ལམ་འགྲམ་བཅས་སུ་བཙུགས་ཡོད་པའི་མ་གལ་སྡོང་བོ་སོགས་ལས་ལོ་མ་སེར་སྐྱ་དག་ནི་འོད་ཀྲིག་ཀྲིག་བར་མེད་དུ་ལྷུང་གིན་ཡོད་ལ།ལྷུང་ཟིན་པའི་ལོ་མས་ཁྱབ་པའི་གཞུང་ལམ་སྟེང་དུ་ཀུན་སྐྱིད་ཀྱིས་བུ་མོ་ཚེ་དཀར་རུམ་དུ་བཅུག་ཅིང་།བུ་མཁའ་གོ་ལག་གིས་ཁྲིད་ནས་སྡེ་སྟོད་དུ་ཁོ་མོ་ཚོའི་ཚན་ཆུང་གི་གཡུལ་ཁ་ཡོད་ས་དེ་དམིགས་ནས་ཕྱིན།

མ་བུ་གསུམ་པོ་གཡུལ་ཁའི་ནང་བསླེབས་དུས།ལས་རོགས་གཞན་དག་ད་དུང་གནས་དེ་གར་ཡོང་མེད་ལ།རུ་གཙོ་འཕགས་པ་ཚེ་རིང་གཅིག་པུ་ནག་རོག་གེར་གཡུལ་ཁའི་གཏད་མར་ལངས་ནས་དུ་བ་འཐེན་བཞིན་འདུག ཚུལ་དེ་ནི་ལོ་འདི་དག་ནང་ཁོ་ལ་གསར་དུ་ལོབས་པ་སྟེ།ལས་བྱེད་ཚན་ཆུང་གི་ཁོངས་མི་ཚོར་ལད་མོ་བྱས་ནས་ལོབས་པ་ཞིག་རེད།ཁོས་ཀུན་སྐྱིད་ཡོང་བ་མཐོང་བས་སོལ་བ་ལྟར་ནག་པའི་ངོ་ལ་བཅོས་མའི་འཛུམ་མདངས་ཤིག་མངོན་པར་བྱས་ཏེ“ཁྱོད་དེ་རིང་དུས་ལྟར་བསླེབས་ཡོང་བས་ཧ་ཅང་བཟང་།རུ་ཁག་ནང་བསྟོད་པ་བྱས་ན་འགྲིག  འོ།ཅི་བྱུང་བ་ཡིན་ནམ།ངོ་མདོག་མི་བཟང་བར་ལྟོས་དང་།མདང་དགོང་ཡང་ཁྲམ་པ་ཞིག་གི་ལག་ཏུ་ཤོར་སོང་བ་མ་ཡིན་ནམ།མཁོ་བ་ཡོད་ཚེ་བདག་ཀྱང་ཁྱོད་ཀྱི་འདོད་པའི་སྐོམ་པ་དེ་སེལ་དུ་ཡོང་ཆོག”ཅེས་ཁ་གློང་རྩིས་བྱས་བྱུང་།

མོས་ཁོའི་བཤད་པའི་སྐད་ཆ་དེ་དག་ལ་སྣང་བརྟག་མི་བྱེད་པར།ཕར་སོང་ནས་གྲོ་ཤོག་འགའ་ཚུར་དྲུད་ནས་ཡོང་རྗེས་སུ།བུ་མོ་ཚེ་དཀར་ལ་ཉལ་ས་བཅའ་མགོ་བརྩམས།ཚུལ་དེ་ནི་གཉོམ་ཆུང་འདུག་ཤེས་ན།བཙན་པོས་སྒུལ་མི་ཚུགས་ཞེས་པའི་ཐབས་བཀོད་དེ་ཡིན་པ་འདྲ།

“ཀི  གཡུལ་གཅོག་ཏུ་ཤོག  རེམ་མ་གཡུལ་གཅོག་ཏུ་ཤོག”

འཕགས་པ་ཚེ་རིང་ལའང་ཟེར་རྒྱུས་ཕོངས་ཏེ་ཁ་སྡེ་བའི་ཕྱོགས་སུ་འཁོར་ནས་ད་ཅི་དང་འདྲ་བར་ཀི་འབོད་ཅིག་བྱས་སོང་ལ།ཀི་སྒྲའི་ནང་དེ་སྔོན་དང་འདྲ་བར་བཙན་དྲག་གི་ཆ་དེ་ཏིལ་ལ་ཏིལ་མར་བཞིན་འདྲེས་ནས་ཡོད།

ཡུད་ཙམ་ནས་ཁོས་དུ་སྣེ་ཐང་ལ་གཡུགས་ཤིང་རྐང་བས་གཅིར་ཙམ་བྱས་ཏེ་མེ་བསད་རྗེས་ཐད་ཀར་ཀུན་སྐྱིད་ཀྱི་གམ་དུ་ཡོང་།ཡོང་ནས་སྐད་བསལ་ཙམ་བྱས་འཕྲལ“ཁྱོད་ཚང་གི་མཛོ་མིག་སོགས་ད་ནི་ཕྱིར་བསླེབས་ཟིན་ན་འགྲིག་མོད།ད་ལྟའི་བར་མི་ཡོང་དོན་ནི་རྫ་ཟོར་བ་དང་ཉེ་སའི་ཞིང་གཉེར་ར་བ་ཞིག་ཏུ་མངགས་སོང་ཟེར།དེ་གར་རྒྱ་མོ་ལས་བཟོ་པ་མང་བས་མག་པར་བསྡད་ཡོད་ཀྱང་སྲིད།ཁྱོད་ངའི་འགྲོགས་བཟང་བྱེད་ངེས་ཚེ།ངས་ཕྱོགས་གང་ཅིའི་ཐད་ནས་ཁྱོད་མ་བུ་ཚོར་རོགས་བྱེད་ཐུབ།བསམ་བློ་ཞིབ་མོ་ཐོངས”ཞེས་སྐད་མགོ་ཇེ་དམའ་རུ་བཏང་ནས་ལབ་བྱུང་།

“ཝེ།རུ་གཙོ།ཁྱོད་འདིར་ཡོང་རོགས།ངེད་ཚང་གི་ཨ་ཕར་རླུང་ཁ་སྐྱེས་བྱུང་བས།སྨན་ཁང་དུ་འདྲུད་དགོས་པར་འདུག”

མཚམས་དེར་སྡེ་བའི་གསར་བུ་ཞིག་གཡུལ་ཁའི་གྱང་ཟུར་དུ་ཡོང་ནས་འཕགས་པ་ཚེ་རིང་བོས་བྱུང་བར།ཁོས“ཀུན་སྐྱིད།དོན་དེའི་ཐད་ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས”ཞེས་བཤད་འཕྲལ་ཚབ་ཚུབ་ངང་འབོད་མཁན་དེའི་ཕྱོགས་སུ་ཕྱིན།

ཁོ་གཡུལ་ཁའི་གྱང་ཁར་འཛེགས་ཏེ་ཕར་ནང་དུ་ལྡིང་སོང་བར།ཀུན་སྐྱིད་ལ་སྐྱུག་མེར་བའི་ཚོར་བ་ཞིག་བྱུང་བར་བརྟེན།ཁོ་ཡལ་སའི་ཕྱོགས་དེར་མཆིལ་མ་ཞིག་འཕངས་ཏེ།ངག་ནས“མི་ངན་པའི་སྐོར་དེ་ཝ་མོ་ལས་ཀྱང་གཡོ་སྒྱུ་ཆེ།ང་ཇི་ལྟར་གླེན་ཡང་ཁྱོད་ཀྱི་གཡོ་འོག་ཏུ་ཚུད་མི་སྲིད།ང་མི་ཚེ་གང་བོར་ཁེར་རྐྱང་དུ་ཐབས་རྡུགས་ངང་སྡོད་དགོས་ཀྱང་།ཁྱོད་ལ་ལག་པས་རེག་ཙམ་ཡང་བྱེད་དུ་འཇུག་མི་དཔེ”ཞེས་ཁེར་ལབ་འདྲ་ཞིག་བྱས་སོང་།ཨ་མའི་ཁེར་ལབ་དེ་ནི་བུ་མོ་ཚེ་དཀར་གྱིས་རང་ལ་ཁ་སློང་བར་འདུག་སྙམ་པ་འདྲ།མོའི་གདོང་ལ་གཏད་ནས་འཛུམ་ཙམ་བྱས་བྱུང་བར།ཀུན་སྐྱིད་ཀྱིས་བུ་མོའི་འཛུམ་མདངས་ལས་ཁྱོ་གའི་འཛུམ་དམུལ་མཐོང་བ་ལ།མུ་མཐུད་དུ“ཚེ་དཀར།ཁྱོད་ཀྱིས་བཤད་ན་དེ་འདྲ་ཞིག་ཨེ་རེད།ཨ་ཕ་ཁོ་ཕྱིར་བསླེབ་ངེས་ཡིན།ཨ་ཕས་ང་ཚོ་ལ་ཁྲེལ་མེད་བྱེད་མི་སྲིད།འཕགས་པ་ཚེ་རིང་ནག་གྱོང་གི་གཏམ་ཚིག་དེ་དག་ཁ་དགྲ་ལ་བསྒྱུར།ཁོས་ང་ལ་དེ་སྔོན་རང་གི་ལ་རྒྱ་ཤོར་དུ་བཅུག་པར་ཤ་འཁོན་རྩོད་བསམ་པ་རེད།ང་ཁོ་ལ་མི་འཐད།ཁྱོད་ཀྱི་ཨ་ཕར་འཐད་པ་ཡིན།ཁྱོད་ཀྱི་ཨ་ཕའི་ལ་གཞས་གཅིག་གིས་ངའི་སེམས་པ་ཡོངས་སུ་ཕྲོགས་སོང་།ང་རང་མོས་ཀྱིས་ཁོའི་རྗེས་སུ་འབྲངས་ནས་ཡོང་བ་ཡིན”ཅེས་ལབ་ཞོར་དྲན་པའི་རྟ་མཆོག་གི་ཁ་ལོ་གཅུན་ཐབས་མ་བྱུང་བར་རང་དབང་ངང་འདས་དོན་གྱི་ཐང་ཆེན་ལ་ཤོར་དུ་བཅུག

དེ་ནི་ལོ་ངོ་བཅོ་ལྔའི་སྔ་རོལ་གྱི་དོན་དག་ཅིག་ཡིན།ཡུལ་འདི་གར་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་དྲུག་ཉིན“ཆུ་དཀར”ཟེར་བའི་དུས་ཆེན་ཞིག་ཡོད་ལ།དམངས་ཁྲོད་དུ་གྲགས་པ་ལྟར་ན།ཉིན་དེར་འཛམ་བུ་གླིང་གི་ཆུ་ཐམས་ཅད་སྨན་དུ་གྱུར་ཡོད་ཟེར་བས།དད་ལྡན་ཕོ་མོ་མང་བོས་ནངས་སྔ་མོ་ནས་ཞིམ་པོའི་ཟས་ཟོས་ཐོག  མཛེས་པའི་གོས་གྱོན་ནས་པད་མའི་ཚལ་ལ་བུང་བའི་འདུ་འགོད་བཞིན་སྨད་ཕྱོགས་རྨ་ཆུའི་འགྲམ་ངོགས་སུ་བྱེ་རྡོ་ཆེན་པོའི་སྲུབས་སུ་བཞུར་འོངས་པའི་ཆུ་མིག་ཁ་དེར་འཛོམས་ནས་ཆུ་འཐུངས་པ་དང་།སྣོད་ནང་དུ་ལེན་པ།ཁ་ངོ་བཀྲུ་བ་སོགས་བྱེད།རང་ཉིད་ཀྱང་སྡེ་བའི་གསར་མོ་སྐོར་ཞིག་དང་འགྲོགས་ནས་སོང་བ་ལ།ཕྱི་དྲོའི་མཚམས་སུ་མི་ཀུན་པོ་ཉེ་ལོགས་ཀྱི་སྡོང་རའི་ནང་འདུས་ཏེ་ལ་གཞས་ལེན་མགོ་བརྩམས།དེའི་དུས་སྨད་ཕྱོགས་རྫོང་མཁར་དང་ཐག་ཉེ་སའི་སྡེ་བ་ཀུན་ཏུ་མོ་ལའང་གླུ་དང་ལ་གཞས་བླངས་ནས་མཚན་སྙན་གྲགས་ངེས་ཅན་ཞིག་ཡོད་པས།རང་གི་ལེན་རོགས་ནི་སྟོད་ཕྱོགས་སྲིན་པོ་རྫ་འདབས་ཀྱི་ཚོ་དྲུག་སྡེ་བ་ནས་ཡོང་བའི་སྟག་ཤར་ལྷ་བུ་ཟེར་བ་དེ་དང་ཁེལ།གསར་བུ་དེ་ནི་གདོང་སྨུག་ཅིང་མིག་ཆེ་ལ་སོ་དཀར་བས་མི་ཚད།སྐད་སྙན་ཞིང་འཛུམ་ལྡན་ལ་འཁོར་ཚུལ་ཡག་པས།དངོས་གནས་ལྷ་ཡི་བུ་ཕྲུག་མི་ཡུལ་དུ་བྱོན་པ་འདྲ་བ་ཞིག་མཆིས།ཁོའི་མིག་གི་ལྟ་ཕྱོགས་ལས་ཀྱང་རང་ཉིད་བློར་འབབ་བཞིན་པ་དང་འདྲ་བས།ཁོ་གཉིས་ཀྱིས་སྣང་བ་མཐུན་པའི་སྐོར་རྐྱང་རྐྱང་བླངས་ནས་དུས་ཚོད་འགའ་ཇི་ལྟར་འདས་པའང་མ་ཚོར།དེ་དག་ལས་མོས་ཚེ་གང་བོར་བརྗེད་ཐབས་བྲལ་པ་ནི་ཁོས་བག་ལྷོད་པའི་ངང“ཟབ་མོ་ལ”ཡི་དབྱངས་རྟར་བཀུགས་ནས་བླངས་སོང་བའི་ལ་གཞས་དེ་ཡིན་ལ།ལ་གཞས་དེའི་འགུགས་ཤུགས་ཀྱིས་མོ་ནི་རང་སྡེ་དང་བསྡུར་ཚེ་མཐའ་འཁོབ་ཏུ་སྨྲར་རུང་བའི་ས་ཆ་འདིར་གནས་ལ་ཡོང་དགོས་བྱུང་།ལ་གཞས་དེ་ནི་ད་ལྟའང་མོའི་ཡིད་ལ་རྡོ་བརྐོས་རི་མོ་བཞིན་བབས་ཡོད་པས།“བསུབས་ཀྱང་གསུབ་རྒྱུ་མི་འདུག”ཅེས་པའི་ཚད་ལ་བསླེབས་ཡོད།

