ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གཅིག་གི་འཕྲིན་ཕྲན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེར་པོ།   སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངས་ངེས་པར་སྒྲུང་འདི་འབྲི་དགོས། སྒྲུང་འདིའི་ས་བོན་ཅི་ཞིག་ཡིན་པ་སྒྲུང་བཀླགས་ཚར་རྗེས་ཤེས་ངེས། ཉི་མ་དེའི་སྔ་དྲོར་འཕྲིན་ཕྲན་སྒང་ནས་ང་ཁྱེད་ལ་ཏོག་ཙམ་འཕྲད་ཀྱང་། ངས་ཁྱེད་ལ་སྣང་བ་གང་ཡང་མ་བཏང་། རྒྱུ་མཚན་འུ་གཉིས་ཀྱིས་འཕྲིན་ཕྲན་ག་དུས་སྦྲེལ་བའང་བརྗེད་ཚར་ཞིང་། ད་དུང་འཕྲིན་གྲོགས་སུམ་བརྒྱ་ལྷག་ཡོད་པའི་གྲས་ནས་ཁྱེད་ཀྱིས་ང་ལ་བག་ཆགས་གང་ཡང་བཞག་མེད།

ཞོགས་པ་དེར་བདག་གིས་ཁྱེད་ལ་འཕྲིན་ཡིག་འགའ་བསྐུར་བ་ནི། ཁྱེད་བདེ་མོ། གང་གི་ཡིན། ཞེས་པ་དེ་ཡིན་ལ། ཁྱེད་ཀྱིས་ལན་དེ་དང་མཚུངས་པ་ཞིག་བཏབ་པ་ནི། བདེ་མོ་ཡིན། ང་པདྨ་ཆོས་གླིང་གི་ཡིན་ཟེར་བ་ཙམ་ལས་གསལ་བཤད་གཞན་གང་ཡང་བཤད་མ་སོང་། ཉིན་དེ་ནི་ང་དང་ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཨ་ཅེ་ཞིག་འདས་ཏེ་ལོ་ངོ་ལྔ་ཏག་ཏག་འཁོར་བའི་དུས་རན་གྱི་ཉིན་མོར་ཁེལ་ཡོད་པས། བཙུན་པ་བཞིས་སྨོན་ལམ་གསུང་བཞིན་ཡོད་ཅིང་། ངས་ནུ་མོར་ཟ་མ་གཡོ་སྐོལ་བྱེད་པ་དང་མཆོད་པ་བཤམས་རོགས་ཀྱི་ལས་ཀ་ཕྲན་བུ་དེ་དག་ཚགས་སུ་ཆུད་རྗེས། འབོལ་ཁྲི་རྙིང་ཧྲུལ་དེའི་སྟེང་དུ་རྐུབ་བཞག་ནས་ཅང་མ་འགོར་བའི་ཡུན་ལ། ཏིག ཏིག་ཅེས་འཕྲིན་ཕྲན་སླེབས་པའི་སྒྲ་དེ་གྲགས་བྱུང་། དུས་དེར་ངས་སྨོན་ལམ་གསུང་བཞིན་པའི་དགེ་འདུན་པ་ཚོ་བཞུགས་སར་འཕྲིན་ཕྲན་ལ་བལྟ་རྒྱུར་དོགས་སྣང་སྐྱེ་ཞོར་མགོ་ཡར་ལ་དགྱེ་དུས། བཙུན་པ་རེ་གཉིས་ཀྱིས་སྨོན་ལམ་གསུང་གིན་ལག་པས་ཁ་པར་སྣོག་བཞིན་ཡོད་པ་མཐོང་འཕྲལ། ངས་ཀྱང་སྣང་མེད་ཀྱི་སྒོ་ནས་འཕྲིན་ཕྲན་ལ་བལྟས་པ་ཡིན། སྐབས་དེར་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་རེད། འཕྲིན་ཕྲན་ལས་ཡི་གེ་གཏོང་མཁན་དེ་ཁྱེད་ཡིན་འདུག་ལ། ཁྱེད་ཀྱི་མིང་ལ་ཅི་ཟེར། ཁྱེད་ད་ལྟ་གང་ན་ཡོད་ཅེས་བྲིས་འདུག