ཀྲུང་གོ་བོད་ཀྱི་དྲ་བ།

གཉིད་ཆག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་དོན།(ཀན་ལྷོ།)   སྤེལ་དུས། : 2017-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐང་ལོ་ལ་ཟླ་ངོ་འདིར་གཉིད་སྐྱིད་པོ་ཞིག་ཡེ་ནས་ལོག་རྒྱུ་བྱུང་མེད།ནམ་རྒྱུན་ནུབ་འཚལ་འཐུང་རྗེས་ཁོར་རང་དབང་མེད་པར་འདང་རྒྱག་ཅིག་འཁོར་ཡོང་བ་ནི་གཉིད་ཅི་ལྟར་འགུགས་དགོས་བ་དེ་ཡིན། དེ་ནི་ཁོར་མཚོན་ན་ལོ་འདི་འགར་ཡར་དཀོན་མཆོག་ལྷ་ལ་ཞུས་བས་མི་ཕན་ལ་བར་འཇིག་རྟེན་ཕལ་མིའི་དགའ་སྐྱོ་ཆགས་སྡང་ཡོད་ཚད་ཀུན་ནས་གཞོམ་པའི་བདུད་རྩི་ཆང་ལ་བསྟེན་པས་ཀྱང་འདོད་ཐོག་ལ་མི་ཡོང་བའི་བྱ་ལས་ཁག་པོ་འབའ་ཞིག་རེད། ཁོས་མཚན་མོ་རེ་རེར་ཁ་པར་ཡར་སློག་ཡར་སློག་དང་སྐད་འཕྲིན་ཡར་སྐུར་མར་སྐུར་བྱས་བྱས་མཐར་མཇུག་འབྲས་ཉག་གཅིག་ཐོབ་པ་ནི་ཆ་ཡོད་ཆ་མེད་ཀྱི་གྲོགས་པོ་དག་རེ་རེ་བཞིན་གཉིད་དུ་ཞུགས་པར་སྒུག་འགྲོ་བ་དེ་ཡིན་ལ། དེ་དང་མཉམ་དུ་ཁ་ཡ་བྱེད་མཁན་མེད་པའི་ཁོ་བོས་གཞི་ནས་ཁ་པར་ནང་གི་རྩེད་ཤོག་ལ་མི་འཇུ་ག་མེད་ཡིན། ཁོས་རྩེད་ཤོག་དེ་ལན་རེར་རྒྱལ་ཕམ་གཙོར་འཇོག་ལ་ལན་རེར་ཐབས་ཟད་དེ་མོ་རྩིས་རྩེད་རིགས་ཀྱི་མོ་ཤོག་ཀྱང་བྱེད་ཀྱི་ཡོད། རྒྱལ་ཕམ་རྩོད་དུས་འགྲན་ཡ་དེ་ཁ་པར་ནང་གི་གྲངས་འཇུག་གི་གློག་མི་དེ་དག་ཡིན་ལ།མོ་ཤོག་རྩེད་སྐབས་རང་གིས་རང་ལ་དོ་ནུབ་ཀྱི་དུས་ཚོད་བརླག་ཞོར་སང་ཉིན་གྱི་རླུང་རྟ་ག་འདྲ་ཡིན་མིན་བརྟག་གྱིན་པ་དེ་རེད། དེའང་གསལ་བོར་བཤད་ན། ལས་དབང་གི་དགའ་མ་ཞིག་ལ་འཕྲད་མི་འཕྲད་ཀྱི་གནད་དོན་ལ་ཁ་ཕྱོགས་མེད་པའི་མོ་རྡེའུ་ཞིག་གཡུག་བཞིན་པ་དེ་རེད།མ་གཞི། ཁོའི་བློ་ངོར་སུས་ཀྱང་མི་རྟོགས་པའི་བུ་མོ་ཞིག་སྦ་གསང་བྱས་ནས་ཡོད་ལ། ཁོ་རང་ཁོ་མོར་ཤོར་བའི་སེམས་པ་ཞིག་ཉིན་མ་ནམ་ཞིག་ལ་བརྩེ་དུངས་ཀྱི་བྲོ་བ་མ་མྱངས་བར་དེའི་ར་མདའ་དང་རྐུན་པོར་གྱུར་བ་ཡིན་ནམ།