“ཡ་ལ།

ཁྱོས་མར་ལ་མ་ལྟ་ཡར་ལ་ལྟོས།།

ཡར་ལྟོས་དང་རྫ་ཞིག་རིག་ནོ་འདི།།  

རྫ་རྩེ་གསུམ་དགུང་ལ་སྙེག་འདྲ་བོ།།

ངའི་སྐྱེས་ལྷ་ཨ་མྱེས་སྲིན་པོ་ཡིན།།

རྫ་ཀན་ལ་བློ་རྩེ་ཁྱོས་གཏོད་དང་།།

ཁྱོད་ཁ་འཛིན་མགོན་སྐྱབས་དེས་བྱེད་ལ།།

ཁྱོས་ཡར་ལ་མ་ལྟ་མར་ལ་ལྟོས།།

མར་ལྟོས་དང་སྡེ་ཞིག་རིག་ནོ་ཀན།།

སྡེ་ཆེན་པོ་མར་ཁུ་འཁྱིལ་འདྲ་བོ།།

ངའི་སྐྱེས་ཡུལ་ཚོ་དྲུག་ལྷ་སྡེ་ཡིན།།

སྡེ་ཀན་ལ་བློ་རྩེ་ཁྱོས་གཏོད་དང་།།

མ་ཁྱོད་ཀྱི་གནས་ཡུལ་དེ་ཉན་ན།།”

ལ་གཞས་ཀྱི་བརྗོད་དོན་ཟབ་མོ་དེ་དང་དབྱངས་རྟ་སྙན་མོའི་བག་ཆགས་ཀྱིས།ཁྲོམ་ཚོགས་གྲོལ་ནས་ཡོང་ཁར་ཁོས་རང་ལ་སྒམ་པོའི་ངང་དུ“ཁྱོད་སྡོད་དང”ཞེས་སྨྲ་དུས།རང་ཉིད་རང་གི་གོམ་འགྲོས་ལ་རང་དབང་མ་ཡོང་བར་དེ་མ་ཉིད་དུ་བསྡད་སོང་ལ།ཟོལ་མེད་སེམས་ཀྱིས“འདི་ནི་གཉེན་རྟགས་སུ་བྱིན་པ་ཡིན”ཟེར་ནས་དངུལ་དཀར་གྱི་མཛུབ་དཀྲིས་ཤིག་གཏད་ཡོང་བར།རང་གི་ལག་པ་རང་གིས་བཀག་སྡོམ་མ་ཐུབ་པར་འཕྲལ་མར་བླངས་སོང་།ཡིན་ནའང་གཉེན་རྟགས་ལེན་རྒྱུ་ལས་སླ་མོར་བདོག་ཀྱང་།བུ་མོས་གནས་དྲན་ནས་འགྲོ་བསམ་དུས་བློ་ཡུལ་ལས་འགོངས་པ་ནི་ཨ་ཕས་མཐའ་གཅིག་ཏུ་ངོ་རྒོལ་བྱས་སོང་བ་དེ་རེད།རྒྱུ་མཚན་ནི་སྡེ་བ་དེའི་གསར་བུ་འཕགས་པ་ཚེ་རིང་གི་ཕ་རྒན་དང་མོའི་ཨ་ཕ་གཉིས་ནི་མནའ་བཅད་ཡིན་པ་ལ།ཁོ་རང་ཁྱིམ་དུ་ཡོང་ཐེངས་རེར་ཀུན་སྐྱིད་རང་གི་བུ་ལ་མནའ་མར་སྟེར་དགོས་ཚུལ་ཡང་ཡང་གླེངས་པར་བརྟེན།ཨ་ཕས་ཀྱང་མ་བྱིན་ས་མི་འགྲོ་བའི་ཚད་ལ་གཏུགས་ཡོད་པས་རེད།ཡིན་ནའང་ཕྱིས་སུ་ཨ་མས་རང་ལ་རྒྱབ་སྐྱོར་བར་མེད་བྱས་ཐོག  ལོ་གསར་སྐབས་སུ་ལྷ་བུ་རང་སྡེའི་དུད་ཚང་ཞིག་ཏུ་སྟོན་མོར་ཡོང་བ་དང་།ཉིན་དེར་ཁོས་གླུ་བླངས་ཐོག་གཏམ་བཤད་ནས་གྲགས་པར་གྱུར་པས།ཨ་ཕའི་ངག་ལས་ཀྱང“བུ་དེ་རང་ག་བའི་བུ་ཞིག་མ་རེད”ཅེས་ཤོར་པ་དང་སྦྲགས་ནས་དེ་སྔའི་ཨུ་ཚུགས་ཀྱི་མདུད་པའང་རང་གྲོལ་དུ་བུད་སོང་།རང་ཉིད་སྡེ་བ་འདིར་གནས་ལ་ཡོང་མཚམས་སུ།ཁོ་མནའ་བཅད་གཉིས་ཀྱི་འགྲོ་འོང་ཡང་དུམ་སེར་ཆད་པར་མངོན།

“ཨ་ཅེ།ཡང་ཨ་རྒྱ་ལྷ་བུ་དྲན་བཞིན་པ་མ་ཡིན་ནམ།”

གློ་བུར་བའི་སྐད་སྒྲ་གསལ་མོ་དེས།མོ་ཕྱིར་དྲན་གྱི་ཀློང་ནས་སྐད་ཅིག་ཉིད་ལ་དངོས་ཡོད་ཀྱི་འཚོ་བའི་ནང་དུ་དྲུད་འོངས།མགོ་བོ་དགྱེ་ནས་ཡར་བལྟས་པར།ཁྱིམ་མཚེས་ཚང་གི་མནའ་མ་འབྲུག་མོ་རྒྱལ་གྱིས་ནམ་རྒྱུན་གོན་པའི་རས་ལྭ་རྙིང་བ་དེ་གོན་ནས་མོའི་མདུན་དུ་ལངས་འདུག་ལ།མཆན་དུ་ལུད་སྒྱེ་ཆུང་བ་ཞིག་བཙིར་ནས་ཡོད།

“འོ་ལེ།མདང་དགོང་ཡང་ཁོ་རྨི་ལམ་དུ་འཁོར་ཡོང་།ངའི་རུམ་ལ་འཛུལ་བྱུང་།ཚེ་དཀར་གྱི་འགྲམ་པར་འོ་ཞིག་ཀྱང་བྱས་སོང་།”

ཀུན་སྐྱིད་ཀྱིས་བག་ལྷོད་པའི་ངང་ཁ་སེམས་མཐུན་པའི་རང་གི་གྲོགས་མོར་དེ་སྐད་ལབ།

མོའི་ངོ་ལ་འཛུམ་ཞིག་མངོན་བཞིན“ཁྱོད་ལ་འོ་བྱས་མ་སོང་ངམ།ད་དུང.....”ཞེས་བསམས་ནས་བསྡད་པ་ལ།

ཀུན་སྐྱིད་ཀྱང་དགོད་ཙམ་དང་བཅས“བྱས་སོང་།བྱས་པས་མི་ཚད་གཉིས་སྦྱོར་གྱི་ལས་དེ་ཡང་སྤེལ་སོང་མོད།རྨི་ལམ་ནང་གི་དེ་ནི་དངོས་ཡོད་དང་ཁྱོན་ནས་མི་འདྲ་བར་འདུག”ཅེས་སྨྲས་རྗེས།ཡང་མོ་ལ་བལྟས་ནས“འདི་གར་ཡུད་ཙམ་ཙོག་རོགས།ལྷ་མོ་བྱམས་ཡོང་འཕྲལ་ང་ཚོས་གྲོ་ཤོག་འདིང་བར་བྱ།འེ།ཁྱོད་ཀྱི་ལུད་སྒྱེ་དེ་ང་ལ་གཡོར་བར་འཚལ།ངའི་བུ་མོའི་འོག་ལ་གདིང་དགོས”ཟེར་བ་ན།

འབྲུག་མོ་རྒྱལ་གྱིས“མ།དེ་རིང་སྔ་དྲོ་བཀོལ་ས་མེད་པས་ཁྱོད་ཀྱིས་ཁོལ་ཅིག”ཅེས་བརྗོད་འཕྲལ།མོའི་གམ་གྱི་གྲོ་ཤོག་ཅིག་ཚུར་འཐེན་ནས་སྟེང་དུ་ཙོག་སོང་ལ།ཡུད་ཙམ་ནས“ཁྱོད་ཨ་རྒྱ་ལྷ་བུ་དང་ཁ་བྲལ་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་འགོར་ཟིན་པས་ཅི་ཁག ངེད་ཚང་གི“ཞལ་དཀར”འཕྲང་ཕར་ནང་དུ་ཆུ་རྐ་གཤགས་སུ་ཕྱིན་ནས་ཟླ་གསུམ་ཡང་འགོར་མེད་ཀྱང་།རང་ལ་ལན་རེར་འདོད་པ་ཟ་ཟི་རེ་ལངས་ཡོང་ངེས”ཞེས་སྨྲས་མ་ཐག  མགོ་བོ་དང་ཁར་སྨད་ནས་འཛུམ་ཙམ་བྱས་སོང་ལ།དགོད་འཛུམ་མངོན་པའི་དུས་སུ་འགྲམ་པའི་ངོས་དག་མཚལ་གྱི་མདོག་ལྟར་དམར་པོར་གྱུར།

“ཀི  གཡུལ་གཅོག་ཏུ་ཤོག”

བྱིས་པའི་སྦྱོར་བ་དག་ནི་ལན་རེར་སྤྲེལ་ཕྲུག་དང་ཧ་ཅང་འདྲ་སྟེ།བུ་མཁའ་གོ་གཡུལ་ཁའི་གྱང་ཁར་བུད་ནས་སྐད་ཕྲ་མོས་རུ་གཙོ་ལ་ལད་མོ་བྱས་ནས་དེ་སྐད་བསྒྲགས་སོང་བར།མོ་གཉིས་ཀྱིས་ཁ་བརྡའི་འཕྲོ་བཅད་ནས་ཁོ་ལ་བལྟས་ཙམ་བྱས་རྗེས་མཉམ་པོར་བསླུག་བསླུག་ཏུ་དགོད་པར་བྱས།

སྐབས་དེར་ཁོ་ཚོའི་གཡུལ་གཅོག་རོགས་ལྷ་མོ་བྱམས་ཀྱིས་རྒྱ་ལྭ་རྙིང་བ་བར་ཚངས་ཅན་ཞིག་གོན་ནས་གཡུལ་ཁའི་སྒོ་ར་ནས་ཚུར་བྲེལ་མྱུར་ངང་བུད་ཡོང་བས།ཀུན་སྐྱིད་ཡར་ལངས་ནས“མཁའ་གོ  འདིར་ཤོག་ལ་སྲིང་མོར་ལྟོས་ཤིག མོའི་འགྲམ་ནས་སྲུང་སྲུང་ལ་སྡོད།སེམས་ཆུང་མ་བྱས་ན་འབུ་རྣ་འཛུལ་ལོ་ལོའི་རྣ་སྒོར་འཛུལ་ངེས་པས་མ་བཟང་བ་ཡིན།གོ་བྱུང་ངམ”ཞེས་ལབ་པར།

མཁའ་གོས“ཡ”ཟེར་བཞིན་ཚུར་ཡོང་ནས་ཨ་མ་ཙོག་སའི་གྲོ་ཤོག་སྟེང་ཙོག་རྗེས།ཚེ་དཀར་གྱི་ངོ་ལ་ལྟ་ཞོར་ཁ་སློང་བ་སོགས་བྱེད།

ཆུ་ཚོད་གཅིག་ཙམ་གྱི་དུས་ཡུན་ལས་མ་དགོས་པར།ཁོ་མོ་ཚོས་གཡུལ་ཁ་ཆུང་ངུའི་ནང་གྲོ་ཤོག་བཏིངས་ཚར་ལ་ཉེ།དེའི་དུས་ལྷ་མོ་བྱམས་ཀྱིས་སྐད་འཛེར་འཛེར་ངང་འབྲུག་མོ་རྒྱལ་ལ་ཁ་གཏད་ནས“ཁྱོད་གཉིས་ཀྱིས་བཏིངས་ཚར་འཕྲལ་སྐེ་ཤིང་སོགས་གྲ་སྒྲིག་བྱོས།ང་འགྲོ་ལ་བོང་བུ་དེ་དག་དེད་ཡོང”ཞེས་སྨྲས་རྗེས།རྐུབ་ཚོས་གཡུག་གཡུག་བྱེད་བཞིན་ད་ཅི་ཡོང་སའི་གཡུལ་ཁའི་སྒོ་མོ་དེ་དམིགས་ནས་བུད་སོང་།

