ཀྲུང་གོ་བོད་ཀྱི་དྲ་བ།

གྱོད་ཀྱིས་མི་ལང་བའི་དོན་དག་དེ་ཚོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབུ་ལེ་དབང་རྒྱལ་ཚེ་རིང་།   སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་དོ་ཚིགས་ནས་ལོ་བཞི་ཡིན། རང་གི་མི་ཚེ་ལ་ཕྱིར་ལྟ་ཞིག་བྱས་ན་ངོ་མ་ཞེ་གནོང་བ་ཞིག་རེད། མི་མང་གི་སྔུན་ནས་མགོ་ཡར་ལ་འགྱོག་སྲོལ་ཞིག་མེད་ཡ། དྲང་མོར་བཤད་ན། ངའི་མི་ཚེ་ཕྱེད་ཀ་འདི་ལ་བྱ་བ་དགའ་ཞིག་དང་ཡང་ན་གཞན་ལ་ངོམ་ཆོག་པ་སྣ་གཅིག་ཀྱང་ལས་མ་མྱོང་། དོན་དེ་རྣམས་ཡིད་ལ་དྲན་ཐེངས་རེར་ངོ་གདོང་དབང་མེད་དུ་དམར་ཆིལ་ལེར་གྱུར་འགྲོ། བཟང་ས་རྒྱན་ས་ཚོའི་སྔུན་ནས་མགོ་ཡར་ལ་བཀྱགས་པའི་ལོ་རབས་ཤིག་ཀྱང་བཤད་རྒྱུ་མི་འདུག་སྟེ། ངས་ཏག་ཏག་བཤད་སྲོལ་མེད་པའི་ཀློའུ་ལས་ཏག་ཏག་ལས་པ་ཡིན། ཁྱོད་ཚོས་ངས་ལས་པའི་ཀློའུ་ལས་དེ་དག་ལ་མཉན་བསམ་མམ། དེས་ན་ངས་ཁྱོད་ཚོར་དྲང་མོར་བཤད་ཡོང་། གང་ལྟར་ང་དེ་རིང་བཟི་ཡང་བཟི་ཡོད་པས། གསང་བསམ་ནའང་ཁ་ཁོགས་རྒྱུ་མ་རེད། ཁ་ནས་སྒོར་ཕུད་དེ་ཁྱོད་ཚོར་བཤད་ན་སེམས་ནས་དགེ་བ་ཞིག་ཡིན་ཡང་སྲིད། ཁྱོད་ཚོས་མཉན་རྗེས་ང་ལ་སྡིགས་མཛུབ་བསྟན་ཏེ་སྡིག་དམོད་ཤི་མི་ཐུབ་པ་ཞིག་བྱེད་རོགས། རྒྱུ་མཚན་ནི་ང་ཚོ་ཚང་མ་ཆུང་དུས་ནས་རྩེད་ར་གཅིག་ནས་ལག་ཆགས་པའི་བཟང་ས་ཡིན་ལ། “མ་གཅིག་གི་བྱང་ཁོག་མ་བརྒྱུད་པའི”ཕུ་ནུ་སྤུན་ཟླ་ཡིན། ཁྱོད་ཚོས་བཤད་ན་རེད་མ་རེད།

ངས་ལས་པའི་ཀློའུ་ལས་དང་པོ་ཡིས་ངའི་ཡིད་སེམས་རབ་ཏུ་གདུང་བར་བྱས། ཁྱོད་ཚོ་སུ་གཅིག་གིས་ཀྱང་མི་ཤེས་པ་ནི། ངེད་ཚང་ལ་རིན་པོ་ཆེ་ཞིག་ཡོད། རིན་ཐང་གཞལ་དུ་མེད་པའི་ཕ་ནོར་ཞིག་ཡོད། དེ་ནི་མེས་པོ་གོང་མ་ནས་བརྒྱུད་ཡོང་བའི་ཐང་ག་ཞིག་ཡིན། རྗེ་བཙུན་སྒྲོལ་མའི་ཞལ་ཐང་ཞིག་ཡིན། ངའི་ཨ་ཕས་བཤད་ན། དེ་ནི་ཁོང་གི་ཨ་མེས་ཀྱི་ཨ་མེས། དེའི་ཨ་མེས་ཀྱི་རིང་ནས་བརྒྱུད་ཡོང་བར་བཤད། ད་བར་དུ་ལོ་ངོ་བཞི་བརྒྱ་འམ་ལྔ་བརྒྱའི་ལོ་རྒྱུས་ལྡན། ད་ལྟ་བལྟས་ཡོང་ན་དེ་ནི་གནའ་རྫས་རྩ་ཆེན་ཞིག་རེད། ཕ་དྲིན་ཆེན་དགུང་ལ་གཤེགས་ཁར་ཐང་ག་དེ་ངའི་ལག་ཏུ་གཏད་བྱུང་། ང་ལ་ཐང་ག་དེར་བསྙེན་བཀུར་མཆོད་འབུལ་ཕུ་ཐག་ཆོད་པར་བྱེད་དགོས་པའི་བཅོལ་གདམས་བྱས་ཤིང་། ཉིན་ལྟར་མར་གྱུར་སེམས་ཅན་སྙིང་ལ་བསྒོམས་ནས་ཐང་ག་དེར་མཆོད་པ་ལེགས་པར་ཕུལ་ན། གང་ཞུས་ཞལ་བཞེས་ཡོང་ཞིང་། ནང་ལ་བཀྲ་ཤིས་ཤིང་ནད་གདོན་བར་ཆད་ཞི་བའི་བྱིན་རླབས་ཆེ་ཟེར། ཡིན་ནའང་ངའི་སེམས་ལ་གདོན་ཞུགས་ཤིང་སྒོར་མོའི་ཐོག་ལ་རོ་བཞག་ནས། ཅི་མི་སྙམ་པར་ཐང་ག་དེ་སྒོར་མོ་སྟོང་དྲུག་བྱས་ཏེ་གནའ་རྫས་སྡུད་མཁན་གྱི་སྨད་རྒྱ་ཞིག་ལ་བཙོངས་པ་ཡིན། ཁྱོད་ཚོས་བཤད་ན་ང་ཀློའུ་རེད་དམ་མ་རེད། གྱོང་ཆེའམ་མི་ཆེ། ཉིན་ཤས་ཀྱི་སྔོན་ལ་ང་རང་རེབ་གོང་ལ་ཕྱིན་པ་ཡིན། ས་དེའི་ལྷ་རིས་པ་ཞིག་གིས་བཤད་ན། ངེད་ཚང་གི་ཐང་ག་དེ་ལྟ་བུ་ཞིག་ལ་ད་ལྟ་ཆེས་མ་མཐའ་ཡང་སྒོར་ས་ཡ་གཅིག་གི་གོང་སྟེར་ཟེར། ཨ། གནམ་རྒན་མ། སྒོར་མོ་ས་ཡ་གཅིག་རེད་ཡ། ངས་མི་ཚེ་གཅིག་ལ་སྒོར་མོ་དེ་རྣམས་བརྩིས་ནའང་བརྩིས་ཚར་རྒྱུ་མ་རེད། ཚེ་གང་པོར་ཉལ་ནས་བསྡད་ནའང་བཀོལ་ཚར་རྒྱུ་མ་རེད། ངའི་ལས་འདི་ངོ་མ་བཙོག་གི། མི་ཚེ་གང་པོར་མེད་པོའི་སྐྱེ་བ་ལེན་དགོས་པ་ཞིག་རེད། ཨ་མེས་ཡང་མེས་ཀྱི་རིང་ནས་བརྒྱུད་ཡོང་བའི་ཕ་ནོར་ངས་ཅི་མི་སྙམ་པར་སྒོར་མོ་སྟོང་དྲུག་ལ་བརྗེས་སོང་། མི་རབས་འགའ་ལ་འཚམས་པོར་བརྒྱུད་ཡོང་བའི་རིན་པོ་ཆེ་དེ། ཐ་ན“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུའང་མ་