དོན་དམ་དུ་དོན་དངོས་ཀྱི་འཚོ་བའི་ཁྲོན་ན་ཐང་ལོ་ལ་དགའ་ས་འདི་ཞེས་མཛུབ་གུ་བཙུགས་ཆོག་པའི་མོ་གསར་ཞིག་ཁྱོན་ནས་མེད་པ་འདྲ། གཞན་གྱིས་བལྟས་ཚོད་དུ་ཁོ་ལ་ཆེས་མཁོ་བ་ནི་སྐྱིད་སྡུག་མཉམ་མྱོང་གི་བཟའ་ཟླ་ཞིག་བཙལ་རྒྱུ་དེ་ཡིན་མོད། ཁོ་རང་ཉིད་ཀྱི་ལྟ་བ་ལ་རིག་པ་ནངས་བར་འཆི་ཡང་བསླབ་རྒྱུ་དེ་ཁོ་ན་ཡིན་པ་དེ་རེད་། འོན་ཀྱང་། ཁོའི་འདོད་ཚུལ་དེ་མི་གཅིག་གིས་ཀྱང་ཧ་མི་གོ་ལ་བདེན་པའི་རྒྱབ་སྐྱོར་མཁན་གཅིག་ཀྱང་མེད་པ་མ་ཟད། ཐ་ན་དེ་ལས་ལྡོག་ཏེ་རྣམ་དོགས་ཟ་མཁན་དང་ངན་སྨྲས་བྱེད་པའི་གླེག་ཕྱོགས་ཀྱང་མང་པོ་ཞིག་མི་འདོད་བཞིན་དུ་ཐོན་གྱི་ཡོད། ཁོས་ཇི་ལྟར་རང་གི་དགའ་སྐྱོ་ཆགས་སྡང་དང་འདོད་འདུན་ཆགས་སྲེད་སོགས་རང་གི་སེམས་སུ་ཆུ་འཁྱག་ཕོར་བ་གང་མིད་པ་ལྟར་བསྡུས་ཡོད་པ་དེ་ཆུང་གྲོགས་དམ་པ་འདྲེ་ལག་ཁོ་ནས་མ་གཏོགས་མི་ཤེས། འདྲེ་ལག་གིས་ཀྱང་ལོ་ངོ་མང་པོ་ཞིག་གི་རྗེས་ནས་ད་གཟོད་ཧ་ལས་ཤིང་ཡིད་སྐྱོ་བའི་ངང་ལན་རེར་མི་གཞན་ལ་ཧ་ཅང་གཟབ་ནན་གྱིས་ཚུལ་དུ་གླེང་ཕྱོགས་གཞན་ཞིག་བཤད་ཀྱི་ཡོད།

ཨིན་་ཨིན་་གསར་ཡག་ཀླུ་མོས་བསླུས་བའི་རྒྱུ་མཚན་་་་་

གསར་བུ་ཆོ། ལྷ་ཁ་ཀླུ་ཁར་འཛེམ་དགོས་་་་་ཐང་ལོར་གསལ་ནི་རེད།

མི་ད་ཡོད་ལ་དཔེ་གསོན་པོ་གན་ལས་ལྷག་པ་ཞིག་གང་ན་ཡོད།

ཨ་ལགས་ཚང་གི་གསུངས་དག་ལ་འགལ་བའི་མི་ཇི་འདྲ་མང་པོ་ཞིག་གིས་རང་ལག་རང་གིས་མེ་ནང་དུ་བསྲིངས་ཡོད་དམ་་་་ཨ་ཨ་

ཐང་ལོར་་་་ཀླུས་གནོད་པ་དེ་མིན་ན་་་་བཟའ་ཟླ་ཞིག་ལས་སླ་མོ་མ་ཡིན་ནམ་་་་མཁས་བའང་ཞ་དང་ཞོར་མིན་ན་ཅི་་་་

འདྲེ་ལག་གི་གདོང་ལ་གཟབ་ནན་གྱི་ཉམས་དང་བཅས་མིག་ཟུང་བཙུམ་བཞིན་ལག་པས་ཐལ་མོ་ཕྱེད་ཙམ་སྦྱོར་ཅིང་ཧ་ཅང་ཡིད་འཕངས་ཤིང་བློ་ཕམ་པའི་རྣམ་འགྱུར་དང་བཅས་གྲོགས་པོ་རེ་འགའ་ལ་ཐང་ལོའི་གཏམ་རྒྱུད་མ་ཡིན་པའི་གཏམ་རྒྱུད་འདི་གླེང་བར་བྱེད། ཡང་གཅིག་བཤད་ན། འདྲེ་ལག་ཁོ་ནས་མཐོང་བའི་མིག་མཐོང་ལག་ཟིན་གྱི་དངོས་བྱུང་གཏམ་རྒྱུད་འདི་ཐང་ལོ་ཡོད་ས་ནས་གཞན་ལ་གཏན་ནས་གླེང་མྱོང་མེད་ལ་གླེང་ཀྱང་མི་ཕོད། ཁོས་བཤད་ན་དེ་ནི་གཅིག་ནས་ཐང་ལོ་ལ་གཞན་གྱིས་དགོས་མེད་ཀྱི་སྐད་ཆ་བཤད་པར་དོགས་པས་ཡིན་པ་དང་། གཉིས་ནས་ཐང་ལོ་ལ་ཡང་བསྐྱར་བཤད་མི་ཤེས་བའི་ཀླུས་གནོད་པ་དེ་འབྱུང་བར་སྐྲག་པས་ཡིན། གཞན་ཡང་དོན་དག་འདི་ཁོ་རང་ཁོ་ནས་མ་གཏོགས་མི་ཤེས་བས་གཏམ་མི་ཁ་བརྒྱུད་ན་ཇེ་མང་གི་དཔེ་བཞིན་དུ།དོན་དངོས་ནས་ལྷ་སྒྲུང་དུ་གྱུར་ཅིང་ལྷ་སྒྲུང་ནས་ཀླུ་དཔེར་མི་འགྱུར་བའི་ངེས་བ་ཡང་མེད་པས། ཁོས་བསམ་བཞིན་སྦ་གསང་ལྟ་བུ་ཞིག་བྱས་ནས་ལོ་ངོ་མང་པོ་ཞིག་འགོར་ཡོད།