“མོས་ཁྱོད་ལ་ཁ་བསྲེ་འདོད་མེད་པའི་རྣམ་འགྱུར་སྟོན་པ་འདི་ཅི་ཡིན་ནམ།ཁྱོད་གཉིས་བར་ཚིག་རྩོད་འདྲ་ཤོར་པ་མ་ཡིན་ནམ།”

མོ་གཉིས་ཀྱིས་གྲོ་ཤོག་ཡོངས་སུ་བཏིངས་ཚར་ནས་གཡུལ་ཁའི་མཐའ་ལ་འབུད་དུས།འབྲུག་མོ་རྒྱལ་གྱིས་ཀུན་སྐྱིད་ལ་བལྟས་ནས་དེ་ལྟར་དྲིས་འོངས།

“ཤོར་མེད།གོ་ཐོས་ལྟར་ན་མོ་ད་ལྟ་རུ་གཙོ་ལ་ཁ་ཐུག་ནས་ཡོད་ཟེར།ཕལ་ཆེར་འཕགས་པ་ཚེ་རིང་གིས་མོའི་གཤོག་འོག་ལ་རླུང་རྒྱག་བཞིན་ཡོད་པ་འདྲ།རང་ཚུགས་མེད་ན་འདི་འདྲ་ཡིན་ངེས།”ཀུན་སྐྱིད་ཀྱིས་འགྲེལ་བཤད་ཀྱི་ཚུལ་དུ་དེ་སྐད་སྨྲས་པ་དང་།ཡང་བསམས་ནས་ཨེན་ཙམ་བསྡད་རྗེས“འུ་གཉིས་ཀྱིས་དེ་སྔོན་ནས་མོར་མཉམ་འཇོག་བྱས་པ་དེ་འགྲིག་འདུག རྗེས་སུ་ཁྱོད་ཀྱིས་དེ་རིང་ལྟར་ལུད་སྒྱེ་མཆན་ལ་བཙིར་ནས་ཡོང་ན་མི་བཟང་།སྔ་མོ་ནས་རྩྭ་གསེང་དུ་སྦ་བ་སོགས་བྱོས”ཞེས་བརྗོད་བྱུང་།

འབྲུག་མོ་རྒྱལ་གྱིས་ཏབ་ཅིག་ལ་འདང་བརྒྱབ་ནས“འོ་ལེ།དེ་འདྲ་ཞིག་ཡིན་ན་ཁྲིགས་ཁྲིགས་མེད་ཀི  ཉིན་འགའི་སྔོན་གྱི་དགོང་མོ་ཞིག་ལ།ང་སྒོ་ཁར་རྩྭ་ལེན་དུ་འགྲོ་དུས།སྐྱེས་པ་ཞིག་ལྟག་ག་ཚང་གི་ཕྱོགས་སུ་བུད་ཐལ།འགྲོ་ཚུལ་ལ་བལྟས་ན་རུ་གཙོ་དང་ཧ་ཅང་འདྲ།ངས་ཅང་བཤད་མ་ཐུབ་པར་བསྡད་ཡོད”ཅེས་སྨྲ་བར་བྱེད།

ཀུན་སྐྱིད་ཀྱིས“དོན་འདི་ང་ཚོས་ཡར་བཤད་མར་བཤད་བྱས་ན་མི་བཟང་།འུ་གཉིས་ཀྱི་བར་སྐབས་འདིའི་ལས་ཀ་གཙོ་བོ་ནི་འབྲུ་རིགས་ཇི་ལྟར་བརྐུ་རྒྱུ་དེ་ཡིན།ཁྱོད་ཚང་ལའང་གོང་ན་ལོ་ལོན་དང་ཞོལ་ན་བྱིས་པ་ལོ་ཆུང་ཡོད་པས།ཉུང་ཙམ་རེ་གསོག་ཐུབ་ནའང་བཟང”ཞེས་སེམས་གཏམ་གྱི་ཚུལ་དུ་སྨྲས་རྗེས།ཡང་ངག་ནས“འུ་གཉིས་སྐེ་ཤིང་སོགས་ལེན་དུ་འགྲོ”ཟེར་ནས་གོམ་ཁ་རྩྭ་ཁང་ཕྱོགས་སུ་བསྒྱུར་པ་ལ།འབྲུག་མོ་རྒྱལ་ཡང་མོའི་རྗེས་འབྲངས་ནས་བུད་ཡོང་།

སྐེ་ཤིང་སོགས་གཡུལ་གཅོག་སྤྱད་ལ་ཉེ་བར་མཁོ་བའི་དངོས་པོ་དག་ལེན་དུས།འབྲུག་མོ་རྒྱལ་གྱི་རྐང་བར་ནས་ཙིག་མ་ཞིག་ཕར་བྲོས་ནས་ཕྱིན་པར།ཀུན་སྐྱིད་ལ་གློ་བུར་རྣམ་རིག་རྒྱས་ཏེ་བྱི་ལ་ཞིག་དང་འདྲ་བར་དེ་འཛིན་རྩིས་ཀྱིས་ཕར་བརྒྱུགས་སོང་།སྲོག་ཆགས་ཆུང་ངུ་དེ་ནི་གྱང་རྟིང་བརྒྱུད་ནས་བྲོས་ཕྱིན་ཏེ་ཙིག་ཁུང་དུ་འཛུལ་པ་ལ།མོས་ཙིག་ཁུང་ཁར་རྐང་བཅགས་བར་མེད་དུ་བྱས་བྱུང་།

གྲོགས་མོས་ཚུལ་དེ་མཐོང་བས་ཚུར་ཡོང་ནས་ཡ་མཚན་པའི་ངང“ཨ་ཅེ།ཁྱོད་ལ་དེ་རིང་ཅི་བྱུང་བ་ཡིན་ནམ།ནམ་རྒྱུན་གྱི་བུད་མེད་བྱམས་སྙིང་རྗེ་ཅན་དེ་དང་ཁྱོན་ནས་མི་འདྲ་བར་འདུག ཙིག་མ་དེའི་རྗེས་ཟིན་ཚེ་ཁྱོད་ཀྱིས་རྐང་བཅགས་བྱས་ནས་གསད་ཐུབ་བམ”ཞེས་དྲིས་འོངས།

“གསད་ཐུབ་ངེས།ད་ལྟ་ངས་ཙིག་མའི་མིང་ཙམ་གོ་ནའང་སྙིང་ལངས་འོངས།ངེད་ཚང་གི་བཟའ་མི་ཀུན་པོའི་ཕོ་བ་རྒྱགས་ཀྱིན་མེད་དུས།གཏེ་ངན་འདིས་བཟའ་འབྲུ་ཉུང་ངུ་དེ་ཡང་འདུག་གི་མི་འཇོག  ཐ་ན་ཀ་སྟེང་དུ་བཀལ་བའི་ཕྱེ་ཁུག་ཆུང་ངུ་དེའང་དབྲལ་འགྲོ།ཁྱོད་ཀྱིས་འདང་རྒྱོབས་དང་།འདི་ནི་ལྷ་བུ་སོང་ཤུལ་དུ་ངེད་རྒན་གཞོན་ཚོར་ཐུབ་ཚོད་བྱས་པ་མ་ཡིན་ནམ།”

ཀུན་སྐྱིད་ལ་དངོས་གནས་སྲོག་རླུང་ཞུགས་ཡོད་པ་འདྲ།བཞིན་ལ་ཁྲོ་ཉམས་མངོན་ཞོར་དབུགས་སྟོད་ལ་འཚང་བཞིན་དེ་སྐད་སྨྲས་བྱུང་ལ།སྨྲ་བའི་དུས་ན་ངག་འདར་བར་མ་ཟད།ལུས་ཀྱང་སིག་སིག་ཏུ་འདར་གྱིན་འདུག

“ཁྱོད་ཀྱིས་ལོ་འདི་གཉིས་ནང་བཟའ་ཟླ་དང་ཁྱིམ་མི་ཆེ་ཆུང་ཀུན་གྱི་ཆེད་ལ་སེམས་ཁུར་བྱས་ཐོག འདི་ལྟར་རང་གིས་རང་ལ་སྲོག་རླུང་བསླངས་ན་ལུས་སེམས་གཉིས་ཀར་གནོད་ངེས།རང་བཞིན་དུ་མངའ་བའི་ཡག་མོ་སྒོའང་འཆོར་དུ་འཇུག་ཁོ་ཐག་རེད།ཨ་རྒྱ་ལྷ་བུ་ཡོང་དུས་ཁྱོད་སྔོན་ཆད་ཀྱི་ཁོའི་སེམས་ཁོང་གི་ལྷ་མོ་ལྟར་ཡོད་ན་མི་བཟང་ངམ།ད་འགྲོ།ལྷ་མོ་བྱམས་ཀྱང་ཕྱིར་ཡོང་ཡོད་ན་ཐང་།”

འབྲུག་མོ་རྒྱལ་གྱིས་མོའི་དཔུང་བར་སྐྱོར་ནས་ཚུར་བུད་ཡོང་ལ།ཡོང་ནས་སོ་སོས་སྐེ་ཤིང་སོགས་འཁུར་འཕྲལ་ཕྱིར་གཡུལ་ཁའི་ནང་བསླེབས་པར་གྱུར།

ཆུ་ཚོད་ཕྱེད་ཀའང་མ་འགོར་བར།ཁོ་མོ་ཚོ་མཉམ་རུབ་ཀྱིས་བོང་བུ་དག་ལ་དོར་བསྡེབས་པར་མ་ཟད།རྡོ་རིལ་འདྲུད་དུ་བཅུག་ནས་གཡུལ་གཅོག་མགོ་བརྩམས་སོང་།  བར་དེར་སྡེ་བའི་སྨད་ཕྱོགས་སོགས་སུ་ཡོད་པའི་གཡུལ་ཁ་དག་ལས་ཀྱང་རྡོ་རིལ་འདྲུད་པའི་སྒྲ་ལྟིག་ལྟིག་ཏུ་གྲགས་འོངས་པས།སྒྲ་དེ་དག་གཞི་གཅིག་ཏུ་འདྲེས་ནས་སྡེ་བའི་ཁོར་ཡུག་ཧྲིལ་པོར་མཉམ་སྒྲོག་རོལ་མོ་ཞིག་གྲགས་མགོ་བརྩམས།

4

དྲོས་ཇའི་དུས་ན་ཀུན་སྐྱིད་མཉམ་ལས་ཁང་གི་ཟ་ཁང་ནང་ཕྱིན་ཏེ་ཟ་མ་ཁྱེར་ནས་ཁྱིམ་དུ་ལྡོག་དུས།སྒྱུག་མོ་སྒུར་སྒུར་དང་བུ་མོ་དབང་འཚོ་དགྱེ་དགྱེ་བྱས་ནས་གཉིས་ཀ་ཡུལ་ལ་ལྡོག་ཡོང་བ་དང་སྒོ་ཁ་རུ་འཕྲད་བྱུང་།

“ཨ་མ།བུ་ཚེ་མགོན་ག་འདྲ་འདུགཆམ་པ་དྲག་ཡོད་དམ།གློ་ལུ་མཚམས་འཇོག་ཐུབ་འདུག་གམ།”

མོའི་བཞིན་ལ་སེམས་ཁྲལ་དང་བྲེལ་ཚུབ་ཀྱི་ཉམས་ཤིག་འདྲེས་མར་མངོན་བཞིན་བསྟུད་མར་དྲིས་སོང་།

“བུ་དེར་སེམས་ཁྲལ་བྱེད་མི་དགོས།ཆམ་པ་དྲག་པར་མ་ཟད།གློ་ལུའང་མཚམས་རེར་མ་གཏོགས་ཡོང་གི་མི་འདུག   ཁོན་ཐར་སྒྲོལ་མ་ཁོ་ལ་ཤ་ཧ་ཅང་ཚ་བས།ཁོ་སྔར་ལས་ཀྱང་ལག་ཆགས་ཡོད།ངེད་གཉིས་ཡོང་བ་རིག་པས་དགའ་སྤྲོ་སྐྱེས་ལ།དབང་འཚོ་ནི་ས་གོམ་པ་གང་ལའང་མི་གཏོང་བར་རྗེས་སུ་འབྲངས་རྐྱང་བྱས་འོངས།ངོ་མ་སྙིང་རྗེ་བ་ཞིག་རེད།”  སྒྱུག་མོས་དབུགས་ཡང་ཡང་ལེན་ཞོར་དེ་ལྟར་བཤད་རྗེས།ཡང་གཉེར་མས་ཁེབས་པའི་དཔྲལ་བར་མདུད་ལོག་ཅིག་རྒྱག་བཞིན“ཁོ་ཚང་གི་ཨ་ཡེ་ཕོ་ནད་ཀྱིས་བཟུང་བས་ལ་ཉེ་མི་འདུག  ཟ་མ་ཟ་ཐེངས་རེར་ཕྱེད་ཙམ་ཡར་སྒྲེགས་ཤིང་ཕྱིར་བསྐྱུགས་ཡོང་ཟེར་བས།ད་ཚེ་ཚད་ཅང་ཡོད་མི་སྲིད།ནད་རྟགས་ལ་བལྟས་ན་ལྷ་བུའི་ཨ་ཕ་བླ་སོང་བོ་དང་གཅིག་འདྲ་རེད།མ་སེམས་ཅན་འདིའི་མགོར་དོན་དག་ངན་པ་ཅི་ཡང་ཡོང་གིན་འདུག  རྗེ་བཙུན་འཕགས་མ་སྒྲོལ་མས་མཁྱེན”ཅེས་སྐད་དམའ་མོས་གསོལ་འདེབས་ཤིག་ཀྱང་བྱས་འོངས།