བརླག་པའི་རིན་པོ་ཆེ་དེ། ཏག་ཏག་ངའི་ལག་ནས་རྩ་བརླག་ཏུ་གྱུར་སོང་། ང་ངོ་མ་ཀློའུ་རེད། ཀློའུ་རེད། ཐང་ག་བཙོངས་པའི་སྒོར་མོ་སྟོང་དྲུག་པོ་དེས་ང་ལ་གོ་ཁབ་མགོ་ཙམ་ཞིག་ཀྱང་མ་ཆོད་ལ། གློ་རྡེག་ལ་སྒོར་མོ་སྟོང་དྲུག་གནམ་ནས་ལྷུང་བ་ལྟར་ལག་ལ་རེག་པས། ལག་པ་དང་སེམས་པ་གཉིས་ཀ་ཤིག་གིས་ཟོས་པ་ལྟར་ཟ་འཕྲུག་བཟོད་མི་ཐུབ་པ་ཞིག་ལངས་ཤིང་། ང་རང་སྨྱོ་ལྡིང་ལ་ལེན་བཞིན་རྫོང་ཐོག་ལ་བརྒྱུགས་ནས་སྒོར་མོ་དེས་འཕྲུལ་རྟ་རྫིག་པོ་ཞིག་ཉོས་མོད། འོན་ཀྱང་ཟླ་ངོ་གཅིག་ཀྱང་མ་འགོར་བར་བེད་མེད་དུ་གྱུར་སོང་། ཇི་ལྟར་བེད་མེད་དུ་གྱུར་སོང་ངམ་ཞེ་ན། ཉིན་དེར་ང་རང་རྫོང་ཐོག་ཏུ་ཐའེ་ཆིའུ་སྤོ་ལོ་རྒྱག་ཏུ་ཕྱིན་པ་ཡིན། ཕྱིར་ལོག་ཁར་མི་མཛའ་བར་སྦི་རག་དམ་བེ་འགའ་བཏུངས་ཤིང་། འཕྲུལ་རྟར་བཞོན་ནས་གྲ་མ་ལུང་པར་ཐོན་པ་དང་ཁྲོག་སྒྲ་ཞིག་དང་བཅས་གྲོག་མོ་ཞིག་གི་ནང་ལ་ལྷུང་སོང་། མི་ལ་སྐྱི་བཤུ་ཞིག་ཀྱང་མ་བཏོད་མོད། འོན་ཀྱང་འཕྲུལ་རྟ་ནི་ཉིས་གུག་སུམ་གུག་ལ་གྱུར་ཏེ་ལྟ་སྲོལ་མེད་པ་ཞིག་ཆགས་འདུག ཚང་མས་འཕྲུལ་རྟའི་རོ་ལྕགས་ཆག་བསྡུ་ས་ཞིག་ལ་བཙོངས་ན་མ་གཏོགས་ཞིག་གསོ་བྱས་ན་མ་རྩ་མི་འདུག་ཟེར། ད་འདང་རེ་བརྒྱབ་ན་དེ་ནི་རྣམ་སྨིན་འཁོར་བ་འདྲ།

ཨ་ཡོ། ངས་ལས་པའི་ཀློའུ་ལས་གཉིས་པ་དེ་སེམས་ལ་དྲན་ན་སྙིང་ཁོལ་གི། ཁྱོད་ཚོས་ཀྱང་ཤེས་ནི་རེད། ངེད་ཚང་གི་རྩྭ་ས་ཆེ་རྒྱུ་མེད་ལ། སྒོ་ཟོག་ཀྱང་ཉུང་ཉུང་ཞིག་མ་གཏོགས་མེད། ཡིན་ནའང་མུའུ་བརྒྱ་ལྷག་ཅན་གྱི་གསར་སྦོལ་བྱས་པའི་ཞིང་ཁ་ཞིག་ཡོད། དེ་ནི་ངེད་ཚང་གིས་ལོ་བཅུའི་ཡར་སྔོན་ལ་རང་གི་རྩྭ་སའི་ཐོག་ནས་ཁ་རོག་ལ་ས་རྒོད་བཏུལ་བ་ཡིན། ས་དེའི་ཆེད་ལ་ད་རུང་ངོ་དཀར་པོ་དམར་པོར་ལོག་མྱོང་། ཁྱོད་ཚོས་ཀྱང་གོ་