འོན་ཀྱང་། ཐང་ལོས་འདྲེ་ལག་གི་བཤད་ཚུལ་དེ་གཏན་ནས་ཁས་ལེན་གྱི་མེད། ཁོ་ལོ་ངོ་བཅུ་ལ་དཔེ་ཀློག་གི་ནང་དུ་མགོ་རྒྱབ་ཅིང་དེའི་རྗེས་ནས་བཟུང་དཔེ་ཆ་རང་གི་གྲིབ་མ་བཞིན་བསྟེན་པ་རང་ལ་གསལ་བས། དཔེ་ཀློག་གི་འཇིག་རྟེན་ཅིག་ནས་མི་ལོ་བཅུ་ལྷག་འདས་བའི་གོ་རིམ་ཁྲོད་དུ་དཔེ་ཆ་ཁོ་ན་ཟ་རོགས་འཐུང་གྲོགས་ཡིན་ཅེས་བཤད་ཀྱང་མི་ཆོག་པ་ག་ལ་ཡོད། དེ་བས། ལྷ་ཀླུ་གཉན་གསུམ་གྱི་སྒྲུང་དེ་ལྟ་བུ་ཞིག་ཁོ་ལ་འབྲེལ་བ་གཏན་ནས་མེད་ཅེས་ཁས་ལེན་གྱི་མེད། རྒྱུ་མཚན། ཁོ་རང་སློབ་མཐར་ཕྱིན་མ་ཐག་ཅུང་མཐའ་ཁོབས་ཡིན་པའི་འབྲོག་རུའི་ལུང་ཁོགས་ཀྱི་སློབ་ཆུང་དེ་ནས་སུན་སྣང་དང་ཁེར་རྐྱང་གི་སྐྱོ་ངལ་སེལ་ཆེད་དུ་དཔེ་ཀློག་གི་ནང་ལ་མགོ་འཁོར་བ་ལྟ་བུ་ཞིག་ཆགས་ནས་ལས་མཐུན་བུ་མོ་ཞིག་ལ་འང་མ་འཕྲད་པ་ཁོ་རང་ལ་མི་གསལ་རྒྱུ་ག་ལ་ཡོད།ཐང་ལོ་ཞེས་བའི་མཚང་མིང་དང་གཅེས་མིང་གཉིས་ག་ཡིན་པ་ལྟ་བུ་འདི་ཡང་རྫོང་གྲོང་གི་སློབ་གྲོགས་དེ་ཚོས་ཁོར་ཐང་ན་ལུས་བའི་གཅེས་ལོ་རུ་བཏགས་པ་ལས་འབོད་ལོབས་སུ་གྱུར་བ་ཞིག་ཡིན།

ཁོས་སློབ་གྲོགས་དཔོན་གྲལ་དུ་ཚུད་པ་དག་དང་བཟང་ས་མི་གྲལ་དུ་འཛུལ་བཞིན་པ་སུ་ལ་ཡང་རང་ཉིད་རྫོང་མཁར་ལ་ཡོང་འདོད་ཀྱི་འདུན་པ་དེ་བཤད་མ་མྱོང་། གཞི་རིམ་ནས་སྨྱོས་ལ་ཁད་ཀྱི་ལོ་ངོ་བཅུ་བར་ད་གཟོད་རྫོང་སློབ་གསོ་ཅུས་ཀྱི་འགོ་གཙོ་བུད་མེད་དེ་ཐོག་དང་པོར་སློབ་གྲྭ་དེར་སླེབས་པ་དང་། མོ་རང་གཟི་བརྗིད་ཀྱིས་སྟངས་སྟབས་དང་བཅས་ཐང་ལོར་ཐུགས་འཕྲད་ཀྱི་ཕྱག་འཇུ་གནང་སྒང་ལ་སློབ་མ་ཁྱི་ཐར་ཁ་ཆག་གིས་མཛེར་མ་ཁེ་གྲི་འདྲ་བ་ཞིག་གསང་སྟབས་ཀྱིས་འགོ་མའི་རླངས་འཁོར་གྱི་གཞུག་འཁོར་གཉིས་ལ་བསྟུད་མར་བརྡབས་པ་དང་སི་སྒྲ་མདེལ་འཕུར་བ་འདྲ་བ་གཉིས་གྲགས་པ་དང་མཉམ་དུ་སློབ་མ་འགའ་འུར་དིར་རེ་གཤེགས་སོང་།

ཨ། ཨ། སློབ་མ་ལས་སློབ་གསོ་དང་དགེ་རྒན་ཚང་མ་ཤེས་ཡོང་་་་

ཟོག་རེད། དེའི་ཀྱང་ཐུ་རེད། ཡ་་་དོ་ནུབ་ས་སྡུག་འདི་ནས་ལུས་ཐལ་

ནུབ་མོ་དེར་ཐང་ལོས་འགོ་མ་བོད་མོ་དེར་འབྲོག་ཐུག་སྟབས་བདེ་ཞིག་དྲངས། མོས་ཁ་ལོ་བར་མིག་བརྡ་ཞིག་བསྟན་པས་འབྲུ་ཁུ་ལྔ་མའི་ཆང་དམ་གཉིས་ལྕགས་ཐབ་ཀྱི་འགྲམ་པར་བསྲེ་ནས་འཐུང་འགོ་བརྩམས།ཐང་ལོ་དང་ཁ་ལོ་བ་གཉི་གས་འཐུང་གྲོགས་འདུག་གྲོགས་གཉིས་ཀྱི་ཞབས་ཏོག་གང་ནུས་ཤིག་སྒྲུབས། མོས་རྩྭ་ཐང་དང་ཆུང་དུས་དྲན་ཚུལ་གླེང་ཡོང་ལ་ཐང་ལོས་ལོ་ངོ་བཅུའི་ཁེར་སྡུག་བཤད་ཁུལ་གྱིས་ཅུང་མིན་ན་མིག་ཆུ་ཡང་ཤོར་སོང་།གོ་སྐབས་དེ་དང་བསྟུན་ནས་ཐང་ལོས་བློ་ཡུལ་ལས་བརྒལ་བའི་བརྩེ་གླུ་སྙན་མོ་ངེད་གཉིས་ཕན་ཚུན་ལ་དགའ་ཡོང་ཞེས་བའི་ཕོ་མོའི་མཉམ་ལེན་དེ་ཡང་འགོ་མར་ཕུལ་ཐུབ་སོང་ལ་ཕྱི་ཉིན་འགྲོ་ཁ་མར་ཐང་ལོར་སེམས་གསོའི་ཚུལ་དུ་ཕྲག་པར་རྡེབས་བཞིན།

གསར་ཡགལོ་མཇུག་ལ་རྫོང་དུ་སྤར་ཆོག་ཅེས་བཤད་དེ་ཆས་

དེ་དང་མཉམ་དུ་ཁོའི་ནང་སེམས་གྱི་སྡུག་བསྔལ་དང་འདྲ་མཉམ་མིན་པའི་གནས་སྟངས་ལ་གཞི་ནས་སྡོམས་ཚིག་བཀོད།

ཐང་ལོ་རྫོང་ལ་ཐོན་རྗེས་ཀྱི་ནུབ་མོ་ཞིག་ལ་འདྲེ་ལག་གིས་བསུ་ཆང་འཐུང་དགོས་ཞེས་ཐང་ལོར་དུས་བཏབ་ཏེ་ཆུང་གྲོགས་གཉིས་ཀྱིས་དགའ་ལྷང་ལྷང་གིས་ཆང་བསུ་རྒྱས་བ་རྒྱག་ཆོད་པ་ཞིག་འཐུང་།

འདྲེ་་་་ལག་འདྲེ་ཁ ། ཁྱོད་ཀྱིས་ང་ལ་ཀླུ་མོའི་སྐོར་དེ་ཡང་བསྐྱར་ཅིག་ཤོད་དང་

རི་ཡོང་ཐང་ལོ་་་་ང་སྐྲག་གི་་་་བཤད་མི་ཕོད་་་

ངས་ངོ་མ་བརྗེད་ལ་ཁད་རེད་་་ སྒྲུང་དེ་འདྲ་སྙན་མོ་ཞིག ང་ཐང་ལོར་མ་གཏོགས་སུ་ཡང་སྒྲུང་དེའི་མི་སྣ་གཙོ་བོར་གྱུར་ཐབས་མེད་་་ཧཧ་་་་ཤོད་

ང་འདྲེ་ལག་གི་འདྲེ་ཁ་ནས་མ་གཏོགས་སྒྲུང་དེ་འདྲ་ཐོན་མི་དཔེ།

འདྲེ་ལག་གིས་ནམ་རྒྱུན་མཱ་ཅང་བཙིར་ནས་ཡོད་ལ་ལག་བསོད་མི་དམན་པས་ལ་ལས་ཁོའི་ཉིན་གཅིག་གི་རླུང་རྟ་ཁས་ལེན་ལ། ལ་ལས་ཁོར་གཞན་གྱི་དང་ལྷོང་བར་ནས་ལག་པ་གསུམ་པ་བསྲིང་རྒྱུར་གོམས་ཡོད་ཅེས་མཚང་མིང་ལ་འདྲེ་ལག་ཀྱང་ཐོགས་ཡོད། གང་ལྟར། ལོ་འདི་གར་ལག་ཡོང་དང་ཤོ་རྒྱན་གྱི་ལག་བསོད་དེའི་དོན་ལ་ཁོས་ལོ་གཅིག་ལ་ཕལ་ཆེར་ཉུང་མཐར་ཡང་བསང་རྫས་རླངས་འཁོར་གང་དང་གོས་ཆེན་རྩིད་སྒྱེ་བརྒྱ་ལྷག་བསྲེགས་ཡོད་པ་གདོན་མི་ཟ། ངན་གཤིས་ཀྱི་རྒྱན་ལྐུགས་དུས་ཚོད་རིང་དུ་ཕྱིན་པ་དང་མཉམ་དུ་འདྲེ་ལག་རང་བཞིན་གྱིས་ཆོད་མེད་དུ་གྱུར་ལ་དེ་དང་མཉམ་དུ་འདྲེ་ལག་གི་ལག་པའི་དོད་དུ་འདྲེ་ཁ་ལ་ངར་ལྡུད་པ་ལྟར། ཇ་ཁ་ཆང་ཁ་གང་ནས་ཀྱང་ཁོ་ལ་ལྕགས་ཀྱི་མཆུ་ཏོ་ཞིག་ཐོགས་ཡོད་པ་ནང་བཞིན་ས་བརྐོ་རྡོ་སློག་བྱ་རྒྱུར་གོམས་ཡོད།

འདྲེ་ལག་གིས་དོན་འདི་ཧ་ཅང་གསོན་ཉམས་ལྡན་ལ་དངོས་སྣང་སྦྱིན་པ་ཞིག་བཤད་ཤེས་ལ། ཁོ་ལ་མཚོན་ན་དོན་དག་འདི་མ་གཞི་ནས་དོན་དངོས་ཤིག་ཡིན། ནུབ་མོ་དེར་ཁོས་དངོས་སུ་ཐང་ལོ་དང་ཁ་གཏད་དུ་ཙོག་ཏེ་ཡང་བསྐྱར་ཐེངས་གཅིག་བཤད།