ཀུན་སྐྱིད་ཀྱིས“ཚད་དེར་བསླེབས་ཚེ་ཨ་ཡེ་མོ་ད་ནི་དྲག་རེ་ཡོད་དཀའ།གཙོ་བོ་སྡུག་ཅིག་མྱངས་མ་དགོས་ན་བཟང་།ཨ་ཅེ་ཁོན་ཐར་སྒྲོལ་མ་བཟའ་ཟླ་གཉིས་ཀ་བཀན་ཐོག  བུ་མོ་ཆེ་བས་ཀྱང་གོ་ཆོད་ནས་ཡོད་པས།གཞུག་ལ་འདང་རྒྱག་མེད།ཁོམ་སྐབས་ཤིག་ཡོད་ཚེ་ང་ཁོ་ཚོར་སྐོར་ཞིག་བརྒྱག་ཏུ་འགྲོ་དགོས།དྲིན་ཆེན་དེ་ཚོ”ཞེས་ལབ་འཕྲལ།ངག་ནས“འགྲོ།ད་འུ་ཚོ་ཁྱིམ་དུ་འགྲོ།བུ་མོ་ཚེ་དཀར་ལྟོགས་ནས་ངུ་བཞིན་ཡོད་ངེས”ཞེས་ཟེར་ཞོར་ཕར་སོང་ནས་རྒྱ་སྒོ་ཕྱེ་བྱུང་།

དངོས་གནས་ཚེ་དཀར་གྱི་ངུ་སྐད་སྒོ་ཁ་ནས་གོ་ཡོང་བས།མོས་སྒྱུག་མོ་དང་དབང་འཚོ་གཉིས་རྗེས་སུ་བསྐྱུར་ནས་རྒྱུག་མ་འདུར་གྱིས་ཁྱིམ་ནང་དུ་འཛུལ་སོང་།

ཡུད་ཙམ་ནས་ཀུན་སྐྱིད་ཀྱིས་ཚེ་དཀར་པང་ནས་ལྷས་སུ་བུད་ཡོང་ལ།མོའི་རྗེས་འབྲངས་ནས་མཁའ་གོ་ཡང་ཕྱི་རུ་ཐོན་བྱུང་།ཁོས་ཨ་ཡེ་དང་སྲིང་མོ་གཉིས་ཀ་སྒོ་ཆེན་ནས་འཛུལ་འོངས་པ་མཐོང་བས།ག་ལེར་སོང་ནས་ཨ་ཡེའི་གམ་དུ་བསླེབས་འཕྲལ།མོ་སྐྱོར་བ་འདྲ་ཞིག་བྱས་ནས་ཨ་མའི་ཕྱོགས་སུ་བུད་ཡོང་།

“དེ་རིང་ནམ་ཟླ་བཟང་བས།འུ་ཅག་གིས་ཁྱམས་ར་ནས་དྲོས་ཇ་འཐུང་ན་ཅི་འདྲ་རེད།”

མོས་ཁོ་གསུམ་པོར་གྲོས་བྱེད་པའི་ཚུལ་གྱིས་དེ་ལྟར་ལབ་པ་ལ།

ཁོ་ཚོས་སྔ་ཕྱི་བྱས་ནས“ཡ་ཡ”ཞེས་ལན་བཏབ་བྱུང་།

དེ་མ་ཐག་བྱིས་པ་གཉིས་ཀྱིས་ཨ་ཡེ་ཁྲིད་ནས་ཁྱམས་རའི་ཀ་རྩ་རུ་ཙོག་ཏུ་བཅུག་བྱུང་བར།དབང་འཚོའི་ངོ་མདོག་སྐྱ་བོར་གྱུར་ཅིང་ཐང་ཆད་པའི་ཉམས་ཤིག་མངོན་བཞིན་ཨ་ཡེའི་གམ་དུ་བསྡད་སོང་།

“ཨ་མ།ཚེ་དཀར་ད་ལྟ་ངུ་མཚམས་བཞག་ཟིན་པས།ངས་པང་བར་བྱ།”

བུ་མཁའ་གོའི་རྣམ་རིག་ཅུང་ལེགས་པས།ཨ་མའི་མདུན་དུ་ཡོང་ནས་དེ་སྐད་ལབ་འོངས།

མོས“ཁྱོད་ཨ་ཡེ་དང་དབང་འཚོ་གཉིས་ཀྱི་དྲུང་དུ་ཙོག་དང་།ངས་ཁྱོད་ཀྱི་པང་དུ་བཞག་ཆོག”ཅེས་བཤད་པར།

“ངས་ཅུང་ཙམ་འཛིན།མཁའ་གོས་དེ་རིང་སྔ་དྲོ་ཧྲིལ་པོར་སྲིང་ཆུང་མར་བལྟས་པས་ཆད་ཡོད་ངེས།”

སྒྱུག་མོས་དེ་སྐད་སྨྲ་ཞོར་ལག་པ་ཚུར་བསྲིངས་ཡོང་བར།ཀུན་སྐྱིད་ཀྱིས་ཀྱང་དེ་མི་བདེན་རྒྱུ་མི་འདུག་སྙམ་པ་ལྟར།ཚུར་ཡོང་ནས་ཚེ་དཀར་སྒྱུག་མོའི་ལག་ཏུ་བཞག་བྱུང་།

“དེ་རིང་ཚང་མ་ཐང་ཆད་ཡོད་པས།རྗེན་ཐོར་སྤོད་ཡ་ཞིག་ཡོད་ན་བཟང་།ང་འགྲོ་ལ་ལ་ཕུག་ཅིག་འབལ་ཡོང་།ཕལ་ཆེར་མགོ་ཚོས་ཡོད་པ་འདྲ།”

ཀུན་སྐྱིད་ཀྱིས་དེ་ལྟར་རྗོད་ཞོར་ལྷས་ཞོལ་མར་བུད་སོང་ལ།ཅང་མ་འགོར་བར་ལ་ཕུག་ཆུང་ཆུང་གཉིས་འཁྱེར་ནས་མེ་ཁང་ནང་ཕྱིན།དུས་ཡུན་ངེས་ཅན་ཞིག་འགོར་རྗེས་མོས་རྡོག་པོ་བྱས་ནས་གཙབས་ཟིན་པའི་ལ་ཕུག་སྡེར་མ་ཕྱེད་ཙམ་དང་།མཉམ་ལས་ཁང་གི་ཟ་ཁང་ནས་བླངས་ཡོང་བའི་རྗེན་ཐོ་སྡེར་མ་གང་བཅས་ཁྱེར་ཡོང་སྟེ་ཁོ་ཚོའི་དཀྱིལ་དུ་བཞག་བྱུང་།རྗེན་ཐོ་སྡེར་མ་གང་ཟེར་ཡང་དོན་དམ་པར་གྲངས་ཀ་བཞི་ལས་མེད་དེ།སྐབས་དེར་བྱིས་པ་གཉིས་རེའི་བར་དུ་རྗེན་ཐོ་གཅིག་རེ་སྟེར་བཞིན་ཡོད།

“མཁའ་གོ   ཨ་མར་གཟའ་བྱུང་ནས་རྒྱ་སྒོར་ནང་ལྕགས་བརྒྱག་རྒྱུའང་བརྗེད་འདུག  ཁྱོད་མྱུར་དུ་སོང་ཞིག”

མོས་བསམས་ནས་ཡུད་ཙམ་བསྡད་རྗེས་དེ་ལྟར་ལབ་པ་ལ།བུ་ཡིས“ཡ”ཟེར་བཞིན་རྒྱ་སྒོ་དམིགས་ནས་དལ་བུར་བུད་སོང་།ཁོ་དལ་བུར་འགྲོ་བའི་ཚུལ་དེ་མཐོང་བས།ཀུན་སྐྱིད་ཀྱི་སེམས་ནང་བུ་ལ་མངགས་བཅོལ་བྱས་པའི་ཆ་དེར་འགྱོད་པ་ཞིག་སྐྱེས་པར་གྱུར།

དྲོས་ཇ་འཐུང་ཞོར་དུ།ཁོ་ཚོས་ཕྱོགས་ཡར་མར་གྱི་ཁ་བརྡ་གློད་བྱུང་བར།མཇུག་མཐའི་བརྗོད་གཞི་ཡང་བསྐྱར་བུ་ཆུང་བ་ཚེ་མགོན་གྱི་སྟེང་དུ་བབས་ཡོང་།

ཀུན་སྐྱིད་ཀྱིས་དངན་པ་ཞིག་འཐེན་རྗེས“ཨ་ཅེ་ཚང་ལ་ནད་པ་ཡོད་སོང་བས།ད་ནི་ཚེ་མགོན་མོ་ཚང་དུ་བཅོལ་ན་མི་བཟང་།ཕྱོགས་གང་ཐད་ནས་སྟབས་བདེ་ཡོང་མི་སྲིད”ཅེས་ཟེར་བར།

སྒྱུག་མོས་སྐྲ་ལོ་ཚ་རུ་ལྟར་འགྱུར་ལ་ཉེ་བའི་རང་གི་མགོ་ལ་འཕྲུག་འཕྲུག་འགའ་བྱེད་ཞོར་དུ“ངས་ཀྱང་དེ་ལྟར་བསམ་བཞིན་ཡོད།མག་པ་གུ་རུ་སྐྱབས་མི་བཟང་ཡིན་པ་མ་གཏོགས།རང་མགོ་རང་གིས་མི་འཁྱོངས་པའི་དུས་སྐབས་འདི་འདྲར།གཞན་མགོ་ཤ་བཏགས་ལ་འདོགས་མི་སྲིད།སྟོན་བླངས་ཚར་འཕྲལ་ང་ཚོ་སོང་ནས་བུ་ཆུང་དེ་ཁྱེར་ནས་ཡོང་ན་བཟང་།ཁོ་ཡང་སྙིང་མ་རྗེ”ཞེས་བརྗོད་འོངས།

“ད་ནི་བུ་ཕྲུག་གཞན་དག་ཚོར་དགུན་ལྭ་གྲ་སྒྲིག་བྱས་ཚར་ཡང་།ཚེ་མགོན་ལ་ད་རུང་བཟོས་མེད་པས།སྔ་མོ་ནས་ཚགས་སུ་ཆུད་པར་བྱས་ན་ལེགས།”

མོས་སྒྱུག་མོར་བལྟས་ནས་དེ་ལྟར་ལབ་པ་ལ།

སྒྱུག་མོས་བསམ་བློ་ཞིག་བཏང་རྗེས“ལོ་ལོན་གྱི་ཁ་ཐལ་བས་ཆོད།ཁྱོད་ཀྱིས་དྲན་མ་བསླངས་ཚེ་ངས་བརྗེད་ཀྱང་སྲིད།བུ་ཆུང་ཚེ་མགོན་ཁོར་དགུན་ལྭ་ལས་ཀྱང་ལྷམ་ཞིག་ཉེར་མཁོ་ཆེ་བས།ཉིན་འདི་དག་རིང་ཁྱོད་ཀྱིས་སྔོན་མ་བྱས་ནས་ཁོ་ལ་ལྷམ་ཞིག་འདྲུབ་པར་བྱོས།ཁོའི་ལྷམ་རལ་ནས་རྐང་མགོ་ནའང་འདུག་གིན་མེད”ཅེས་བརྗོད་བྱུང་།

“ང་ལའང་ལྷམ་ཞིག་དགོས།ངའི་ལྷམ་ཡང་བརྡོལ་འདུག  མཐེབ་རྒན་མ་ཕྱིར་འཇུར་འགྲོ།”

བུ་མོ་དབང་འཚོས་དྲོས་ཇ་འཐུངས་ཟིན་པས།ད་ནི་རྣམ་རིག་ཇེ་དགར་རབ་ཅིག་ཕྱིན་ཡོད་དེ།ཨ་མ་དང་ཨ་ཡེ་གཉིས་ཀྱི་ཁ་བརྡར་ཉན་ཞོར་བར་ལ་བཙངས་ནས་དེ་སྐད་སྨྲས་སོང་།མོས་དངོས་ཡོད་ཀྱི་གནས་ཚུལ་དེ་ར་སྤྲོད་བྱ་སླད།ལྷམ་མགོ་རུ་ཕྱིར་འཇུར་འདུག་པའི་མཐེབ་རྒན་མ་འགུལ་ཙམ་འགུལ་ཙམ་བྱེད་དུ་བཅུག

ཀུན་སྐྱིད་ཀྱིས་མོར་ཕུར་ཚུགས་སུ་བལྟས་ཙམ་བྱས་རྗེས“བུ་མོ་འདིའི་རྐང་བར་སོ་སྐྱེས་ཡོད་པ་འདྲ།ནམ་རྒྱུན་ལྷམ་གྱི་སྣེ་མོ་དབྲལ་འགྲོ།མཁའ་གོས་ལྷམ་གཅིག་དབྲལ་རག་བར་དུ།མོས་ལྷམ་གཉིས་དབྲལ་ངེས།འདི་ལྟར་སོང་ན་ལག་ཆགས་ཚེ་གནས་ལ་འགྲོ་སའང་ཡོད་རྒྱུ་མ་རེད”ཅེས་ལབ་པ་ལ།