ངས་ང་ཨ་མདོའི་ཡིན། མིང་ལ་པདྨ་འོད་ཟེར་ཟེར་ཞེས་དྲང་པོ་མ་ཡིན་པའི་ལན་ཞིག་བྱིན། དེ་ནས་ཁྱེད་ཀྱིས་ང་ལ་བསྐྱར་དུ། ཁྱེད་ཀྱི་ལས་གནས་ཅི་ཞིག་ཡིན་ཟེར། ངས་ལན་ཅི་ཡང་མ་བཏབ་པར་འཕྲིན་ཕྲན་གྱི་རྒྱབ་ལོགས་སུ་བལྟས་ཏེ་བསྡད། སྐབས་དེར་ཁྱེད་ཀྱིས་ང་ལ་ཁྱེད་ནི་མི་ཆེན་པོ་བྱ་རྒྱུར་དགའ་བ་ཞིག་ཡིན་པ་འདྲ་བས་ང་མི་དེ་འདྲའི་རིགས་ལ་གཏན་ནས་དགའ་བོ་མེད་ཟེར། ངས་ལན་ཅི་ཡང་མ་བཏབ་མོད། སེམས་སུ་འཕྲིན་ཕྲན་གསལ་ཁ་མེད་པ་འདིའི་རིགས་གད་སྙིགས་སུ་འཕེན་དགོས་པར་འདོད་ཀྱང་།རེ་ཞིག་གད་སྙིགས་སུ་མ་འཕངས་པར་བསྐྱུར་བ་ཡིན།

ཉིན་གུང་དགེ་འདུན་པ་རྣམ་པས་བཞེས་ལག་མཆོད་རྗེས་འདོན་པ་གསུང་མགོ་བརྩམས་ཤིང་།དྲིལ་བུའི་སིལ་སྒྲས་ཁང་པའི་ནང་ལ་ཆོས་ཀྱི་ཆོ་གའི་དབྱངས་ལྷིང་པོ་ཞིག་དྲངས་འོང་ཞིང་།དགེ་འདུན་པ་དག་གིས་སྤྱན་རས་ཕྱོགས་སུ་སྐོར་བཞིན་གདངས་དག་པའི་སྒོ་ནས་ཆོས་གསུང་སྟངས་ནི་ཡིད་ཀྱི་དང་བ་འདྲེན་པ་ཞིག་རེད། དུས་གང་འཚམ་གྱི་རིང་ལ་ཁོང་ཅག་གི་འདོན་རྟ་ལ་རྣ་བ་ཤོར་ནས་འཕྲིན་ཕྲན་དང་ཁ་པར་གང་ལའང་བལྟ་རྒྱུར་སེམས་མ་འཁོར། མཚམས་ཤིག་ལ་དགེ་འདུན་པ་དག་གིས་འདོན་མཚམས་འཇོག་རན་དུ་སླེབས་ཤིང་། དེར་ཡོད་ཀྱི་ང་དང་བཅས་པའི་ནང་མི་དག་གིས་དགེ་འདུན་པ་ཚོར་གུས་བཀུར་མཚོན་སླད་ཡར་ལངས་ཤིང་མགོ་བོ་དུད་ནས་ཡར་ཕེབས་མར་ཕེབས་ལ་བསུ་སྐྱེལ་བྱས། དགེ་འདུན་པ་རྣམས་ཕྱིར་གྲལ་དུ་འཁོད་རྗེས་ནུ་མོ་སོགས་ནང་མི་གཞན་པ་ཚོས་ཕྱག་འབུལ་བ་དང་ཁ་དོན་འདོན་པ་དང་ཕྲེང་བ་སྙུག་ཞོར་ཁང་པའི་ཁྱམས་རར་བསྡད་འདུག