ཉིན་ལུང་སྡེ་བའི་གསར་ཡག་གི་ཏོག་གཅིག་པུ་ཐང་ལོ་ཡིན་ལ་ཁོ་རང་སློབ་མཐར་ཕྱིན་རྗེས་བྲག་སུར་ཡུལ་ཚོ་དང་ཤིན་ཏུ་ཁད་རིང་བའི་སྡེ་བའི་སློབ་གྲྭ་ཞིག་ཏུ་ལས་བགོས་བྱས། ཁོས་ཉིན་དང་ཟླ་ལ་སློབ་མ་རབས་དང་རིམ་པ་བསྐྱངས་བས་ས་དེ་གའི་སྡེ་བའི་ཕོ་མོ་སུས་ཀྱང་ཁོ་ལ་གུས་སྨོན་དང་ཡི་རངས་བྱེད་ཀྱི་ཡོད་ལ། ལྷག་པར་ཏུ་གསར་མོ་དག་གི་མིག་ལམ་དུ་ཐང་ལོ་ནི་ཡག་ཕོ་སྒོ་འཛོམས་ཁར་ལས་འཇོན་ཐང་ལྡན་པའི་ཡོད་རྒུ་ཀུན་འཛོམས་ཀྱི་སྟག་ཤར་ཅིག་ཡིན་པས། ཁོ་ལ་ཁ་ཁོག་མེད་པར་མི་དགའ་མཁན་གཅིག་ཀྱང་མེད་ཅེས་བཤད་ཆོག་ཆོག་ཡིན་མོད།ཐང་ལོ་དང་ཁོ་ཚོའི་བར་དུ་འབྲེལ་བ་རྟ་རྔ་ཙམ་ཡང་ཆགས་རྒྱུ་བྱུང་མེད། དེ་ལས་ཀྱང་ཡ་མཚན་པ་ཞིག་ནི་སློབ་གྲྭ་དེར་བོད་མོ་ཡག་མ་ཆུང་ཆུང་འགའ་བསྟུད་མར་ལས་བགོས་བྱས་ཀྱང་། ཐང་ལོ་དང་འདོད་འདུན་མཐུན་པོ་བྱུང་བ་གཅིག་ཀྱང་མ་བྱུང་བར་རེ་རེ་བཞིན་ལས་གནས་སྤར་ཏེ་ཕྱིན་པ་དེ་རེད།ལོ་དེ་དག་ལ་ཁོས་ཕལ་ཆེར་བུད་མེད་དག་ལ་མིག་ཟུར་ཅིག་འཕེན་རྒྱུ་ལྟ་ཞོགདཔེ་ཆ་སར་མི་འཇོག་པ་དེ་འཚོ་བའི་གོམས་གཤིས་གཙོ་བོ་ཞིག་ཏུ་ཆགས་པར་གྱུར། ནམ་ཞིག་ཏུ་འདྲེ་ལག་རྐང་གཟས་ནས་ཐང་ལོར་སྐོར་རྒྱག་ཏུ་ཕྱིན་པ་ན། ཐང་ལོ་རྐམ་རིད་དུ་གྱུར་ཅིང་གདོང་མདོག་ཀྱང་ཤོར་ནས་ཡོད་པ་མ་ཟད་རྣམ་རིག་མི་གསལ་བ་ལྟ་བུར་གྱུར་ནས་ངོ་ཡང་མི་ཟིན་པའི་ཚོད་དུ་ཡོད་པ་མཐོང་། ཐང་ལོས་ཁོར་ཅི་བྱུང་དང་ཡང་ན་སྨན་ལ་བསྟེན་མིན་དྲིས་བ་ན། ཁོས་ཨ་ལགས་འབྲོང་ལ་གནས་ཚུལ་ཅིག་ཞུ་འདོད་བསྟན།དེ་ནས་ཉིན་འགའ་འགོར་བ་ན་ཁོ་གཉིས་དངོས་སུ་ཨ་ལགས་འབྲོང་ཚང་གི་སྐུ་མདུན་དུ་བཅར་ཐུབ་པ་བྱུང་ལ། འདྲེ་ལག་དེ་ཆུང་དུས་ནས་ཁ་བདེ་ཞིག་ཡིན་པས་ཁོས་ཨ་ལགས་ཚང་ལ་མ་ལུས་མ་ཆད་པར་ཞིབ་ཅིང་ཕྲ་བ་ཞུ་བའི་སྐབས་སུ།ཐང་ལོས་སྐད་གདངས་ཤིན་ཏུ་ཉམས་དམས་ཀྱིས་ཨ་ལགས་འབྲོང་ལ་འཆི་ཡང་གསང་འདོད་པའི་རང་གི་གསང་བ་ཞིག་གློ་བུར་དུ་ཐང་ལོའི་ཚིག་མཚམས་བཅད་དེ་སྙན་ལམ་དུ་དྲང་མོར་ཞུས།