མྱོང་ཡོད་རྒྱུ་རེད། ངེད་སྡེ་བའི་ཁོན་རྡོ་ཟེར་བའི་མི་ཁྱི་སྐྱག་འདྲ་བ་དེས། དོན་དག་འདི་ཞང་ཐོག་ལ་གཏུགས་པ་དང་། ཞང་ཀྲང་སྐལ་བྷོས་མི་སྐོར་ཞིག་གི་སྣ་དྲངས་འོངས་ཏེ་ང་རང་རྫོང་ཐོག་ལ་ཁྲིད་ནས“ཁྲིམས་ལུགས་སློབ་སྦྱོང་འཛིན་གྲྭར”ཞུགས་སུ་བཅུག་ལ། ང་ལ་རྒྱ་སྲང་ནས་ཉིན་བཅུ་ཁ་ཞིག་ལ་གད་སྙིགས་འདྲུད་དུ་བཅུག ངོ་མ་མིག་ལ་སྟོན་ཡག་བྱས་སོང་། རྗེས་ལ་ངའི་ཨ་ཞང་གིས་ངའི་ཚབ་ཏུ་ཞང་ཀྲང་ལ་ཤ་བཟན་གླང་འདྲ་བ་ཞིག་བྱིན་པས། ད་གཟོད་ང་རང་གློད་ནས་ཕྱིར་ལོག་ཏུ་བཅུག ཡིན་ནའང་ང་ལ་སྒོར་སྟོང་གཉིས་ཀྱི་ཆད་པ་བཅད་སོང་། དེ་ནི་ངས་རྩྭ་སར་གཏོར་བརླག་བྱས་པས་ཡིན་ཟེར། ཆད་པ་ནི་བཅད་ཟིན། སྐབས་དེར་ཆད་པ་ཡང་ལྕི་མོད། འོན་ཀྱང་མ་རྩ་མེད་པ་ཞིག་ཀྱང་མ་རེད། རྒྱུ་མཚན་ནི་ཞིང་ཁ་དེའི་ས་གཤིས་ལེགས་པས། ལོག་དཀར་བཏབ་ན་ལོ་གཅིག་ལ་རྒྱ་མ་ཁྲི་གསུམ་ནས་བཞི་ཡོང་བར་འདང་རྒྱག་མི་འདུག དེའི་སྟབས་ཀྱིས་མི་མང་པོ་ཞིག་ངའི་ས་དེ་ལ་ཧེབ་ལང་བཞིན་ཡོད། ཡིན་ནའང་མཐའ་མཇུག་ངས་ཀྱང་ས་དེ་ལག་ལ་དམ་པོར་འཛིན་མ་ཐུབ། ཁྱོད་ཚོས་ང་ལ་ས་དེ་ཇི་ལྟར་ཤོར་བ་རེད་ཅེས་འདྲི་ན། ངས་བཤད་ན་ཁྱོད་ཚོས་ངའི་གདོང་ལ་མཆིལ་མ་མ་འདེབས། ཁྱོད་ཚོས་ང་ཚོའི་ཞང་ནང་ལ་བྲོ་ཁ་བསླངས་ནས་འོངས་པའི་རྒྱ་ཧུའོ་ལང་དེ་ལོས་ཤེས། རེད། ཧི་ནན་གྱི་རྒྱ་མི་དེ། ཁོ་ད་ལྟ་ང་ཚོའི་རྫོང་ཐོག་གི་ཕྱུག་པོ་གཏེར་མར་ཆགས་ཡོད་ལ། ད་ནི་བཙན་གྱི་རྩེ་མོ་དགུང་ལ་མཉམ་ཞིང་། ཕྱུགས་ཀྱི་རུ་མ་ཐང་ལ་བརྡལ་བ་ཟེར་བ་ལྟར་ཕྱུགས་རྫ་ལམ་ལ་ཁྱབ་ཅིང་། ནོར་སྲིབ་ལམ་ལ་ཁེབས་ཡོད། ཁོས་ངའི་ཞིང་ཁ་དང་རྩྭ་ས་བློར་བབས་པས། ང་ལ་རྒྱུ་མི་འཆོར་མི་ངོ་ལོན་སྤྱད་ལ་ཁ་ཡག་ངོ་དགའ་སྣ་ཚོགས་བྱས་ཤིང་། ཤ་མར་གྱི་རི་བརྩིགས་ཤིང་ཇ་ཆང