ཆེས་མཇུག་མཐའི་རེ་བཅོལ།

1

སྨན་ཁང་གི་མཚན་མོ་རེ་རེ་ནི་ནད་པ་ཚོའི་ཚེ་སྲོག་གི་དབུགས་རྒྱུན་ལ་འཐམ་པའི་སྐར་ཆ་རེ་རེ་ཡིན། བདག་ཉིན་གང་གི་བྲེལ་འཚུབ་ཀྱི་ལས་གནས་དང་བྲལ་ཏེ་དྲོད་ཁོལ་གྱི་རང་ཁྱིམ་དུ་སླེབས་མ་ཐག ཡང་བསྐྱར་སྒོ་རྡུང་བ་ནི་ཆེས་སུན་སྣང་སྐྱེ་བའི་ལས་ཀ་ཉག་ཅིག་གོ། །

“ཐག་ཐག་ཐག ཐག་ཐག་ཐག ”ངོ་མ་སྒོ་བརྡུངས་བྱུང་། དོ་དགོང་ཡང་དུས་རྒྱུན་བཞིན་མྱུར་སྐྱོབ་ཁང་དུ་ནམ་བསྐྱལ་དགོས་བྱུང་བསམ་བཞིན་སྒོ་ཕྱེས་པ་ན། བློ་ཡུལ་ལས་འདས་པ་ཞིག་ལ་དུས་རྒྱུན་གྱི་འགྲུལ་བ་བྲེལ་འཚུབ་ཅན་དབུགས་རྒྱུན་གཅོད་ལ་ཁད་ཀྱིས་ཡོང་མཁན་དེ་ཚོ་མིན་པར་རང་སྨན་ཁང་གི་མགོ་གཙོ་ཡིན་པས། ང་རང་ཧད་དེ་འཚམས་འདྲི་ཞུ་རྒྱུའང་བརྗེད་སོང་།མགོ་གཙོས“ང་ནི་སྔོན་གྱི་མགོ་གཙོ། ད་སྐབས་ཀྱི་གྲོགས་པོ་ཡིན་ལ།དོ་དགོང་ཁྱེད་ཀྱི་འགྲུལ་བ་ཞིག་གི་ཚུལ་གྱིས་ཁ་བརྡ་བྱེད་པར་ཡོང་བ་ཡིན”ཟེར། ཁོའི་སྐད་ཆ་དང་རྣམ་འགྱུར་གྱིས་བདག་ལ་ཡིད་ཆེས་བསྩལ་པས་རང་དབང་མེད་པར་ཡིད་འཐད་པའི་མགོ་ལྕོག་ལྡེམ་ཞིང་མྱུར་དུ་ཤོག་ཕོར་ཞིག་བླངས་ཏེ་ཇ་བླུགས། ཅུང་འགོར་རྗེས། ཁོས་མདུན་གྱི་ཅོག་ཙེའི་སྟེང་གི་ཅ་ལག་འགའ་རང་འགུལ་གྱིས་ཕར་འཇོག་ཚུར་འཇོག་བྱེད་ཞོར་ལག་ཁུག་ནས་ཆང་དམ་བུ་ཞིག་བཏོན་ཏེ་ཡུན་གྱིས་ཁ་བརྡའི་མགོ་བརྩམས།“ང་ལའང་ཁྱེད་ཚོ་བཞིན་ཚད་ལྡན་གྱི་དགེ་རྒན་བཟང་པོ་ཞིག་དང་འཕྲད་པའི་གོ་སྐབས་བྱུང་ཡོད་ན་ཅིས་མ་ཆོག མི་ལ་ལས་ཤིག་ཡོད་ན་ལམ་ཞིག་ཡོད་ཟེར་ཡང་། ངས་རང་ལམ་ངན་པ་འདི་རང་གིས་བཟོས་པ་ཡིན། འོན་ཀྱང་། ངའི་རང་ཉིད་འདི་འདྲའི་ལམ་ངན་ཐབས་ཆག་ཅིག་ལ་ཇི་ལྟར་ཞུགས་པའང་གསལ་པོར་བཤད་དཀའ། ཨུ་ཤུ།”ཁོས་ཡིད་ཆད་པའི་དངན་པ་ཞིག་འཐེན་པ་དང་ཆབས་ཅིག་དུ་བ་རྐང་གཅིག་ལ་མེ་བསྒྲོན་བྱུང་།“སྐབས་དེར་ང་རང་མུ་མཐུད་དུ་སློབ་གྲྭར་སོང་ནས། ཚད་ལྡན་གྱི་སློབ་གསོ་ཞིག་མྱོང་བའི་གོ་སྐབས་བྱུང་ཡོད་ཚེ། འདི་འདྲའི་ལས་ཆད་ཅིག་ག་ལ་ཐོབ་སྲིད། དོན་དམ་པར་ངའི་ཕུགས་བསམ་གྱི་གཤོག་ཟུང་དེ་དུས་ནམ་ཞིག་ལ་ཆད་སོང་བའང་མི་ཤེས……”