དུས་དེར་ང་འབོལ་ཁྲི་རྙིང་པ་དེར་བསྡད་ཅིང་། མིག་གི་ལྟ་ཕྱོགས་ཤིག་གིས་ཁ་པར་མཐོང་ཞིང་། དེ་མུར་ཁ་པར་ལག་ཏུ་བླངས་ནས་བལྟས་ཚེ། འཕྲིན་ཕྲན་མང་པོ་ཞིག་སླེབས་པའི་བརྡ་རུ་འཕྲིན་ཕྲན་གཤམ་དུ་ཨང་གྲངས་ཀྱིས་མ་ཟིན་པའི་རྟགས་སུ་དམར་ཐིག་སྒོར་མོ་ཞིག་བབས་འདུག ངས་སུན་སྣང་དང་བཅས་པའི་སྒོ་ནས་འཕྲིན་ཕྲན་གྱི་སྒོ་ཕྱེས་པ་ན་ཡི་གེ་མང་པོ་གཏོང་མཁན་དེ་ཁྱེད་རང་རེད་འདུག ཁྱེད་ཀྱི་ཡི་གེ་མང་ཆེ་བར། ཨེ། ཨེ་ཡོད། ཡོད་ན་ཁ་གྲག་རོགས། མི་ཆེན་པོ་བཅའ་རྒྱུ་ཡོད་པ་མ་རེད་སོགས་བསྐྱར་པར་བྱས་ཏེ་བསྐུར་བའམ་བསྐྱར་དུ་གཏགས་ནས་བསྐུར་བ་གང་ཡིན་ཆ་མ་འཚལ་མོད། ཚིག་འདྲ་བ་དེ་དག་ཐེངས་ཉི་ཤུ་ལྷག་ཅིག་བསྐུར་འདུག ངས་ལན་དུ་ད་ལྟ་རང་ཅུང་ཟད་ཁོམ་བྱུང་ཁྱེད་རང་དྲ་ཐོག་ན་ཡོད་ན་སྐད་ཆ་བཤད་རོགས་ལབ་པ་ཡིན། ཅང་མ་འགོར་ཁྱེད་ཀྱིས་ཅི་བྱེད་བཞིན་ཡོད་ཟེར། ངས་དེ་རིང་དགེ་འདུན་པ་འགར་ཞབས་གཡོག་བསྒྲུབས་ནས་ཁོམ་བཞིན་མེད་ཅེས་དྲང་མོར་ལབ་པ་ཡིན་མོད། ལན་དུ་ཁྱེད་རང་གིས་ཆེན་པོ་མ་བྱེད་ཨ། ཟེར། སྐབས་དེར་ང་ལ་རླུང་ཅུང་ཟད་འཕར་ནས་ཁྱེད་ལ་མི་སྙན་པ་འགའ་ལབ་མཐར་གད་སྙིགས་སུ་འདེད་སྙམ་ནས། ངས་ཆེན་པོ་གང་ཡང་བྱེད་བཞིན་མེད། ཆེན་པོ་ཞིག་ཀྱང་མིན། ཁྱེད་ནི་ཅི་འདྲའི་སྣང་བ་ཚ་བ་ལ་ཨང་ཞེས་བྲིས་ཏེ་ལན་བྱིན་མཐར། བསྐྱར་དུ་ཚིག་ལན་རྩུབ་མོ་ཞིག་འོང་རྒྱུར་བསྒུགས་ཤིང་། ལན་ལའང་སྐད་ཆ་ཧམ་ཤེད་ཚ་བ་ཞིག་གདབ་རྒྱུར་བསམ་བློ་བཏང་ནས་བསྡད་པ་ཡིན་མོད། ཁྱེད་ཀྱིས་ངའི་འདོད་པ་དེ་ལས་ལྡོག་པའི་ལན་ཞིག་བཏབ་འདུག དགོངས་དག ངས་གོང་ནས་བཤད་པ་རྣམས་ཚིག་བཙན་འདུག