ཁོ་རང་སློབ་གྲྭ་དེ་གར་བགོས་ནས་ལོ་ལྔ་སོང་མཚམས་ཀྱི་སོས་ཀ་ཞིག་ནས་བཟུང་ནམ་རྒྱུན་རྨི་ལམ་དུ་ངོ་མི་ཤེས་བའི་བུ་མོ་ཡག་མ་ལྷ་མོ་འདྲ་ཞིག་འཁོར་ཡོང་བ་དང་། མཚན་དང་མཚན་ལ་བསྟུད་མར་རྨིས་བྱུང་བས་ཉིན་དཀར་ལ་ཡང་རང་དབང་མེད་པར་དེའི་ཕྱོགས་སུ་འདང་རྒྱག་རེ་ཤོར་འགྲོ། ལན་རེར་རྒྱུས་མེད་ཀྱི་བུད་མེད་དེ་རང་གི་ཉེ་འགྲམ་ཞིག་ན་སྐུངས་ནས་ཡོད་པ་ལྟ་བུའི་འཁྲུལ་སྣང་ཀྱང་རང་བཞིན་དུ་སྐྱེས།མཚམས་སྤྲིན་མེ་ལྟར་དམར་བའི་དགོང་དྲོ་ཞིག་ལ་ཁོ་རང་སློབ་གྲྭའི་ནུབ་མཚམས་ཀྱི་དེའུ་དམར་འགོར་འཆམ་འཆམ་དུ་སྐོར་བ་ཞིག་རྒྱབ་རྗེས་གཞི་ནས་ནང་ལ་ལོག་ཅིང་། རང་གཅིག་པུས་ཉིན་འདི་གའི་རྨི་ལམ་ལ་འདང་ཞིག་རྒྱག་ཞོར་མལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ལོག་ནས་བསྡད། དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་མོད་ཁང་བའི་ནང་རིམ་བཞིན་མག་མོག་ཏུ་གྱུར་བ་དང་། ཁོ་ཡར་ལངས་ཏེ་གློག་ཏོག་བཀར་རྗེས་ནང་སྒོ་དམ་པོར་རྒྱབ་པ་ན། གློ་བུར་ཏུ་སྒོ་ལས་ཏིང་སྒྲ་ཞིག་གྲགས་བྱུང་བ་སུ་ཡིན་བོས་བ་ན་ཨ་ལན་མ་བྱུང་། ཁོ་ཡ་མཚན་དང་སྐྲག་སྣང་འདྲེས་མ་ཞིག་གིས་སྒོ་དལ་བུར་ཕྱེས་བ་ན། སྒོ་མདུན་དུ་བུད་མེད་ལོ་ན་ཕྲ་ཞིང་གཞོན་ཤ་དཀར་ལ་དམར་མདངས་ཆགས་པ། ལུས་ལ་གོས་ཆེན་གྱི་ལ་རིང་ཞིག་དཀར་པོ་དུང་འདྲ་བ་ཞིག་གྱོན་པའི་སྟེང་སྣུམ་གནག་སྐྲ་ལོ་ཤིག་སེ་འཕྱང་བ་ཞིག་ཡར་འགྲེངས་ནས་ཡོད་པ་མཐོང་བས་ནང་དུ་བསུས། ཁོ་མོས་ཅི་ཡང་མི་སྨྲ་ལ་ཁ་སྐྱེངས་བའི་ཚུལ་གྱིས་ཐང་ལོར་འདོད་པའི་མིག་མདངས་སྟོན་ཅིང་དང་དགའ་བའི་སྨིན་མ་བསྡུ་སྟངས་དེས་ཐང་ལོར་ཅི་དྲན་འདི་དྲན་མེད་པར་ཁོ་མོའི་སྟེང་ལ་ཁྱི་སྨྱོན་བཞིན་དུ་འཁྱུད་པ་དང་ཡུད་ཙམ་ནས་གཉིད་དུ་ཤོར། ཕྱི་ཉིན་གཉིད་ལས་སད་པ་ན་བུད་མེད་དེ་གར་སོང་ཆ་མེད་ཡིན་ལ་མལ་ཁྲིའི་སྟེང་དང་ཁང་བའི་ནང་ནི་མཇའ་ཡལ་བའི་ཤུལ་བཞིན་ཁོ་གཉིས་ཀྱི་བདེ་ཆེན་གྱི་འཁོར་ལོ་སྐོར་བའི་རྗེས་ཤུལ་ཏིལ་ཙམ་ཡང་མི་རྙེད། འོན་ཀྱང་། ཐང་ལོས་དོན་དག་དེ་ཏན་ཏན་དངོས་སུ་བྱུང་བ་ཁ་ཚོན་གཅོད་ནུས་ཀྱང་ད་ལྟ་མགོ་རྐང་མ་རྙེད་པས་ཡ་མཚན་གྱི་གནས་ཤིག་ཏུ་གྱུར།

ཞག་མ་གཉིས་བར་ཡང་ཉིན་སྔོན་མ་དང་འདྲ་བའི་དུས་ཚོད་དེ་ཤེད་ཅིག་ཏུ། བུད་མེད་དེ་ཡང་སྐྱར་སླེབས་ཡོང་། གཟུགས་མདངས་སྔར་བཞིན་ཡིན་ལ་གོན་པ་ལྭ་རིང་དཀར་པོ་དེ་གྱོན་ནས་ཐོན་ཡོང་། ཁོས་ད་རེབ་མོ་རང་གང་ཡིན་ཅི་བདོག་གསལ་བོ་ཞིག་འདྲི་དགོས་སྙམ་པའི་མོད་ལ་ར་བཟི་བར་གྱུར་བ་ལྟ་བུའི་ཚོར་སྣང་ཞིག་གིས་ཁོ་རང་ཡང་སྐྱར་མི་དང་མི་དངོས་སུ་འཕྲད་པ་ལྟ་བུའི་ཚོར་བ་ལ་དངོས་སུ་ཐེངས་གཅིག་འགྲིམས་རྗེས་སུ།བུད་མེད་སྔར་ལྟར་ཚོར་མེད་ཤེས་མེད་དུ་མི་སྣང་བར་གྱུར།