ཕྱི་རོལ་གྱི་མུན་པའི་ཡོལ་རས་ཇེ་མཐུག་ནས་ཇེ་མཐུག་ཏུ་ཕྱིན། རྫོང་ཁྲིམས་འཛིན་ལས་ཁུངས་སོགས་རེ་གཉིས་མ་གཏོགས་གཡས་གཡོན་མདུན་རྒྱབ་ཀྱི་ཁང་བརྩེགས་ཚང་མའི་གློག་སྒྲོན་འཇའ་རིས་ལྟ་བུ་དག་རེ་རེ་བཞིན་ནག་ཚུབ་སེར་གཟིམས་པ་དང་། རང་ཁྱིམ་གྱི་གྱང་ངོས་སུ་བཀལ་བའི་ཆུ་ཚོད་འཁོར་ལོའི་ཐག་ཐག་གི་སྒྲ་ཙམ་ལས་ཕྱི་རོལ་གྱི་སྒྲ་སོགས་ཅི་ཡང་ཐོས་རྒྱུ་མེད་པར་འཇམ་ཅག་གེར་གྱུར།

2

ཀྱག་ཀྱོག་དང་རྙོག་འཛིང་ཆེ་བའི་ལོ་ཟླའི་འགྲུལ་བཞུད་ཁྲོད། འཁུར་དུ་ལྕི་བའི་བྱ་གཞག་མང་པོ་ཞིག་གིས་ཁོའི་ན་གཞོན་གྱི་སེམས་ཁམས་དྭངས་མོར་བསུབ་མེད་ཀྱི་རྨ་ཁ་ཟབ་མོ་ཞིག་ཅིས་ཀྱས་བཟོས་ཡོད་པས།ཕྱིར་དྲན་གྱི་ཡོལ་བ་འཕྲལ་དུ་ཕྱེ་བར་སེམས་ལས་ཤིན་ཏུ་ལྕི་བར་སྣང་། ཁོའི་ཁྱིམ་རྒྱུད་དུ་སྔོན་ཆད་སྲོལ་རྒྱུན་གསོ་རིག་ལ་མཁས་པའི་སྐྱེས་ཆེན་བྱོན་མྱོང་ཡོད་དེ། ཁོའི་ཨ་ཕའང་ཆུང་དུས་ནས་ལེ་ལོའི་དབང་གིས་སྨན་གཞུང་ལ་བརྩོན་པ་མ་བྱས་པ་མ་གཏོགས་། ཨ་མྱེས་ཀྱི་བག་ཆགས་ཀྱིས་སྨན་རྫས་འདུལ་སྦྱོང་སོགས་ལ་ལག་བྱང་ཙམ་ཡོད་པས། རིམ་བཞིན་སྡེ་བའི་རྐང་རྗེན་སྨན་པར་གྱུར། འོན་ཀྱང་མི་རྒྱུད་གོང་མ་རྣམས་དང་མི་འདྲ་ས་ནི་ཁོ་རང་སྨན་ཚོང་བྱེད་པར་ཧ་ཅང་དགའ་བས། ཁོམ་ལོང་རེ་བྱུང་ཚེ་ཨ་མྱེས་ལ་གསང་སྟེ་ལྐོག་ནས་ནད་ལ་ལྟ་བ་དང་སྨན་ཡང་མང་ཙམ་སྟེར་ངེས། དེ་ལས་ཀྱང་དགའ་ཕྱོགས་ཁྱད་པར་ཅན་ཞིག་ཡོད་པ་ནི།དགོང་མོར་གླུ་ཁང་དང་གར་ཁང་དུ་སོང་ནས་ཆང་དང་བུད་མེད་ལ་གང་འདོད་ལོངས་སུ་སྤྱོད་རྒྱུ་དེའོ། །