དེ་ནས་ཟེར། ངས་ཁྱེད་ལ་དེ་ནས། དེ་ནས་ཁྱེད་ཀྱིས་ཤོད་དང་། ཞེས་ལན་བཏབ། ཁྱེད་ཀྱིས་ངའི་ཚིག་དེར་བསྐྱར་བཟླས་བྱས་ཏེ། དེ་ནས། དེ་ནས་ཤོད་དང་ཟེར། ངས་བསམ་བློ་གང་ཡང་མ་བཏང་བར། ཁྱེད་ཀྱི་ཁ་པར་ཨང་གྲངས་བསྐུར་དང་ཞེས་ཡི་གེ་བཏང་ཚེ། བདེན་རྫུན་གང་ཡང་མ་ངེས་མོད། ཁྱེད་ཀྱིས་ཁ་པར་ཨང་གྲངས་ཤིག་བཏང་བྱུང་། སྐབས་དེར་དུས་ཚོད་གཉིས་དང་ཕྱེད་ཀ་རེད་འདུག་ལ། དགེ་འདུན་པ་རྣམ་པས་འདོན་པ་གསུང་བཞིན་འདུག སྐབས་དེར་ངའི་ཡིད་ཚོམ་པའི་ངང་དུ་ཨེན་ཙམ་ལ་ལན་མ་བཏབ། ཁྱེད་ཀྱིས་བསྐྱར་དུ་ང་ལ་ཁྱེད་ཀྱི་ལས་གནས་བཤད་ཆོག་གམ་ཟེར། ངས་ང་ལ་ལས་གནས་གཏན་ཆགས་ཤིག་མེད། རྩོམ་ཡིག་འབྲི་བཞིན་བསྡད་ཡོད་ཅེས་བཤད།

སྐབས་དེར་དགེ་འདུན་པ་དག་གིས་གུང་ཚིགས་བཞེས་རན་ལ་ཉེ་བས་ནུ་མོས་ཚོད་མ་འགའ་འཁྲུད་བཞིན་འདུག་ལ། གཞན་དག་གིས་དཀར་ཡོལ་དང་སྡེར་མ་རེ་འགའ་ཕར་བསྐྱལ་ཚུར་ལེན་བྱེད་བཞིན་འདུག ནུ་མོས་ང་ལ་ཕུ་བོ་ཁྱེད་ཀྱིས་མཆོད་ཁང་ནང་གི་མར་མེ་དེ་དག་སྒྲོན་རོགས་ཟེར། ངས་མིག་གིས་འཕྲིན་ཕྲན་ལ་ལྟ་ཞོར། ཨོ་ཡ་ཞེས་ནུ་མོར་ལན་བྱིན་མཐར། མཆོད་ཁང་གི་སར་གོམ་པ་སྤོ་བཞིན་འཕྲིན་ཕྲན་ལ་མིག་ཅེར་ནས་སོང་། ཏིག ཏིག བསྟུད་མར་ཁྱེད་ཀྱིས་ཡི་གེ་ཐེངས་གཉིས་བསྐུར་བྱུང་། ཡི་གེར། དགོངས་པ་མ་ཚོམ། ངས་ཁྱེད་ལ་ཚིག་རྩུབ་དགའ་ལབ་པར། ཟེར། ངས་གོམ་པ་སྤོ་ཞོར་ལན་དུ། སྐྱོན་མེད། ད་ལྟ་ང་ཅུང་ཁོམ་གི་མི་འདུག་ཅེས་ལན་བཏབ་རྗེས། མཆོད་མེ་གཟིམས་ཟིན་པ་དག་གི་མཆོད་ཀོང་ཀ་ཏོ་རའི་ནང་དུ་བཏུས་ཤིང་། མཆོད་མེ་ཞལ་མ་ཕྱེས་པ་རེ་གཉིས་ཀྱི་ཞལ་འབྱེད་ཞོར་སེམས་ལ་ཚོད་ཚོད་དུ་བྲེལ་བ་ཞིག་སྐྱེས་འོང་། དེ་ནི་གཞན་མིན་ཏེ། ཁྱེད་ཀྱི་འཕྲིན་ཕྲན་སླེབས་པའི་སྒྲ་རྣ་བས་ཐོས་པས་རེད། མཆོད་ཁང་སྒོར་འབུད་ཞོར་འཕྲིན་ཕྲན་ལ་མིག་བཤེར་འགའ་བྱས་ཚེ། ཁྱེད་ཀྱིས་ཡིག་ཕྲེང་བསྟར་མ་ཞིག་བྲིས་པ་མཐོང་སོང་། ཡི་གེའི་དེའི་ནང་དོན་ནི“དྲ་གྲོགས་ལགས། ངས་ཐོག་མར་ཁྱེད་ལ་ཚིག་རྩུབ་འགའ་བཤད་པར་དགོངས་དག་ཞུ་བ་དང་ཆབས་ཅིག