དབང་འཚོའི་སྣ་ནས“ཧིན”སྒྲ་ཞིག་བསྒྲགས་རྗེས་སྐེ་གཅུས་ནས་བསྡད་སོང་།

“བུ་མོ་འདིའི་རྐང་བ་ལྷ་བུ་དང་གཅིག་པ་གཅིག་རྐྱང་རེད།ལྷ་བུ་ཆུང་དུས་ཀྱང་འདི་འདྲ་ཡིན།ནམ་རྒྱུན་ལྷམ་གྱི་སྣེ་མོ་དབྲལ་འགྲོ།ད་རུང་རྐང་སྣམ་གྱི་པུས་མགོ་ཡང་དབྲལ་འགྲོ།”ཨ་ཡེས་དབང་འཚོར་བལྟས་ནས་དེ་སྐད་སྨྲས་རྗེས།ཡང་ཚེ་དཀར་ལ་གདོང་གཏད་ནས“ཁྱོད་ལག་ཆགས་ཚེ་དེ་འདྲ་ཡིན་སྲིད་དམ།ཕལ་ཆེར་ཡིན་པ་འདྲ”ཞེས་ཁ་སློང་བར་བྱེད།

དབང་འཚོས་རང་གི་ལག་པ་ཆུང་ངུ་དེ་དལ་བུར་བསྲིངས་ནས་རང་གི་པུས་མགོ་ཁ་རོག་གེར་བཀབ་བྱུང་།

ཀུན་སྐྱིད་ཀྱིས་ཅི་ཞིག་ཐོས་འདོད་པ་བཞིན“དེ་ལྟར་བཤད་ཡོང་ན་ཨ་རྒྱ་གུ་རུ་སྐྱབས་ཁོ་ཐོས་རྒྱ་ཆེ་བས།ལྷ་བུའི་ཕྱོགས་ཀྱི་སྐད་ཆ་རེ་གོ་མ་སོང་ངམ།སྔོན་ཆད་ཀྱི་ལས་ཀའི་བཀོད་སྒྲིག་ལྟར་ན་ད་ཕྱིར་ཡོང་ཆོག་ཆོག་ཡིན”ཅེས་དྲིས་པ་ལ།

སྒྱུག་མོས་རང་གི་པུས་མོའི་སྟེང་ཐལ་ལྕག་གིས་ཡང་མོར་རྡེག་ཙམ་བྱས་འཕྲལ“ད་ང་ཧོན་ལོག་གིན་ཡོད་པ་འདྲ།རིག་པ་སྐབས་རེར་དྭངས་ལ་ལན་རེར་མི་གསལ་བར་འགྱུར།གུ་རུ་སྐྱབས་ངེད་གཉིས་ཀྱིས་དེའི་སྐོར་ཡང་ཁ་བརྡ་ཉུང་ཙམ་བྱས་པ་ཡིན།ཁོའི་བཤད་ཚུལ་ལྟར་ན་ལྷ་བུ་ཁོ་ཚོ་རྫ་ཟོར་བའི་རྡོ་སོལ་བརྐོ་ས་རུ་བསྡད་མེད་ཟེར།དེའི་ཉེ་འདབས་ཀྱི་ཞིང་གཉེར་ར་བ་ཞིག་ན་ལས་ཀ་ལས་བཞིན་ཡོད་དེ།སྔོན་ཆད་ཀྱི་ལས་ཀའི་ལྕི་ཚད་མི་འདུག་ཟེར”ཞེས་དལ་ལྷོད་ལྷོད་ངང་བཤད་འོངས།

“ངས་ཀྱང་དེ་འདྲའི་སྐད་ཆ་ལྡོམ་པོ་ཞིག་གོ་སོང་།ཞིང་གཉེར་ར་བ་དེར་རྒྱ་རྒྱ་མོ་མང་བོ་འདུག་ཟེར་བ་ཨེ་བདེན་ནམ།”

ཀུན་སྐྱིད་ཀྱི་གདོང་ལ་སེམས་མི་བདེ་བའི་ཉམས་ཤིག་མངོན་བཞིན་མུ་མཐུད་དུ་དྲིས།

“དེ་ངས་གོ་མ་སོང་།ང་ཚོའི་ས་ཆ་འདིར་ཡང་རྒྱ་མང་བོ་ཞིག་ཡོང་བཞིན་པས།ས་ཆ་ཚང་མ་གཅིག་འདྲ་ཡིན་ངེས།ཕལ་ཆེར་ཡོད་རྒྱུ་རེད།”

སྒྱུག་མོའི་བཞིན་ལའང་སེམས་བདེ་ཡི་མེད་པའི་ཉམས་ཤིག་མངོན་ཞོར་དེ་ལྟར་བཤད་བྱུང་།

མཚམས་དེར་རླུང་བུ་ལྡོམ་པོ་ཞིག་གློ་བུར་གཡུགས་འོངས་ནས།ས་རྡུལ་རོབ་ཙམ་ཁོ་ཚོའི་ལུས་སྟེང་དང་མདུན་གྱི་སྡེར་མ་སྟོང་བའི་ནང་འབབ་ཏུ་བཅུག་ཡོང་བ་ལ།ཨ་ཡེས་མྱུར་སྟབས་ཀྱིས་རང་གི་སྐེ་ཡི་ལག་ཕྱིས་རྙིང་བ་ཚི་དྲེག་གིས་ཟིན་པ་དེ་ཚེ་དཀར་གྱི་ངོ་ལ་བཀབ་འཕྲལ།ཁ་ནས“ཕེ”ཟེར་བཞིན་རླུང་ཚུབ་དེའི་ཕྱོགས་སུ་མཆིལ་མ་ཞིག་འཕངས་ཟིན་ཏེ།དེ་ནི་བསམ་ནག་ཁྱོད་འདི་གར་མི་ཡོང་བར་རྒྱང་དུ་དེངས་ཤིག་ཅེས་སྨྲ་བ་དང་མཚུངས།

ཀུན་སྐྱིད་ཀྱང་བསམ་གཞིག་ཕྲན་བུའི་ཀློང་ལས་ཕྱིར་བུད་དེ་ངག་འདར་ཞོར“རླུང་ཡིན་ན་བསམ་ངན་འདི་འདྲ་ཞིག་མི་འདུག  དགོས་དུས་མི་གཡུག་ལ།མི་དགོས་དུས་གཡུག་འགྲོ”ཟེར་བཞིན་མདུན་གྱི་སྡེར་མ་གཉིས་ཀ་གཅིག་ཐོག་གཅིག་ལ་བརྩེགས་རྗེས་ཁྱིམ་ནང་ཁྱེར་སོང་།

ཡུད་ཙམ་ནས་མོ་སླར་ཡང་ཁྱམས་རར་ཡོང་ནས“ཨ་མ།དེ་རིང་ནས་བཟུང་འབྲུ་འཕྲོ་མ་དག་མཁའ་གོ་ལ་ལྷས་ནས་སྐེམ་དུ་བཅུག་ན་མི་བཟང་།ལྟག་ག་ཚང་གི་ཐེའུ་མོ་འདིས་ང་ལ་མ་རངས་པའི་རྣམ་འགྱུར་སྣ་ཚོགས་བསྟན་འོངས།འཕགས་པ་ཚེ་རིང་དགྲ་ཁས་མོ་ལ་ཅི་ཞིག་བཤད་ཡོད་པ་སུས་ཤེས།འདི་གཉིས་ཀྱི་རྒྱུ་མ་འདྲེས་འདུག་པ་ཨ་གསལ་རེད།ང་ཚོས་སེམས་ཆུང་བྱས་ན་བཟང་།གཞན་དག་གིས་ཤེས་ནས་ཁྱིམ་སློག་བརྒྱབ་ཚེ།  འུ་མ་བུ་ཚང་མ་ལྟོགས་གྲིའི་ཁ་ལས་ཐར་དཀའ།ངའི་བསམ་འཆར་ཡིན་ན་ནང་དཀྱིལ་གྱི་ཉི་ཐིག་འོག་ནས་བསྐམ་ཡང་ཆོག  འུ་ཚང་གི་སྐར་ཁུང་ཆེ་བས་འདང་རྒྱག་མེད།དེས་མི་ཆོག་ཟེར་ན་ནངས་དུས་མེ་འབུད་སྐབས་ཐབ་གཉའ་ལའང་བཞག་ཆོག  འཕྲོ་མ་བུད་ཚེ་བརྔས་ནས་ཉར་ཚགས་བྱས་ཀྱང་ཕྱིས་སུ་བཟའ་རུང་བ་ཡིན”ཅེས་བསམ་འཆར་སྡུད་ལེན་གྱི་ཚུལ་དུ་བརྗོད་པར།

སྒྱུག་མོས་བློ་ཡིད་ཚིམས་པའི་སྒོ་ནས“རིག་བཟང་མ།དེའི་ཡན་གྱི་ཐབས་ཤིག་གང་ན་ཡོད།དབང་འཚོ་ངེད་གཉིས་ཀྱིས་འབྲུ་རིགས་ལག་སྐོར་ནང་འཐག་དུས་ཀྱང་སྒྲ་ཇེ་ཆུང་ལ་གཏང་འོས།དེང་སང་གི་མིའི་ཁོག་ཏུ་འདྲེ་ཞུགས་ཡོད་པས།གཞིས་ཀའི་ལྟག་རྒྱབ་ནས་ཉན་འགྲོ་བར་ལ་ཐང་མེད།ངོ་མ་སེམས་ཆུང་བྱས་ན་དགའ”ཞེས་མནའ་མའི་དྲན་ཚུལ་དེར་རྒྱབ་སྐྱོར་བྱས་བྱུང་།

གཏམ་དེ་གོ་བས་མོ་ཚུར་ཡོང་ནས་བུ་མཁའ་གོའི་ཕྲག་པ་བསྡམས་ཤིང་ངོ་ལ་ཧྲིག་གེར་ལྟ་བཞིན“དེ་རིང་ནས་བཟུང་ཁྱོད་ཀྱིས་འབྲུ་དག་ཁྲོལ་མའི་ནང་སྐོམས་ཤིག ལས་ཀ་འདིར་དཀའ་ས་ཞིག་ཡོད་པ་ནི་ཉི་ཐིག་གང་དུ་འཕོས་ན་ཁྲོལ་མ་དེ་གར་བསྣུར་དགོས་པས་དང་ལྷོད་ཤོར་མི་རུང་།ཁྱོད་ཀྱིས་ལས་ཀ་འདི་བསྒྲུབ་ཐུབ་བམ”ཞེས་དྲིས་པ་ལ།

མཁའ་གོས་སྣབས་ཆུ་འབྱིད་ཙམ་བྱས་འཕྲལ“བསྒྲུབ་ལོས་ཐུབ།ང་ད་ལོ་ཕོ་ལོ་བཅུ་གསུམ་ལ་བུད་ཟིན།ཨ་ཕས་ང་ལ་སྔོན་ཆད་《གེ་སར་སྒྲུང》འཆད་དུས།བུ་སྣང་ངུ་ལོ་བཅུ་གསུམ་གྱི་སྟེང་དུ་ཇག་ལ་སོང་བ་ཡིན་ཟེར།སོང་ནས་ཧོར་གྱི་ཤན་པ་འགའ་རེ་བཏུལ་སོང་སྐད།ང་ཇག་ལ་འགྲོ་མི་ཐུབ་རུང་འབྲུ་སྐེམ་ལོས་ཐུབ།ཨ་མ།ཁྱོད་ང་ལ་ཡིད་ཆེས་རོགས”ཞེས་གདེང་ཚོད་ཡོད་པའི་སྒོ་ནས་ལབ་འོངས།

“ཕ་བཟང་གི་བུ།གཡག་བཟང་གི་ཀོ་ཟེར་བ་ནི་ཁྱོད་ལྟ་བུ་ལ་བཤད་པ་ཡིན།ད་བུ་འཁྱོངས་འདུག  ཨ་མ་ཁྱོད་ལ་ཡིད་ཆེས་ཡོད།”སྐད་ཆ་དེ་འཆད་དུས་ཨ་མ་ཀུན་སྐྱིད་ཀྱི་ལག་པ་སིག་སིག་ཏུ་ཅུང་འདར་བྱུང་ལ།མིག་མཐར་ཡང་མཆི་མ་དབང་མེད་དུ་འཁྱིལ་ཡོང་།ཡུད་ཙམ་ནས་མོས“ཁྱོད་ངའི་རྗེས་སུ་ཤོག་དང་།ངས་ཁྱོད་ལ་ཞིབ་ཏུ་བསླབ་འགྲོ”ཟེར་ནས་བུའི་ལག་མགོ་ནས་བཟུང་སྟེ་མེ་ཁང་ནང་དུ་ཕྱིན།

སྐར་མ་བཅུ་ལྷག་འགོར་མཚམས་སུ།མོ་གཞི་ནས་སྒྱུག་མོའི་གམ་དུ་བུད་ཡོང་ལ།ཡོང་ནས་སྐད་འཇམ་པོའི་ངང“ཨ་མ།ད་ཕྱི་དྲོའི་ལས་མགོ་བརྩམ་པར་དུས་ཚོད་མང་བོ་མེད་པས།ངས་ཚེ་དཀར་ལ་ནུ་མ་ཞིག་ལྡུད་འགྲོ”ཟེར་ཞོར་བུ་མོ་ཆུང་བ་རང་གི་པང་དུ་བླངས་བྱུང་།