་གི་མཚོ་བསྐྱིལ་ནས་རྒྱུན་དུ་ཇ་འདྲེན་ཆང་འདྲེན་བྱས། གོང་ཆེན་པོ་བྱིན་ནས་ངའི་རྩྭ་ས་དང་ཞིང་ཁ་གླ་རྒྱུ་ཡིན་ཟེར། གླ་ཡུན་ལོ་ཉི་ཤུ་བྱེད་ཟེར། ངས་སྒོར་མོ་ཁྲི་བཅུ་ཐམ་པ་ལག་གིས་བརྩི་དགོས་ཟེར་བར། ཁོས་ཁ་ཉིས་གྲགས་མེད་པར་ཁས་བླངས། ད་དུང་ང་ལ་གན་རྒྱ་འཇོག་ཏུ་བཅུག ཁྱོད་ཚོས་ཤོད་དང་སྒོར་མོ་ཁྲི་བཅུ་ཐམ་པ་ཉུང་ཉུང་ཨེ་རེད། དངོས་གནས་མ་རེད། ངས་སྒོར་མོ་ཁྲི་བཅུ་ཐམ་པ་ཁྱེར་ནས་ཡར་ཉུག་མར་ཉུག་བྱས་ཤིང་། ཚོང་ཙག་ཙིག་རེ་ཡང་བརྒྱབ་མོད། ཡིན་ནའང་སྒོར་རྡོག་གཅིག་ཀྱང་ཚུར་བཙལ་མ་ཐུབ། ཕལ་ཆེར་ཐང་ག་གཞན་ལ་བཙོངས་པས་རྣམ་སྨིན་འཁོར་བ་འདྲ། ཁྱོད་ཚོར་མི་གསལ་ཟེར་རྒྱུ་ཅི་ཡོད། ང་ནི་ལྡོམ་ནས་ལོབས་ཡོད་པ་ཞིག་ཡིན། འཕྲོ་མའི་སྒོར་མོ་མང་ཆེ་བ་ནི་ལྷ་སའི་ནང་མ་དང་། ཟི་ལིང་གི་སང་ནཱ་བཀྲུས་པ། ད་དུང་ཁྲིན་ཏུའུ་ཡི་འཕྱོན་མ་བཅས་ལ་ཕུལ་བ་ཡིན།ཧ་ཧ་ཧ། ཡུལ་ལ་ལོག་གམ། ཡུལ་ལ་ཇི་ལྟར་ལོག་གམ། ཕ་མེས་ཡང་མེས་ཀྱིས་བཞག་པའི་ཤུལ་ནོར་ཏེ་རྩྭ་སའང་མེད་བརླག་ཏུ་བཏང་སོང་། ཡུལ་ལ་ལོག་ནས་ཅི་བྱེད་དམ། ཅི་ཞིག་ཟའམ། ཅི་ཞིག་འཐུང་ངམ། ཡ་ཡ་ཡ། ང་ལ་ཆང་ཕོར་བ་གང་པོ་འདི་འཐུང་གི་ཞོག་དང་དེ་ནས་བཤད་ཡོང་།

ཕེ། ངས་ལས་པའི་ཀློའུ་ལས་གསུམ་པ་ནི་ང་གཅིག་པུའི་མགོ་ལ་བཀལ་ན་མི་འགྲིག ཡིན་ནའང་བཤད་ན་སྙིང་ལ་ཙག་ཤད་བརྒྱུགས་པ་ཞིག་རེད། ཁྱོད་ཚོས་ང་ལ་སློབ་ཆུང་གི་རིག་གནས་ཆུ་ཚད་ཅིག་མ་གཏོགས་མེད་པ་མི་ཤེས་ཟེར་རྒྱུ་ཅི་ཡོད། འོན་ཀྱང་ང་ནི་མི་ཁ་རྒྱལ་མགོ་རྒྱལ་ཞིག་ཡིན་ནའང་། ཀ་ངོ་ཡིག་ངོ་ཆོད་དེ་ཡོན་ཏན་སྦྱངས་པའི་ཕན་ཡོན་ནི་ལོས་ཤེས། དེའི་སྟབས་ཀྱིས་ངའི་རང་གི་བུ་གཅིག་པོ་སློབ་གྲྭར་བསྐྱལ་ནས་རྒྱུད་ལ་ཡོན་ཏན་ཞིག་ཨེ་འབྱོར་ལ་བལྟས་པ་ཡིན།