རྗེས་མ་ནས་བཟུང་ཁྱེད་ལ་འཕྲིན་ཕྲན་གྱི་ལམ་ནས་བར་ཆད་མང་པོ་གཏོང་མི་སྲིད། གུས་མོ་ནི་པད་དཀར་ཆོས་གླིང་གི་བཙུན་མ་ཞིག་ཡིན་ལ། ཕ་ཡུལ་ལྷ་སའི་ཡིན། ད་ལྟ་སྒར་འདི་ན་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། འཛིན་གྲྭ་བརྡ་སྤྲོད་ལ་དངོས་ཞུགས་བྱས་ཡོད་མོད། ཚད་མའི་འཛིན་གྲྭར་ཡང་ཟུར་ཞུགས་བྱས་པ་ཡིན། རང་ལོ་བཅུ་དགུ་ཡིན”ཞེས་གཏམ་དྲང་པོ་ལོས་ཡིན་སྙམ་པ་ཞིག་བྲིས་འདུག སྐབས་དེར་དུས་ཚོད་བཞི་ཏག་ཏག་ལ་ཁེལ་འདུག བདག་གིས་ལན་དུ“གཏམ་དྲང་པོར་ལབ་པར་བཀའ་དྲིན་ཆེ། སྤྱིར་ཡིན་ན་ད་སྐབས་གྲྭ་གྲོང་སུ་ཡིན་རུང་ཆ་འཕྲིན་གྱི་དུས་རབས་འདིར་རྒྱུས་ཡོད་མེད་ཀུན་ལ་འབྲེལ་ལམ་བདེ་ཞིང་མྱུར་བའི་དགེ་མཚན་མི་དམན་པ་ཞིག་ལ་ང་ཚོས་ལོངས་སུ་སྤྱོད་ཐུབ་པའི་དགེ་ཐོན་མོད། འོ་ཅག་བོད་མི་ན་གཞོན་གང་མང་ཞིག་གི་ནང་གི་འདུ་ཤེས་མ་སྨིན་པའི་རྒྱུ་མཚན་གང་མང་ལ་བསྟུན། ཕན་ཚུན་རྫུན་ལ་ཨ་ཏག་ཏག་ལབ་ནས། དོན་ཡོད་མེད་གཉིས་ཀར་མགོ་གཡོག་མགོ་སྐོར་བྱ་ཨེ་ཐུབ་ལ་འབུངས་བཞིན་འདུག་པས། རྗེས་མ་ནས་མཉམ་འཇོག་དགོས་ས་མང་པོ་རེད། ལྷག་པར་ས་ཆ་ག་གེ་མོའི་ཕྱོགས་ཀྱི་གྲྭ་པ་དག་གིས་ཁ་ནས་ཆོས་དང་དག་སྣང་ཞེས་ལབ་བཞིན་ཡོད་པ་མ་གཏོགས། དོན་བྱ་ཆུང་ངུ་ཞིག་ལའང་ངོ་ཚ་ལར་ནས་མི་འདུག

འཕྲིན་ཕྲན་གྱི་མགོ་བརྙན་ལ་བུད་མེད་མཛེས་མ་མང་པོའི་པར་བཞག་ནས་མི་ལ་མགོ་སྐོར་གཏོང་བའི་ཐབས་འཐེན་པར་མ་ཟད། མི་མིང་གྲགས་ཅན་གྱི་མིང་དང་འཕྲིན་ཕྲན་གྱི་མགོ་བརྙན་དངོས་སུ་ཚུར་བཤུས་ཏེ་མི་ལ་མགོ་སྐོར་གཏོང་མཁན་མང་པོ་འདུག རྗེས་མ་ནས་གཟབ་ན་ཡག་པོ་རེད”ཅེས་ལན་སྟབས་བདེ་ཞིག་བཏབ་ནས། སེམས་སུ་ཁྱེད་ཀྱང་དེ་འདྲ་མ་ཡིན་པའི་ངེས་པ་མ་མཆིས་པར་སྙམ།