“ཨ་ཡེ།ཕྱི་དྲོ་ཁྱོད་ཀྱིས་ཁ་སང་དང་འདྲ་བར་ལག་སྐོར་ནང་འབྲུ་རིགས་འཐག་རྒྱུ་ཡིན་ནམ།”

ཚ་མོ་དབང་འཚོ་ལ་ཅང་ལས་རྒྱུ་མེད་སོང་བ་ལྟར་ཡར་ལངས་ནས་ཨ་ཡེའི་མདུན་དུ་ཕྱིན་ནས་པུས་བཙུགས་སུ་བསྡད་འཕྲལ།མོར་ཁེན་ཙམ་བྱས་ནས་དེ་སྐད་དྲིས་པར།

“ཡིན།འུ་གཉིས་ཀྱིས་གཡུག་མ་ཕུད་ན་ཕྱེ་མང་བོ་ཞིག་ལོན་རྒྱུ་མ་རེད།ཁྱོད་ཀྱིས་ཨ་ཡེ་ཡར་ལ་འཐེན་དང་།ལོ་ལོན་ཚེ་རྐང་བས་ལུས་པོ་མི་ཁྱོགས་པར་འདུག”

ཨ་ཡེའི་སྐད་ཆ་དེ་གོ་བས།དབང་འཚོ་ཡར་ལངས་ནས་མོའི་ལག་པ་གཉིས་ནས་བཟུང་སྟེ་ཤེད་ཀྱིས་འཐེན་བྱུང་བར།རྒད་མོ་དེ་སྒུར་སྒུར་དང་བཅས་རྐང་བ་འདར་ཞོར་ཡར་ལངས་འོངས།ལངས་ནས་རུས་ཚིགས་གུག་པའི་ལག་པས་ཚ་མོའི་མགོ་ལ་བྱིལ་བྱིལ་ཞིག་བྱས་རྗེས“བུ་མོ་འདིར་ཤེད་ཏག་ཏག་རེད།རྗེས་སུ་ལས་ཀ་མི་ཐེག་པའི་བུ་མོ་མ་རེད།གནས་ཡུལ་མི་རྙེད་པའི་བུ་མོ་ཞིག་དེ་བས་ཀྱང་མིན་འགྲོ”ཟེར་བཞིན་མོ་གཉིས་ཀ་དལ་བ་དལ་བུར་གཞོགས་ཁང་དམིགས་ནས་ཕྱིན།

ནུ་མ་ནུ་བཞིན་ནུ་བཞིན་བུ་མོ་ཚེ་དཀར་གཉིད་ཀྱི་ཞིང་ཁམས་འགྲིམས་པ་ལ།ཀུན་སྐྱིད་ཀྱིས་སེམས་ཆུང་ནེམ་ཆུང་ངང་མོ་ཁྱེར་ནས་ཚ་ཐབ་སྟེང་བསྙལ་རྗེས།གོ་འདབས་སུ་བུད་ཡོང་བ་དང་།དེ་ནས་ཆུ་རྫ་ལས་ཆུ་འཁྱག་དཀར་ཡོལ་གང་བཅུས་ནས་སྒོག་སྒོག་ཏུ་འཐུང་བའི་དུས་སུ“ཀི  གཡུལ་གཅོག་ཏུ་ཤོག”ཅེས་ཀི་འབོད་བྱེད་པའི་སྒྲ་དེ་ཐོས་བྱུང་།སྐད་འཛེར་འཛེར་དུ་སྒྲོག་ཚུལ་ལ་ཉན་ན་ལྟག་ག་ཚང་གི་ལྷ་མོ་བྱམས་ཡིན་པ་ཤེས་པས།དཀར་ཡོལ་ཐབ་ཀའི་སྟེང་དུ་བཞག་ནས་ལྷས་ལ་བུད།རྒྱ་སྒོའི་ཕྱོགས་སུ་ཡུད་ཙམ་སོང་རྗེས་ཅི་ཞིག་དྲན་པ་ལྟར་ཁ་ཕྱིར་འཁོར་ནས་བུད་ཡོང་ལ།ཐད་ཀར་གཞོགས་ཁང་གི་སྒོ་ཁར་ཕྱིན་ནས“ཨ་མ།ང་གཡུལ་གཅོག་ཏུ་འགྲོ་རྒྱུ་ཡིན།ཚེ་དཀར་ཚ་ཐབ་སྟེང་བསྙལ་ཡོད་པས།ཁྱོད་ཚོས་མཉམ་འཇོག་བྱ་རོགས།མཁའ་གོ་ལའང་ལྟ་རྟོག་བྱ་རྒྱུ་མ་བརྗེད་ཅིག”ཅེས་སྨྲས་འཕྲལ།ལག་ཕྱིས་ལྗང་སྐྱ་དེ་མགོ་ལ་གཅུད་ཞོར་སྒོ་ཆེན་ལས་ཕྱིར་བུད་སོང་།

5

སྐར་ཁུང་ཆེ་བ་ལས་གསེག་འཕྲོ་བྱས་པའི་ཉི་ཐིག་གང་ཞིག་འོད་ཀྱམ་མེར་མཁའ་གོའི་མདུན་གྱི་ཁྲོལ་མའི་ནང་གི་འབྲུ་རིགས་སྟེང་དུ་འཕྲོས་འདུག  ས་རྡོ་ཉུང་ངུ་འདྲེས་པའི་འབྲུ་རྡོག་རེ་རེ་ནི་སེར་གྱི་ལེར་འཚང་ག་ཤིག་ཤིག་གིས་རྒྱུ་སྨྱུག་མ་ལས་གྲུབ་པའི་ཞིང་ལས་ཡོ་བྱད་དེའི་ནང་གཅིག་ལ་གཅིག་བརྟེན་དུ་འདུག་སྟེ།ཚུལ་དེས་མི་རྣམས་ལ་ང་ཚོ་ནི་སྙེ་མའི་མངལ་ལས་སྐྱེས་པའི་མ་གཅིག་སྤུན་ཟླ་ཡིན་པས།དུས་ནམ་ཡང་ཁ་བཀར་མི་ཆོག་ཅེས་རེ་སྐུལ་བྱེད་པ་དང་མཚུངས།

མཁའ་གོས་ཅི་ཞིག་དྲན་པ་ལྟར་ཁྲོལ་མའི་འགྲམ་གྱི་པགས་གདན་སྟེང་དཀྱིལ་དཀྲུང་དུ་བསྡད་ནས་འབྲུ་རྡོག་དེ་དག་ལ་ཅེར་ནས་ཡོད།  ངོ་མདོག་སྨུག་ཅིང་མིག་ཟུང་ཆེ་ལ་སྨིན་མ་སྟུག་པས།བུ་ཁྲ་ཕྲུག་འདྲ་བ་ཞིག་བདོག་ཅེས་བརྗོད་ཆོག  ཁོ་དང་ཁྲོལ་མ་གཉིས་ཉི་ཐིག་གི་རྗེས་འབྲངས་ནས་ད་ལྟ་ཁང་བའི་ཡ་ཕུག་གི་གཡས་ཕྱོགས་ཀྱི་རྩིག་རྟིང་དུ་བསླེབ་ལ་ཉེ།མཚམས་ཤིག་ལ་ཁོས་ལག་པ་ཁྲོལ་མའི་གཞི་རུ་བསྲིངས་ནས་འབྲུ་རྡོག་སྤར་མོ་གང་བླངས་ཏེ་ཉི་ཐིག་གི་ཀློང་དུ་ཕྱར་བར་བྱས་པ་ལ།རྡུལ་དག་ཉི་ཐིག་གི་གཞི་རུ་འོད་ཀྲིག་ཀྲིག་འགུལ་བ་མཐོང་བས།སྤར་བསྙབས་གཅིག་གི་སྣ་ནས་དེ་དག་ཨེ་ཟིན་ལ་ལྟ་བར་བྱེད།ཁོ་ད་ལྟ་ལྷིང་འཇགས་དང་ཟང་ཟིང་གི་རྩེད་མོ་དེ་གཉིས་ལ་རོལ་རྒྱུར་དགའ་བོ་བྱུང་།ཨ་མ་ལས་ཀར་ཕྱིན་རྗེས་སུ།མཁའ་གོ་སྤྱོད་ཁང་ནང་ལན་གཅིག་སོང་བ་ལས་གཞན།གནས་དེ་དང་ཁ་མ་བྲལ་བར་དེ་ལྟར་ཙོག་ནས་བསྡད་པ་ཡིན།ཙོག་ནས་རྩེད་མོ་དེ་གཉིས་ལ་རོལ་སྐབས།རེབ་ཐེངས་རེ་རེར་སྔ་མའི་དུས་ཡུན་ཅུང་ཐུང་ལ་ཕྱི་མ་ནི་ཅུང་རིང་འགྲོ།ད་ལྟའང་ཁོ་འབྲུ་རྡོག་ཕྱར་བའི་རྩེད་མོ་དེར་རྩེ་བཞིན་ཏེ།སྤར་བསྙབས་བྱེད་ཐེངས་རེར་བྱིས་པ་ཞིག་གི་ཚོད་ཀྱིས་ལག་པ་ཧ་ཅང་མགྱོགས།

ནང་སྒོ་ཕྱེ་བའི“ཙིར”སྒྲ་ཞིག་དང་བསྡོངས་ནས་ཨ་ཡེ་གློ་བུར་ཁྱིམ་ནང་དུ་བུད་ཡོང་།མོ་ཡོང་དོན་ནི་ཀུན་སྐྱིད་ཀྱིས་བཤད་པ་ལྟར་མཁའ་གོར་ལྟ་རྟོག་བགྱི་བ་སྟེ།མོ་མདུན་དུ་ཡོང་ཞོར་ཚ་བོས་འབྲུ་རིགས་ཕྱར་བ་དང་ཉི་ཐིག་ནང་ལག་བསྙབས་བྱེད་པ་མཐོང་བས“མི་ཞིག་ཡོད་ན་ཁྱི་ཞིག་གི་ལྷག་ཡིན་ཟེར་བ་འདི་རེད།ད་གོ་ཆོད་འདུག  ཁྲོལ་མ་ཉི་ཐིག་འོག་ཏུ་འཇོག་ཚུལ་ཡང་འགྲིག་ནས་ཡོད།མཉམ་འཇོག་དགོས་ས་ཞིག་ཡོད་པ་ནི་འབྲུ་རྡོག་སྐོར་ཞིག་ས་ལ་གཏོར་ཡོད་པ་དེ་ཡིན”ཅེས་སྨྲ་ཞོར་ཚ་བོས་ཁྲོལ་མ་དྲུད་ཤུལ་གྱི་འབྲུ་རྡོག་དག་སྒུར་སྒུར་ངང་བཏུས་རྗེས་མཁའ་གོའི་མདུན་གྱི་ཁྲོལ་མའི་ནང་འཕངས་བྱུང་།མཐུད་ནས་མོ་ཚ་བོའི་ཁ་གཏད་དུ་ཙོག་རྗེས་འབྲུ་རྡོག་སྤར་མོ་གང་བླངས་ནས་མྱང་ཙམ་བྱས་རྗེས“ངོ་མ་ཅུང་ཟད་སྐེམ་བཞིན་པ་འདྲ།ཁྱོད་ཀྱིས་འདི་ལྟར་བསྲུངས་ནས་བསྡད་ན་སུན་ངེས་སམ”ཞེས་དྲིས་འོངས།

“ང་སུན་མ་བྱུང་།”

མཁའ་གོས་སྣབས་འབྱིད་ཙམ་བྱས་རྗེས་དེ་ལྟར་ལན་བཏབ།

ཨ་ཡེས་ལག་ནང་གི་འབྲུ་དག་ཕྱིར་ཁྲོལ་མའི་ནང་འཕངས་པ་ལ།ས་རྡུལ་སྐོར་ཞིག་སླར་ཡང་ཉི་ཐིག་གི་ཀློང་དུ་འོད་ཀྲིག་ཀྲིག་བྱས་སོང་བར།མཁའ་གོས་གོ་སྐབས་དེ་དམ་འཛིན་བྱས་ནས་དེ་སྔོན་དང་འདྲ་བར་སྤར་བསྙབས་ལན་འགའ་བྱས།

“མཁའ་གོ   ཉི་ཐིག་ལ་རྩེ་མི་ཉན།   རྗེས་སུ་མ་རྩེས་ཨ།”

ཨ་ཡེའི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་བཞིན་དེ་ལྟར་བཤད།

“ཉི་ཐིག་ལ་རྩེ་མི་ཉན་དོན་ཅི་ཡིན་ནམ།”

ཚ་བོའི་མིག་ཟུང་ཆེ་རུ་བགྲད་ཅིང་སྨིན་མ་ཡོན་པོར་སྒྱུར་ཞོར་མཚར་བའི་ངང་དུ་དྲིས་འོངས།

“ལོ་ལོན་ཚོའི་བཤད་ཚུལ་ལ།བྱིས་པ་དག་ཉི་ཐིག་ལ་རྩེས་ན་དགོང་མོ་མལ་སའི་ནང་གཅིན་ཤོར་འགྲོ་ཟེར།དེ་ངོ་མ་ཡིན།”

ཨ་ཡེས་ཁོ་ལ་དལ་ལྷོད་ལྷོད་ངང་བཤད་པར།

ཁོས“ཉི་ཐིག་དང་གཅིན་ཤོར་པའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ”ཞེས་མུ་མཐུད་དུ་དྲིས་བྱུང་།