ཞག་གསུམ་པར་ཏན་ཏན་དུས་ཚོད་དེར་ཡང་སྐྱར་སླེབས་པ་ན། ཁོ་ལ་སྔར་ལས་དུངས་བ་ཆེ་བའི་དགའ་ཚོར་རང་དབང་མེད་པ་ཞིག་གིས་དུས་ལྟར་ཐོན་པའི་ཁོ་མོ་དང་མུ་མཐུད་དུ་ལག་པ་དང་ལག་པ་འབྱར་ཞིང་ལུས་པོ་དང་ལུས་པོ་སྦྱོར་གྱིན་བདེ་བ་དཔག་མེད་ཀྱི་ལས་དེར་ཡང་སྐྱར་ཞུགས། ཁ་ནས་ཅི་ཡང་བཤད་མ་དགོས་བ་དེ་ཡོད་ཚད་ཁོ་མོའི་གདོང་གི་མཛེས་བ་དྭངས་མོ་དེ་དང་མིག་མདངས་རྣོན་མོ་དེ་ཁོ་ནས་རྣམ་པར་གཞོམ་ལ། ཚེ་ཐོག་འདིར་མཐོང་དཀོན་པའི་བུད་མེད་དེར་ཅིས་ཀྱང་ཞེ་གཏིང་ནས་ཡོངས་སུ་ཆགས་པ་དེ་རྒྱུན་ལྡན་ཅིག་མིན་པ་རྟོགས་ཀྱང་། ཁོ་རང་འཐོམ་སྦྲིད་དུ་གྱུར་བ་ལྟ་བུའི་ཚོར་སྣང་དེའི་གཞན་དབང་དུ་གཞི་ནས་གྱུར།

ཞག་དང་ཞག་་་ཟླ་དང་ཟླ། ལོ་གཅིག་ཙམ་སོང་མཚམས་སུ་ཁོ་རང་སྨྲ་བ་ཉུང་བས་ལྐུགས་ལ་ཁད་དང་། ལུས་པོ་རིད་པས་འགྱེལ་ལ་ཁད་ཀྱི་ནད་པ་ཚབས་ཆེན་ཞིག་ཏུ་གཞི་ནས་གྱུར། བལྟས་བལྟས་རིག་རིག་ཏུ་སེམས་ཁམས་དང་རིག་པ་ནང་དུ་བྱིང་ཅིང་། ཐ་ན་མིག་གིས་ཀྱང་ཡར་མར་མི་བལྟ་བ་ལྟ་བུ་ཞིག་ཏུ་གྱུར།ཁོས་ཅི་ལྟར་འདང་རྒྱབ་ཀྱང་བུད་མེད་དེ་མི་ངོ་མ་ཞིག་ཡིན་པའི་ངེས་བ་མི་རྙེད་ལ། ཇི་ལྟར་ལྷ་འམ་མི་མ་ཡིན་གང་ཞིག་ཡིན་པར་བྱས་ཀྱང་དེ་ལྟར་མཚན་མོའི་འཇིག་རྟེན་ངོ་མ་ཞིག་ལས་བསྐྱེད་པའི་ཚོར་བ་དེ་དེ་འདྲའི་ངོ་མ་ཞིག་ཡིན་ཙ་ན།ཁོ་རང་བལྟས་བལྟས་རིག་རིག་ཏུ་འཇིག་རྟེན་གཅིག་གི་མི་གཉིས་སུ་གྱུར་ལ་ཉེ་ཞིང་། ཁོ་རང་ཉིད་ཀྱིས་ཀྱང་རྩ་བ་ཉིད་ནས་ཉིན་དཀར་གྱི་རང་ཉིད་དང་ནུབ་མོའི་རང་ཉིད་གཉིས་མི་གཅིག་ཡིན་པ་ཞིག་རིམ་གྱིས་ཡལ་བཞིན་པ་ལྟ་བུའི་ཚོར་བ་ཞིག་སྐྱེས།

སྐབས་འདིར། ཨ་ལགས་འབྲོང་གི་མིག་གཉིས་བཙུམ་ནས་ཞིབ་ཏུ་ཉན་ནས་ཡོད་ཅིང་ཁ་མུར་མུར་གྱིས་ཅི་ཞིག་བཟློ་བཞིན་ཡོད། ཐང་ལོས་དབུགས་ཐེངས་གཅིག་ལ་རང་གི་མྱོང་བ་ཁ་ཚང་དེ་ཞུ་བཞིན་བའི་མོད་ལ་གློ་རྡེག་ཏུ་གློག་སྐུད་ཆད་པ་ལྟར་ཁ་རོག་གེར་མགོ་སྨད་ནས་བསྡད།

ཡ། ད་ཤེས་སོང་། གོ་སོང་།

ཁྱེད་ཚོའི་སློབ་གྲྭ་ཆགས་ས་དེ་ཆུ་མགོ་ཞིག་ལ་འཁེལ་ཡོད་་་ངས་དེང་མ་སློབ་གཙོ་གསར་བརྗེ་སྐྱབས་ལ་བཤད་མོད་ཁ་ཡ་བྱས་མ་སོང་ཏེ་་་་ད་ནི་ཀླུས་གནོད་པ་མི་ཐོག་ལ་ཐོན་པ་རེད་་་་བུ་མོ་དེ་ཀླུ་མོ་ཞིག་རེད་འང་

ཨ་ལགས་འབྲོང་གིས་ཀླུས་གནོད་པར་འགྱུར་བའི་ལུང་བསྟན་ཤ་ཚ་དགོས་གཏུག་མ་དེ་ཐང་ལོ་ལ་བབས་ཚུལ་དང་དེའི་ལྡོག་ཐབས་ལ་ཐང་ལོ་རང་ངོས་ནས་ཀླུ་མོ་དེས་ཅི་ལྟར་འགུག་ཀྱང་བསམ་བཞིན་ངན་དམས་དམོད་གཏོང་གི་སྐད་ཆ་འཛེར་འཛེར་ཁོ་ན་བཤད་པ་ལས་གཏན་ནས་ཁ་ལ་ཉན་མི་རུང་ཚུལ་སོགས་ནན་གྱིས་གདམས་པ་དང་། ཨ་ལགས་ཁོང་རང་ངོས་ནས་ཐང་ལོར་དགོང་མོ་ས་རུབ་ལ་ཉེ་ཁར་སྒོ་ཕྱིར་ཆུ་དཀར་ཡོལ་གང་གི་ཁར་སྐུད་ཐིགས་དམར་པོ་ཞིག་འཐེན་ནས་བཞག་ན་ཀླུ་མོ་ནང་དུ་བགྲོད་མི་ནུས་ཅེས་ཐབས་དང་བཀོད་པ་གསལ་བོ་ཞིག་ཀྱང་ཤར་སེ་གདམས།