མཚམས་དེར་དགེ་འདུན་པ་རྣམ་པས་གུང་ཚིགས་བཞེས་རན་ལ་སླེབས་འདུག་པས། བདག་བྲེལ་སྟབས་ཀྱིས་ཡར་ལངས་ནས་བཞེས་པ་ཀུན་ཕར་ཁྱེར་ཚུར་ལེན་བྱས་ཏེ། ལག་པས་འཇོན་འཇོན་དང་མགོ་བོ་དུད་དུད་ཀྱིས་བཞེས་ཕོར་རྣམས་དགེ་འདུན་པ་ཚོའི་ཕྱག་ཏུ་ཕུལ་ཚར་རྗེས། དགེ་འདུན་པ་ཚོས་ཕན་ཚུན་ལ་གསུང་མོལ་གནང་བར་མཉན་ནས་བསྡད། སྐབས་དེར་དགེ་འདུན་པ་གཉིས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་ཐོག་ལ་རྩོད་པ་གནང་སོང་། དགེ་འདུན་པ་ཀ་བ་ན་རེ། དེང་སྐབས་དྲ་ལམ་དང་འཕྲིན་ཕྲན་གྱི་ལམ་དུ་བོད་མི་རང་གི་ཞན་ཆ་དག་ཕྱིར་སྒྲོག་བྱེད་མཁན་དེ་རིགས་ནི་དོན་དུ་བློ་མ་སྨིན་པའི་བྱིས་པ་མཁས་པར་འཁྲུལ་བ་དག་རེད་ཟེར། དགེ་འདུན་པ་ཁ་བ་ན་རེ། བོད་མི་རང་གི་ཞན་ཆ་དག་ཕྱིར་སྒྲོག་བྱེད་པ་ནི་ཤིན་ཏུ་བཟང་། མེས་པོ་དག་གིས། མཚང་ལ་རྒོལ་བ་བཤེས་གཉེན་གྱི་མཆོག མཚང་ཐོག་ཏུ་འབབ་པ་གདམས་ངག་གི་མཆོག་ཟེར་བ་མ་ཡིན་ནམ་ཟེར། དགེ་འདུན་པ་ཀ་བ་ན་རེ། ཁྱབ་པ་མ་བྱུང་། དེས་ན་ཁྱེད་ཚང་གི་ཁྱིམ་གྱི་གསང་བ་དག་ཕྱིར་སྒྲོག་གྱིས་དང་། ཆོས་ལ་མི་འགལ་ཡང་། འཇིག་རྟེན་ལ་གནོད་ངེས་པ་ཤ་སྟག་ཡིན་པ་མངོན་སུམ་ཚད་མ་ཡིན་ཕྱིར་ཟེར། དགེ་འདུན་པ་ཁ་བ་ན་རེ། རྟགས་མ་གྲུབ། ཐེར་འདོན་མེད་ན་ལེགས་བཅོས་མེད་ཟེར་བ་ནི་ད་ལྟའི་དུས་རབས་ཀྱི་དགོངས་པ་ཡིན་པ་གང་ཞིག ང་ཚོ་ཆོས་དང་འཇིག་རྟེན་གང་གི་ལམ་དུ་བསྐྱོད་ཀྱང་དུས་ཀྱི་འགྲོས་དང་མཐུན་དགོས་པའི་ཕྱིར། ཞེས་གདོང་མདོག་ཅུང་འགྱུར་བཞིན་ལག་པའི་སྟངས་ཀ་ནི་གར་མཁན་ཞིག་གི་ཕུ་ཐུང་བཞིན་གཡུག དུས་དེར་གྲལ་མགོ་ན་ཡོད་པའི་དགེ་འདུན་པ་རྒན་པ་དེ་ན་རེ། ཆོག་གི་ཆོག་གི