ཨ་ཡེས“འཇིག་རྟེན་ཁམས་ཀྱི་དོན་དག་མང་བོ་ཞིག་གཅིག་ལ་གཅིག་བརྟེན་དུ་ཡོད་གསུངས་པས།སྐོར་ཞིག་འགྲེལ་བཤད་རྒྱག་ས་མི་འགྲོ།ངའི་གཅེས་ཕྲུག  ཁྲོལ་མ་བསྣུར་བ་ལས་ཉི་ཐིག་ལ་མི་རྩེ་བར་འཚལ”ཞེས་སྨྲས་རྗེས།ཡར་ལངས་ནས་སྒུར་སྒུར་ངང་ཕྱིར་བུད་སོང་།

ཨ་ཡེ་སོང་ཤུལ་དུ།མཁའ་གོས་སྐབས་རེར་ཁྲོལ་མའི་ནང་གི་འབྲུ་རྡོག་ལ་ལྟ་བ་དང་།ལན་རེར་ཉི་ཐིག་གི་བར་གསེང་དུ་འོད་ཀྲིག་ཀྲིག་བྱེད་པའི་རྡུལ་ཕྲན་དེ་དག་ལ་ཞིབ་ལྟ་བྱས།བལྟས་ཀྱིན་བལྟས་ཀྱིན་ཁོ་ལ་རྡུལ་ཕྲན་དེ་ཚོ་ཆུ་རྡུལ་རེ་རེར་གྱུར་ནས་རང་གི་ཁ་དང་རྣ་སྒོ།སྣ་བུག་བཅས་ལས་ཁོག་ཏུ་བཞུར་བཞིན་པ་འདྲ་བའི་ཚོར་སྣང་ཞིག་བྱུང་བས།ལག་པ་སྔར་ལྟར་ཉི་ཐིག་གི་ཀློང་དུ་བསྲིངས་མ་ནུས།མ་ནུས་པ་དང་བསྟུན་ནས་རང་གི་གཅིན་ལྒང་ཡང་སྦོས་བྱུང་བ་དང་མཚུངས་པས།ཁོ་ལ་གཅིན་གཏང་འདོད་ཅིག་སྐྱེས་པར་གྱུར།

ཁོ་ཡར་ལངས་ནས་སྒོར་འགྲོ་རྩིས་བྱས་པ་ལ།ཙོག་ནས་བསྡད་པ་དང་བསྡུར་ཚེ་ཉི་ཐིག་ཁྲོལ་མའི་དཀྱིལ་དབུས་སུ་ཕོག་མེད་པར་བརྟེན།མར་སྒུར་ནས་ཁྲོལ་མ་སྟོད་ཕྱོགས་སུ་ཅུང་ཙམ་བསྣུར་སོང་།ཁོ་རྐང་འཇབ་ལག་འཇབ་ངང་ཚ་ཐབ་འགྲམ་དུ་ཕྱིན་ནས་ཚེ་དཀར་ལ་བལྟས་པར།མོ་གཉིད་ནས་འགུལ་ཙམ་ཡང་མི་བྱེད་པ་མཐོང་བས་ནང་སྒོ་ཕྱེ་ནས་ལྷས་ལ་བུད།ཨ་ཡེ་དང་དབང་འཚོ་གཉིས་ཀྱིས་གཞོགས་ཁང་ནང་ལྡབ་ལྡིབ་ཏུ་ཅི་ཞིག་སྨྲ་བཞིན་མཆི་ལ།ལན་རེར་ལག་སྐོར་བསྐོར་བའི་སྒྲ་དེའང་གསལ་བོར་གོ་འོངས།

ཁོ་ལྷས་ཞོལ་མའི་ཟོག་ཁང་འགྲམ་གྱི་སྤྱོད་ཁང་ཁར་སོང་ནས་གཅིན་པ་བཏང་བར།ནེ་ནེ་ལས་གཅིན་ཉུང་ངུ་ཞིག་ལས་འབབ་རྒྱུ་མ་བྱུང་བས།ཐོག་མར་མགོ་བོ་སྒུར་ནས་བལྟས་ཙམ་བྱས་པ་དང་།དེ་ནས་ལག་པས་སྤྲུག་སྤྲུག་ཅིག་བྱས་རྗེས་མཚར་སྣང་དང་བཅས་རྒྱུ་རས་ལས་བྱས་པའི་རྐང་སྣམ་ཁ་འདིག་མདུད་ཞོར་ལྷས་གོང་མར་ཡོང་།དེ་རིང་ཕྱི་དྲོ་ཁོ་གཅིག་པུ་མེ་ཁང་ནང་ཡུན་རིང་བསྡད་ནས་ཅུང་སུན་སོང་བའི་ཐོག ཨ་ཡེས་ཉི་ཐིག་ལ་རྩེས་ན་མལ་སའི་ནང་གཅིན་ཤོར་འགྲོ་ཚུལ་ལབ་པ་སོགས་དྲན་པས།རྐང་བ་ལ་རང་དབང་མེད་པར་གཞོགས་ཁང་ནང་དུ་འཛུལ་དགོས་བྱུང་།

ཁང་བའི་ཚ་ཐབ་ཀྱི་ཞོལ་དུ།ཨ་ཡེ་སྔོན་ཆད་དང་འདྲ་བར་གདན་ཧྲུལ་ཞིག་གི་སྟེང་དུ་ཙོག་ནས་ལག་སྐོར་ནང་འབྲུ་རྡོག་སྐམ་པོ་དག་འཐག་བཞིན་ཡོད་པ་ལ།སྲིང་མོས་ཨ་ཡེས་བཏགས་ཟིན་པའི་ཕུ་ཚེ་དང་ཕྱེ་འདྲེས་མ་རྣམས་མིག་མངས་ཆུང་ངུ་ཚགས་ཆེས་ཞིབ་པ་ཞིག་གི་ནང་བཅུས་ནས་སྤྲུག་སྤྲུག་བར་མེད་བྱེད་བཞིན་ཕྱེ་ཡོད་ཚད་ཤིང་ལེབ་ཅིག་གི་སྟེང་ཡོང་དུ་འཇུག་བཞིན་པ་མཐོང་།

ཁོ་ཕར་སོང་ནས་སྲིང་མོའི་གམ་དུ་ཙོག་རྗེས།ངག་ནས“ངས་ཁྱོད་ཅུང་ཙམ་ལ་བརྗེ།བར་མེད་དུ་འདི་ལྟར་སྤྲུག་སྤྲུག་བྱས་ཚེ་ལག་པ་ན་ངེས”ཞེས་བཤད་པར།

སྐད་ཆ་དེ་སྲིང་མོའི་འདོད་ཐོག་ཏུ་ཁེལ་པ་དང་འདྲ་སྟེ།མིག་མངས་མྱུར་དུ་ཕུ་བོའི་ལག་ནང་བཞག་འཕྲལ“ང་གཅིན་གཏང་དུ་འགྲོ་དགོས”ཟེར་ཞོར་སྒོར་བུད་སོང་།

ཁོ་ཤིང་ལེབ་འགྲམ་དུ་དཀྱིལ་དཀྲུང་ལ་ཙོག་ནས་མིག་མངས་བར་མཚམས་མེད་པར་སྤྲུག་སྤྲུག་བཏང་བར།ཕྱེ་དཀར་པོ་ནི་ཁངས་སྐྱ་འབབ་འབབ་བྱས་ནས་མིག་མངས་ཀྱི་བུ་ག་ཆུང་ངུ་རེ་རེ་ནས་ཤིང་ལེབ་སྟེང་འབབ་པར་བྱེད།ཚུལ་དེ་ནི་ཁོས་ད་ཅི་ཉི་ཐིག་གི་ཀློང་དུ་རྒྱུ་བའི་རྡུལ་ཕྲན་རྣམས་མཐོང་བ་དང་དབྱེར་མ་མཆིས་པས།ཁོས་ཨ་ཡེ་ལ“ས་རྡུལ་དང་ཕྱེ་རྡུལ་གཉིས་ཀ་འདི་ལྟར་འདྲ་དོན་ཅི་ཡིན་ནམ”ཞེས་དྲིས་འོངས།

ཨ་ཡེས་བསམ་བློ་ཡུན་རིང་ལ་བཏང་རྗེས“ཁྱོད་ཀྱི་ཨ་མྱེས་ཀྱིས་བཤད་པ་ལྟར་ན།མིའི་ཕུང་བོ་ཡང་རྡུལ་མང་བོ་འདུས་པ་ལས་གྲུབ་པར་བཤད་ལ།མི་ནི་སྐྱེ་བ་ནས་ཤི་རག་བར་དུ་ཕྱེ་རྡུལ་ཟོས་ཤིང་ཆུ་རྡུལ་འཐུངས་ནས་ཉི་མ་རེ་རེ་སྐྱེལ་བཞིན་ཏེ།ཆེས་མཐའ་མར་ཡང་ས་རྡུལ་ནང་དུ་འཐིམ་དགོས་པ་ཡིན་ཟེར།མིའི་ཕུང་བོ་རྡུལ་མང་བོ་འདུས་ནས་གྲུབ་ཚུལ་ངས་ཀྱང་བཤད་མི་ཤེས”ཞེས་སྨྲས་རྗེས།ཡང་ཅི་ཞིག་དྲན་པ་ལྟར་མིག་ཟུང་ཀེམ་ཀེམ་གཡོ་བཞིན“ས་རྡུལ་དང་ཕྱེ་རྡུལ་འདྲ་དོན་ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན”ཅེས་ལྡོག་འདྲི་ཞིག་བྱས་པ་ལ།

ཚ་བོས་རང་གི་སྐེ་ཚིགས་ལ་ཕུར་ཕུར་འགའ་བྱས་འཕྲལ“ངས་ཚོད་ཚོད་ལ་དྲིས་པ་ཡིན”ཅེས་ལན་ལྡོན་པར་མཛད།

དུས་ཡུན་ངེས་ཅན་ཞིག་ཕར་འདས་ཟིན་ཀྱང་།དབང་འཚོ་ཕྱིར་གཞོགས་ཁང་ནང་ཡོང་རྒྱུ་མ་བྱུང་བས།ཨ་ཡེས“འདྲེ་ཕྲུག་མ་འདི་གང་ལ་ཕྱིན་པ་ཡིན་ནམ།ད་རུང་མི་ཡོང་བ་འདི”ཟེར་བཞིན་མོའི་མིང་དེ་དབྱངས་ལ་བཀུགས་ནས་བོས་སོང་།ཡུད་ཙམ་གྱི་རྗེས་སུ་མོས་གཞོགས་ཁང་གི་སྒོ་མོ་དལ་བུའི་ངང་དུ་ཕྱེ་འོངས་ལ།མིག་གིས་ཨ་ཡེ་ལ་ལྟ་ཞོར་འཇབ་འཇབ་ཏུ་ཡོང་ནས་ཕུ་བོའི་གམ་དུ་བསྡད་བྱུང་།

“ཁྱོད་གང་དུ་སོང་བ་ཡིན་ནམ།ཡོང་རྒྱུ་ཞིག་མི་འདུག”

ཨ་ཡེས་མོ་ལ་ཧྲིག་གེར་ལྟ་བཞིན་དེ་སྐད་ལབ་སོང་།

“ཁྱིམ་མཚེས་ཚང་གི་སྒོ་ཁ་རུ་སྤྲང་པོ་ཞིག་ཡོང་ཡོད་དེ།བྱིས་པ་མང་བོས་ཁོ་རུབ་འདུག”

མོས་ལྕེ་ནར་ཞིག་བྱས་འཕྲལ་གཅོམ་ཆུང་གི་སྐད་ཀྱིས་དེ་སྐད་སྨྲས།

“ང་ཡང་སོང་ནས་གཅིག་བལྟ་དགོས།”

མཁའ་གོས་དེ་ལྟར་རྗོད་ཞོར་ཡར་ལངས་བྱུང་བ་ལ།ཨ་ཡེས“ཁྱོད་འགྲོ་མི་དགོས།མེ་ཁང་ནང་དུ་སོང་ལ་འབྲུ་རིགས་སྐོམས་ཤིག  ད་དུས་ཡུན་རབ་ཅིག་འགོར་ཟིན་པས།ཉི་ཐིག་ཁྲོལ་མ་ལས་གོང་དུ་གཟུར་ཡོད་ངེས”ཞེས་ཟེར་བར།ཁོ་འགྲོ་ན་འདོད་མི་འདོད་བྱས་ནས་གཞོགས་ཁང་ལས་བུད་འཕྲལ་ཐད་ཀར་མེ་ཁང་ནང་ཕྱིན་སོང་།

“ཨ་ཡེ།ངས་འུ་ཚང་གི་འབྲུ་དང་ཕྱེ་རྐུ་མཁན་གྱི་ཙིག་མ་དེ་རིག་སོང་།”

ཅང་མ་འགོར་བར་མཁའ་གོས་གློ་བུར་དེ་སྐད་སྨྲ་ཞོར་དང་འུར་རྒྱག་ཞོར་བྱེད་བཞིན་གོམ་སྒྲ་ལྟིག་ལྟིག་དང་བཅས་བརྒྱུགས་ཡོང་ནས་ཨ་ཡེ་ལ་ཡར་ཞུ་བྱས་འོངས་ཏེ།ཁོའི་བཞིན་དུ་དགའ་སྤྲོ་དང་འཇིགས་སྔངས།འཚུབ་སྣང་བཅས་བཤད་མི་ཤེས་པའི་རྣམ་འགྱུར་སྣ་ཚོགས་པ་ཞིག་མངོན་ནས་ཡོད།