ཉིན་དེ་ནས་བཟུང་ཀླུ་མོ་དེས་དགོང་གྲངས་ལ་ས་རུབ་མ་ཐག་ཐང་ལོའི་མིང་ནས་བོས་ཏེ་ཞུ་བ་དང་ངུ་འབོད་བརྒྱ་སྟོང་བྱས་ཀྱང་། ཐང་ལོས་ལན་མ་ལྡོན་ཁར་དེ་ལས་ལྡོག་ཏེ་ཁྱོད་ལས་བཙོག་པ་མེད་ཚུལ་དང་།རང་ལ་ཁྱོད་ལས་ཡག་པའི་དགའ་མ་མང་ཚུལ་སོགས་བསམ་བཞིན་ལབ་པ་ན་བུད་མེད་དེ་རིམ་གྱིས་ཁོ་ལ་ཞེ་ཐག་ཆད་དེ་གོ་མེད་ཚོར་མེད་དུ་གྱུར། དེ་དང་མཉམ་དུ་ཁོ་འང་ཀླུས་གནོད་པས་ཡོངས་སུ་བཏང་ནས་ལུས་ཀྱི་མདངས་ཐོན་ཞིང་ཟུངས་འཛིན་པ་བྱུང་།

གཏམ་རྒྱུད་ཆ་ཚང་འདི་ཉིན་དེར་ཐུག་རག་བར་དུ་འདྲེ་ལག་གིས་གཞན་ལ་ཅི་ལྟར་བཤད་གྱིན་པ་ཐང་ལོས་གོ་མྱོང་མེད་ཀྱང་དོན་དག་གི་བརྒྱུད་རིམ་ངོ་མ་འང་ཕར་དེད་ན་དེ་འདྲ་ཞིག་རེད།

དོ་ནུབ། ཐང་ལོས་རྫོང་མཁར་དུ་ལས་གནས་སྤར་བ་ནས་བཟུང་འདས་ཟིན་པའི་གཏམ་རྒྱུད་དང་དོན་དག་རེ་རེ་ལ་ཕྱིར་འདང་ཞིག་བརྒྱབ་པ་དང་། ཅིའི་ཕྱིར་དགའ་རོགས་འཚོལ་བ་དང་བཟའ་ཚོ་སྒྲིག་པ་ལ་འདང་མ་བརྒྱབ་པའི་ཕྱོགས་སུ་ཡང་སྐྱར་ཞིབ་ཏུ་བསམ་བློ་ཞིག་བཏང་། ལོ་ལྔའི་སྔོན་དུ་ཨ་ལགས་འབྲོང་གི་སར་བཅར་རབས་དང་རང་ལ་ཀླུ་མོ་ཞིག་འཁོར་རབས་སོགས་ཀྱི་གཏམ་རྒྱུད་དེ་དག་དྲན་ཚོད་དུ་དགོད་ཞིག་བྲོ་བ་དང་མཉམ་དུ། ན་ནིང་སོ་མ་ངོ་ཤེས་བའི་འགོ་མ་བོད་མོ་དེ་དང་མཉམ་དུ་དབྱར་གཞུང་གི་མཚན་མོ་ཞིག་བདུད་རྩི་ཆང་ལ་བསྲེས་ཏེ་ནམ་ཅི་ལྟར་ལངས་བ་འང་མ་ཤེས་བའི་འདས་དོན་དགོད་བྲོ་བ་དེ་ཡང་ཡིད་ལ་ལྦ་ལེར་འཆར། མོའི་ཤ་རྩ་དཀར་ཞིང་མིག་རྩ་དམར་བའི་ནམ་སྟོད་ཀྱི་ངོ་གདོང་དེ་ཡིད་ལ་འཁོར་ཐེངས་རེར་ལུས་ཡོངས་ངར་ཤེད་ཅིག་ཁེངས་བ་དང་མཉམ་དུ་བདེ་སྣང་ཞིག་གིས་ཀུན་ནས་ཁྱབ་འགྲོ་བ་དང་། མོ་མཐོན་པོའི་དཔོན་ཁྲི་ན་འགྱིང་བ་མ་ཟད་བཙན་པོའི་ལས་དབང་ལ་ཚུད་པའི་བཟའ་ཟླ་དང་བུ་ཕྲུག་ཡོད་པ་དྲན་པས་སེམས་སུ་སྨྲ་མི་ཤེས་བའི་ཚོར་བ་ཞིག་བཅུག་ནས་ཡང་སྐྱར་རང་ལ་མ་དབང་བའི་ལང་ཚོའི་མེ་ཏོག་འཐུ་རོགས་ཀྱི་བུ་མོ་ཟླ་བཟང་ཕྱོགས་ལ་སེམས་པ་དབང་མེད་དུ་ཤོར་ནས་གཉིད་ཀྱང་རྩ་ནས་བོར་ཅིང་ཡལ་བར་གྱུར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།