ད་རྩོད་པ་མ་གནང་། མཚམས་འདིར་ངས་བསམ་ཚུལ་ཞིག་ཞུ་ཆོག་པར་མཛོད། ཆོས་དང་འཇིག་རྟེན་གང་ཡིན་ཡང་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ། གོལ་ལམ་དང་ལེགས་ལམ་གང་ཡང་ཡོད་ལ་དེ་འདྲ་མ་བརྒྱུད་པའི་མི་རིགས་ཤིག་ཕལ་ཆེར་ཡོད་སྲིད་རྒྱུ་མ་རེད། དེང་གི་ཨ་རི་སོགས་བསམ་བློའི་སྤུས་ཚད་མཐོན་པོར་བསྙེགས་ཡོད་ཟེར་མཁན་དག་ཀྱང་ལམ་འདི་བརྒྱུད་ནས་འོང་བ་ཤ་སྟག་ཡིན་ངེས། འོན་ཀྱང་ང་ཚོའི་བོད་མི་རིགས་ཀྱི་འཕེལ་རྒྱས་གང་མང་ཞིག་རིམ་གྱིས་ལམ་དུ་ཞུགས་མ་ཐུབ་པར། ཐོལ་བརྒལ་གྱི་ལམ་དུ་བསྐྱོད་པའི་འབྲས་བུར་འབྲས་བུ་ཕུང་གསུམ་པའང་མང་པོ་ཐོན་པ་རེད། དེའི་ཕྱིར་ད་ལྟའི་ཆར་དགོས་པ་གནས་ལུགས་ཀྱི་ཆ་ལ་སོ་སོར་ལྟ་མི་ཐུབ་མཁན་མང་པོ་རེད། དེའི་ཕྱིར་རྩོད་པ་འདི་ཁྱེད་གཉིས་ཀྱིས་དུས་ཡུན་ཐུང་ངུའི་ནང་དུ་ཐག་གིས་ཆོད་ཐུབ་པ་ཞིག་མ་རེད། ཅེས་ཟེར་ཞོར་གསོལ་ཇ་བྲེལ་འཐུང་གནང་གིན་ད་དུས་ཚོད་འཕྱི་བོ་ཆགས་འདུག ང་ཚོས་འདོན་པའི་མཇུག་བསྡུས་ཏེ་གྲོལ་ན་བཟང་ཟེར། སྐབས་དེར་དུས་ཚོད་ལྔར་བསླེབ་གྲབས་འདུག བྱིངས་འདྲེན་གྱིས་ལག་པ་ཁར་ཁྱེར་ཞོར་གྲེ་སངས་འགའ་བརྒྱབ་ནས། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། ཞེས་འདོན་པ་གསུངས་ཤིང་། ཁ་རྩོད་ཤོར་བའི་དགེ་འདུན་པ་གཉིས་ཀྱིས་ཀྱང་དབུ་དགྱེ་དགྱེ་བྱེད་ཞོར་སྐད་ཤུགས་རན་ཙམ་གྱིས་འདོན་པ་གསུང་བཞིན་འདུག སྐབས་དེར་ཆུ་ཚོད་དྲུག་པར་སླེབས་འདུག ཏིག ཏིག་ཅེས་འཕྲིན་ཕྲན་གྱི་སྒྲ་ལན་གཉིས་ལ་གྲགས་བྱུང་། ངས་ལག་པ་བྲེལ་སྟབས་ཀྱིས་ཁ་པར་ཚུར་བླངས་ནས་བལྟས་པ་ན། ཁྱེད་རང་རེད་འདུག གྲོགས་པོ་ལགས། གྲག་འགུལ་མེད་པ་ཅི། ང་ལ་སུན་སོང་བ་ཡིན་ནམ། དེ་ལྟར་ཡིན་ན་དགོངས་དག་ཅེས་དང་། ཡང་འཕྲིན་ཕྲན་རྗེས་མར། ལན་མེད་དམ། ཡོད་ན་མགྱོགས་པོར་ལན་འདེབས་རོགས། ཅུང་ཟད་རྗེས་ལ་ང་ཆོས་ཁྲིད་དུ་འགྲོ་དགོས་ཞེས་བྲིས་འདུག་གོ། །   

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།