    ང་རང་མིར་སྐྱེས་ནས་བྱ་བ་ཡག་པོ་ཞིག་ལས་པ་ནི་འདི་གཅིག་པུ་ཡིན་པ་འདྲ། ཡིན་ནའང་ངས་ཡང་ཀློའུ་ལས་ཤིག་བྱས་པ་ཡིན་ཟེར་དོན་ཅི་ཡིན་ཞེ་ན། སྔོན་ཆད་ངས་རྒྱུན་དུ་ང་ཚོའི་བོད་ཡིག་གིས་གོ་གཅིག་ཀྱང་མི་ཆོད་པར་འདོད་ཀྱིན་ཡོད་པས། ངས་རང་གི་བུ་ཕྲུག་གྲོང་ཁྱེར་ནང་གི་ཤ་ཉེ་ཞིག་གི་སར་བསྐྱལ་ནས་སློབ་གྲྭ་འདོན་དུ་བཅུག ང་རང་སྒོ་ཕྱི་ལ་ཉུག་ནས་མིག་རྡེབ་དབང་ཙམ་གྱིས་ལོ་བཅུ་ཁ་ཞིག་འགོར་སོང་། བུ་ཆུང་གིས་ཀྱང་གྲོང་ཁྱེར་ནས་རྒྱ་ཡིག་མང་པོ་ཞིག་ངོས་ཟིན་སོང་། འདི་ནི་ངོ་མ་དགའ་འོས་པ་ཞིག་རེད། ངས་ཀྱང་མི་བཟང་གི་ཟེར་གི་མེད། ཡིན་ནའང་ཁོས་བོད་སྐད་ཚིག་གཅིག་ཀྱང་བཤད་ཤེས་ཀྱི་མི་འདུག ངས་ཁོ་ལ་ཕར་བོད་སྐད་ཚིག་གཅིག་བཤད་ན། ཁོས་ང་ལ་ཚུར་རྒྱ་སྐད་ཀྱིས“ཁྱོད་ཀྱིས་ཅི་བཤད་ཀྱིན་ཡོད”ཅེས་ལན་བསློགས་ཡོང་། ངས་ཁོས་བཤད་པའི་སྐད་ཆ་དེ་འདྲ་ཞིག་ཧ་གོ་གི་མི་འདུག འོན་ཀྱང་ཁོས་ངས་བཤད་པའི་སྐད་ཆ་ཁྱོན་ནས་ཧ་གོ་གི་མི་འདུག ངས་ཁོ་ལ་གོས་ཆེན་གསེར་སྐུད་མའི་བོད་ལྭ་ཁ་ཚང་ཞིག་བཟོས་ཏེ་གོན་དུ་བཅུག་མོད། ཁོས་མིག་གིས་ཀྱང་མི་ལྟ། ད་དུང་ང་ཚོ་བོད་ཀྱི་ལུགས་སྲོལ་དང་འབྲེལ་ཏེ་འགྲོ་ལུགས་འདུག་སྟངས་སོགས་ཀྱི་ཐད་ནས་ཁོ་ལ་ཁ་ཏ་སློབ་གསོ་ཡང་བཏང་མོད། ཁོས་རྣ་རྒྱབ་ཀྱི་ལྷགས་པར་བཏང་སོང་། ཁོས་ད་དུང་སྐྲ་སེར་པོར་བཟོས་ཤིང་། ཁྱིམ་ལ་ལོ་ལོན་ཞིག་ཡོང་ན་ཡར་ལངས་ནས་འཚམས་འདྲི་ཞིག་ཀྱང་བྱེད་ཤེས་ཀྱི་མི་འདུག ཁོ་ལ་རྒྱ་རིགས་ཀྱི་གྲོགས་པོ་མེད་ལ།བོད་རིགས་ཀྱི་གྲོགས་པོ་ཡང་མེད་པ་འདྲ། ངས་ཁོ་རང་ཧ་ཅང་ཁེར་རྐྱང་དང་སྙིང་རྗེ་བ་ཞིག་ཡིན་པ་ཚོར་བྱུང་། ཁོས་ན་ནིང་སློབ་ཆེན་ལ་རྒྱུགས་སྤྲད་དེ་རྒྱུགས་མ་འཕྲོད་པས། ད་ནི་གྲོང་ཁྱེར་ནང་ཁྱི་ལྡོམ་གྱི་སྐྱེ་བ་བླངས