དབང་འཚོ་མྱུར་དུ་ཚུར་ཡོང་ནས་ཨ་ཡེ་སྐྱོར་ཏེ་ལངས་མ་ཐག  བུད་མེད་རྒན་གཞོན་འདི་གཉིས་ཀྱི་རྐང་བ་སྦྲིད་ཡོད་ལོས་ཆེ།མཁའ་གོའི་རྗེས་འབྲངས་ནས་ཀྱལ་ཀྱོལ་ངང་མེ་ཁང་དུ་ཕྱིན།

ཁྱིམ་ནང་བསླེབས་མ་ཐག  ཨ་ཡེས“ཙིག་མ་དེ་གང་དུ་ཡོད་དམ།ད་ལྟ་གང་དུ་འཛུལ་སོང”ཞེས་དྲིས་པ་ལ།

མཁའ་གོས་དབུགས་འཚང་ཞོར་དུ“ང་འདི་གར་ཡོང་དུས་ཙིག་མ་དེ་ཁྲོལ་མའི་འགྲམ་དུ་འདུག་ལ།ཅང་མ་འགོར་བར་ཁང་བའི་གྲུ་ཟུར་དུ་བརྩིགས་པའི་བུད་ཤིང་གི་འོག་ཏུ་འཛུལ་ཐལ།ཙིག་ཁུང་ཡང་དེ་གར་ཡོད་པ་འདྲ།ཙིག་མ་སྐྱ་བོ་ཞིག་རེད”ཅེས་ལན་བཏབ་བྱུང་།

ཁོ་ཚོས་འུར་བརྒྱབ་པ་དེས་ཚེ་དཀར་སད་དུ་བཅུག་སོང་སྟེ།སྐད་ལ་ཕྱུང་ནས་ངུས་པ་ན།ཨ་ཡེ་ཚ་ཐབ་ཕྱོགས་ལ་འགྲོ་ཞོར་དུ“དབང་འཚོ།ཁྱོད་ཀྱིས་འདི་གར་ཙིག་མ་སྲུང་ལ་སྡོད།མཁའ་གོ  ཁྱོད་ཁང་ཐོག་ཏུ་སོང་ལ་ཨ་མ་བོས་ཤོག  ཀུན་སྐྱིད་ཀྱིས་བཤད་པ་ལྟར་དེ་རིང་ང་ཚོས་སྲོག་ཆགས་གཏེ་ངན་དེ་ཤོར་དུ་འཇུག་མི་རུང་།འདིས་ད་བར་དུ་ང་ཚོའི་ཟས་སྐལ་ཕྲོགས་པའི་སྐྱིན་པ་ལེན་དགོས”ཞེས་མངགས་བཀོད་གནང་སོང་།

མཁའ་གོ་ནི་ཅི་གསུང་བཀའ་བཞིན་སྒྲུབ་པའི་དམག་མི་ཞིག་དང་མཚུངས་པར།ལྷས་ཞོལ་མའི་ཁང་བའི་བྱ་འདབ་ཏུ་བསླངས་ཡོད་པའི་ཤིང་སྐས་སྟེང་འཛེགས་ནས་ཁང་ཐོག་ལ་བུད་པ་དང་།དེ་ནས་སྐད་ཕྱུང་སྟེ“ཨ་མ།ཨ་མ་ཀུན་སྐྱིད”ཅེས་ཡང་ཡང་འབོད་པར་བྱེད།

སྐབས་ཤིག་ལ་ཀུན་སྐྱིད་གཡུལ་ཁའི་གཏད་མར་བུད་ནས་ཨ་ལན་བྱིན་རྗེས།ངག་ནས“ཚེ་དཀར་སད་བྱུང་བ་ཨེ་རེད”ཅེས་དྲིས་འོངས།

མཁའ་གོས“མ་རེད།ངས་ཙིག་མ་དེ་རིག་སོང”ཞེས་བརྗོད་པར།

མོས“ངས་མ་གོ་ཐལ།ཁྱོད་ཀྱིས་སྐད་ཁྱོགས་ལ་ཤོད་དང”ཞེས་སྐུལ་བྱུང་།

ཁོས་སྐད་མགོ་སྔར་ལས་ཇེ་མཐོར་བཏང་ནས་ད་ཅིའི་སྐད་ཆ་ཐུང་ངུ་དེ་བསྐྱར་ཟློས་ཐེངས་གཅིག་བྱས་པ་ལ།

ཀུན་སྐྱིད་ནི་གཡུལ་ཁའི་གཏད་མར་གད་པ་དམའ་མོ་ཞིག་ཡོད་པར་དཔྱངས་ནས་མར་བབས་བྱུང་ལ།བར་དུ་ཞིང་ཚིགས་ཤིག་ཡོད་པ་རྒྱུག་མ་འདུར་གྱིས་བརྒལ་རྗེས།ཡང་ཞིང་གི་གཏད་མ་ལས་ཐང་དུ་ལྡིང་ནས་བརྒྱུགས་ཡོང་།ཚུལ་དེ་ནི་དངོས་གནས《མི་ལ་རས་པའི་རྣམ་ཐར》དུ་ཐོས་པ་དགའ་སློབ་དཔོན་གྱི་ཕྱགས་ཕྱིར་སྟོན་མོ་ཞིག་ལ་ཕྱིན་ཏེ་ར་བཟི་བར།ཕྱིར་ལྡོག་པའི་ལམ་དུ་གླུ་བླངས་ནས་རང་ཚང་གི་སྒོའི་ཐད་དུ་བསླེབས་པ་ཨ་མ་མྱང་ཚ་དཀར་རྒྱན་གྱིས་ཐོས་དུས“སྐས་རིང་བ་ལས་བབས།ཐུང་བ་ལས་མཆོངས”ཞེས་སྤྲོས་བརྗོད་བྱས་ཡོད་པ་དང་ཨ་ན་མ་ན་རེད།

མཁའ་གོ་ཤིང་སྐས་ལས་བབས་ཏེ་ཁྱིམ་ནང་ཡོང་ནས་ཅང་མ་འགོར་བར།ཀུན་སྐྱིད་ཀྱིས་ཕྱུ་པའི་ཐུ་སྣེ་སྐ་རགས་བར་དུ་གསེབ་ཅིང་།ལག་ལ་སྔོན་ཆད་ནས་གྲ་སྒྲིག་བྱས་ཡོད་པའི་དབྱུག་གཏུན་དེ་བཟུང་ནས་མེ་ཁང་ནང་བསླེབས་བྱུང་།མོའི་ཐོད་པར་རྔུལ་ཆུ་ཙུག་ཙུག་བྱེད་ཅིང་ཁ་ནས་དབུགས་ཧལ་ཧལ་གཏོང་བཞིན“མཁའ་གོ  ཙིག་མ་གང་དུ་འཛུལ་ཐལ”ཞེས་དྲིས་བྱུང་བར།

མཁའ་གོས་ཁང་བའི་གྲུ་ཟུར་དུ་བརྩིགས་ཡོད་པའི་བུད་ཤིང་དག་སྟོན་བཞིན“འདིའི་སྲུབས་སུ”འཛུལ་སོང”ཞེས་ལན་བཏབ།

དེ་ལ་ཀུན་སྐྱིད་ཀྱིས་དབྱུག་གཏུན་ཐང་ལ་འཇོག་ཞོར་དུ“མཁའ་གོ  ཁྱོད་ཀྱིས་ང་ལ་བུད་ཤིང་ཚུར་ལེན་རོགས་བྱོས།དབང་འཚོ་སོང་ལ་ཐབ་མདོ་སྲུང་ནས་སྡོད།ཨ་མ་ཁྱོད་ཀྱིས་ལག་རྟེན་བཟུང་ནས་ནང་སྒོ་ཁ་སྲུངས་ཤིག”ཅེས་བཀོད་སྒྲིག་བྱས་རྗེས།ཡང་ཁ་སྣོན་གྱི་ཚུལ་དུ“དེ་རིང་ཐེངས་མང་བོར་འུ་ཅག་གི་ཟས་སྐལ་འཕྲོག་མཁན་གྱི་ཙིག་མ་དེ་དམར་གསོད་བྱ་དགོས་པས།སུས་མདུན་ཐད་དུ་ཤོར་ཡོང་ན་ཚམ་ཚོམ་མེད་པར་དབྱུག་པས་རྡེག་ཅིག  རྐང་བས་གཅིར་ཞིག  མདོར་ན་ང་ཚོའི་འགན་ཁུར་ནི་གཏེ་བོ་དེ་རྩ་མེད་དུ་གཏང་རྒྱུ་རང་ཡིན”ཅེས་སྐད་མགོ་མཐོ་རུ་བཏེགས་ནས་བཤད་སོང་།

“ཡ་ཡ།”

རྒན་གཞོན་གསུམ་པོས་མཉམ་དུ་གཏམ་ལན་དེ་བྱིན་འཕྲལ་སོ་སོའི་ལས་གནས་སྲུང་བར་མཛད།

དེའི་དུས་སྐར་ཁུང་ལས་འཕྲོས་པའི་ཉི་ཐིག་ནི་བུད་ཤིང་བརྩིགས་པའི་ཁང་བའི་གྲུ་ཟུར་དང་ཐག་མི་རིང་བའི་སར་འཕྲོས་འདུག་པས།ནམ་རྒྱུན་མུན་ནག་འཐིབས་ནས་ཡོད་པའི་ཁང་བའི་ཡ་ཕུག་ཏུ་གློག་འོད་ཆེན་པོ་ཞིག་བཀར་བ་དང་མཚུངས་པར་འོད་གསལ་ལེར་བདོག

མཁའ་གོས་ཨ་མར་རོགས་བྱས་ནས་བུད་ཤིང་རེ་རེ་ཚུར་བླངས་བྱུང་བར།ད་ནི་བུད་ཤིང་དག་བླངས་ནས་ཆེས་འོག་ཏུ་ཡོད་པའི་ཤིང་སྡོང་དུམ་བུ་ཕྱེད་ཀ་མ་དེར་གཏུགས་སོང་།བར་དེར་ཀུན་སྐྱིད་ཕྱིར་ནུར་བྱས་ནས་ཡོང་སྟེ་ཐང་གི་དབྱུག་གཏུན་དེ་བླངས་རྗེས།མཁའ་གོའི་རྣ་སྒོར་གཏད་ནས“ཙིག་མ་གྱང་རྩ་གཏད་ནས་བྲོས་ཕྱིན་ཚེ།  ཁྱོད་ཀྱིས་བདའ་ནས་རྐང་བཅགས་བྱོས་ཤིག   སྣང་ངུ་གཡུ་སྟག་བཞིན་དུ་སྙིང་སྟོབས་བསྐྱེད་པར་མཛོད་ཅིག”ཅེས་ཁོ་ལ་སྙིང་ཕུར་གདབ་བྱུང་།

མཐུད་ནས་མོ་ཚམ་ཚོམ་ཅི་ཡང་མེད་པར་མདུན་དུ་ཕྱིན་ནས་ཤིང་སྡོང་དུམ་བུ་ཕྱེད་ཀ་མ་དེ་ཚུར་རོལ་ཏུ་བསྒྱེལ་སོང་བར།ཙིག་མ་སྐྱལ་རིལ་བ་དེ་སྔངས་སྐྲག་དང་བཅས་གྱང་རྩ་བརྒྱུད་ནས་གོམ་པ་གཅིག་ལྷག་གི་སར་འབྲོ་བར་བྱེད་པས།མོས་མྱུར་སྟབས་ཀྱིས་དབྱུག་གཏུན་མཁའ་ལ་ཕྱར་བའི་སྐད་ཅིག་མ་དེར།ཙིག་མས་ཁང་བའི་གྲུ་ཟུར་དུ་ཕྲུ་གུ་དམར་འབྱར་དེ་དག་གིས“ཙི་ཙི”ཡི་སྐད་སྒྲ་ཆུང་ངུ་འབྱིན་བཞིན་པ་གོ་བས།ཁ་ཕྱིར་འཁོར་ནས་བརྒྱུགས་སོང་སྟེ་ཕྲུ་གུ་དམར་འབྱར་དག་རང་གི་ཕོ་ཞབས་སུ་བསྡུས་འཕྲལ་རིག་རིག་མིག་གིས་མོ་ལ་ལྟ་བཞིན་སྒོང་ནས་བསྡད་བྱུང་།

སྣང་ཚུལ་དེ་མཐོང་མ་ཐག  ཀུན་སྐྱིད་ཀྱི་སེམས་ཀྱི་གཏིང་རིམ་ཞིག་ནས་སྙིང་རྗེ་ཡི་ཚོར་བ་ཁྱད་པར་བ་ཞིག་ཆར་སྤྲིན་ལངས་པ་ལྟར་སེམས་ཀྱི་མཁའ་ལམ་ཧྲིལ་པོར་ཁྱབ་པ་ལ།སྣ་ཁུང་སྐྱུར་སོབ་སོབ་ཏུ་གྱུར་ནས“ཨུ་ཧུ་ཧུ”ཞེས་ངུ་སྐད་ཤོར་ཟིན་ཏེ།ངུ་སྐད་ཤོར་པ་དང་སྦྲགས་ནས་ལག་གི་དབྱུག་གཏུན་ཡང་ཁྲོག་སྒྲ་དང་བཅས་ཐང་ལ་ལྷུང་སོང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།