་ནས་བསྡད་ཡོད། ཨ་ཡོ། ཚང་མ་ང་ལན་པ་ཡིན། འདི་ནི་ངས་སྔུན་ལ་ལས་པའི་ཀློའུ་ལས་དེ་དག་ལས་ཀྱང་རྡུགས་པ་ཞིག་རེད། གལ་སྲིད་དང་ཐོག་ངས་ཁོ་རང་བོད་ཁུལ་གྱི་སློབ་གྲྭ་ཞིག་ལ་བསྐྱལ་ཡོད་ན། མ་མཐའ་ཡང་ངེད་ཕ་བུ་གཉིས་ཀྱིས་ཁ་བརྡ་བྱས་ནས་ཕན་ཚུན་སེམས་གཏམ་རེ་བརྗོད་ཐུབ་ཀྱི་རེད། བུ་ཡིས་ཕ་རྒན་གྱི་སྐད་ཆའི་ཧ་མི་གོ་ཟེར་ན། ཅི་འདྲའི་ཡ་མཚན་པ་ཞིག་རེད་ཨང་། གལ་སྲིད་ཨ་མེས་ཀྱི་ཨ་མེས་རྣམས་ཀྱིས་ཤེས་ན། ཁོ་ཚོས་ཇི་ལྟར་བཤད་དམ། ང་ནི་བུ་ཁེར་སྐྱེས་ཤིག་ཡིན། བུ་ཆུང་ཡང་བུ་ཁེར་སྐྱེས་ཤིག་ཡིན། ཁོ་ཚོའི་རིང་ལ་སླེབས་ན་ཕལ་ཆེར་མགོ་ནག་བོད་པ་ཟེར་བའི་ཤུལ་ཡང་ཡོད་ཀྱི་མ་རེད། ང་ཚོ་བོད་པས་ཅི་ཡང་མི་སྒྲུང་ནའང་། མི་རིང་མི་བརྒྱུད་ནས་ངག་ལམ་ནས་འདོན་པའི་ཆོས་དང་ཁ་ཐོག་ནས་བཤད་པའི་སྐད་ཆ་ནི་བོད་སྐད་ཡིན། མི་རབས་ནས་མི་རབས་ལ་འདི་ལྟར་འོངས་པ་ཡིན། ཚེ་འདིར་ཅང་མ་ཉན་ནའང་ད་དུང་ཕྱི་མ་ཟེར་བ་ཞིག་ཡོད་པ་རེད། སེམས་ནས་ད་དུང་རེ་ས་སྙེག་ས་ཞིག་འདུག་བསམས་མོད། འོན་ཀྱང་། ད་ལྟ་ངའི་སེམས་ལ་མདུན་ཕྱོགས་ན་གཏིང་མཐའ་མེད་པའི་གཡང་རོང་ཞིག་ལས་རྒྱང་དུ་འཐེན་པའི་རྐང་ལམ་གྱི་སྣེ་མོ་ཙམ་ཞིག་ཀྱང་མི་འདུག་བསམས……

ཝེ་ཝེ་ཝེ། ཁྱོད་ཚོ་གཅིག་གཅིག་ལ་བལྟས་དང་། ཉན་མ་འདོད་པར་ཅི་འདྲ་ཞིག་སུན་གྱིན་ཡོད་པ་འདྲ། ང་བཟི་མེད། ཁྱོད་ཀྱིས་ང་ལ་བལྟས་ན་རབ་བེ་རིབ་བེ་ཞིག་ཡིན་ན་ཐང་མོད། ངས་ཁྱོད་ལ་བལྟས་ན་གསལ་གསལ་ཐིང་ཐིང་ཞིག་རེད། བཤད་བཤད་ཀྱི་རྩ་བ་ཅི་ཡིན་ཟེར་ན། ངས་བལྟས་ན་ཕ་མེས་ཀྱིས་ང་ཚོར་བཞག་པ་ཞིག་གཅིག་ཀྱང་འབོར་མི་ཉན་ཟེར་བ་དེ་ཡིན། བོར་སོང་ན་ཉོ་རྒྱུ་མི་འདུག་ཟེར་བ་དེ་ཡིན། ཨེ་གོ་ཐལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།