དེ་ཡང་ཁོ་ཚང་གི་དཔལ་འབྱོར་ཡོང་འབབ་ཤིན་ཏུ་ལེགས་པའི་སྟོན་ཁ་ཞིག་ལ། ཨ་ཕས་ཁོ་རང་ཁུལ་གསོ་རིག་ལག་རྩལ་སློབ་གྲྭའི་སློབ་གཙོ་ཆེ་གེ་མོ་ཞིག་ལ་མཚམས་སྦྱོར་བྱས་པ་བརྒྱུད།རྒྱུགས་ལའང་ཞུགས་མ་དགོས་པར་བརྡ་སྦྱོར་ལག་ཏུ་ལོན་པ་ནི་ཁྱིམ་ཚང་སུ་ཞིག་ལའང་བྱུང་མ་མྱོང་བའི་བཀྲ་ཤིས་པའི་གཏམ་བཟང་ཁོ་ནར་གྱུར།

ཁོ་ལ་མཚོན་ན་མི་ཚེ་གང་པོར་ཁྱིམ་ཚང་གི་བཟའ་མི་ཚོ་དང་ས་གནས་ཀྱི་ནད་པ་ཁ་ཤས་ལས་མི་གཞན་ལ་འབྲེལ་འདྲིས་ཀྱི་གོ་སྐབས་བྱུང་མེད་པར། ཕྱིའི་ཁོར་ཡུག་གི་ཆ་ནས་ཀྱང་རྟ་ནོར་ལུག་གསུམ་ལས་ཅི་ཡང་མཐོང་མྱོང་མེད་པས། ཁུལ་ཐོག་གི་ཁང་བརྩེགས་མཐོན་པོ་དང་གློག་སྒྲོན་ཁྲ་ཁྲ། ཚོང་རྫས་སྣ་ཚོགས་ཀྱིས་ཁོ་རང་སྐད་ཅིག་ཉིད་དུ་འཇིག་རྟེན་གཞན་ཞིག་ལ་སླེབས་པ་ལྟ་བུའི་སྣང་བ་སྐྱེ་རུ་བཅུག ཉིན་མོར་ཁྲོམ་སྲང་དུ་ཉུལ་ནས་གྱོན་པ་སྣ་ཚོགས་ཉོས་པ་དང་། དགོང་མོར་ཆང་ཁང་དུ་སོང་ནས་ཆང་རག་ལ་རོལ་བས་གྲོང་ཁྱེར་གྱི་འཚོ་བ་ནི་ཅི་འདྲའི་སྐྱིད་པོ་ཞིག་ཡིན་པའི་སྣང་བ་བྱིན། སྐབས་དེར་ང་ཚོའི་འཛིན་གྲྭར་ལོ་གྲངས་ཉི་ཤུར་བུད་མེད་པའི་སློབ་གྲོགས་གཅིག་ཀྱང་མེད་ལ། ཁོ་རང་དེ་ཚོའི་གྲས་ནས་ཀྱང་ལོ་ཆེ་ཤོས་གཅིག་པུ་ཡིན། འཛིན་གྲྭའི་སློབ་གྲོགས་རྣམས་འཚོགས་ནས་ཆང་འཐུང་བ་དང་ཐ་མག་འཐེན་པ། མཚན་མོར་ཚང་མ་མཉམ་དུ་ལུས་འཁྲུད་ལྟེ་གནས་སུ་ཕྱིན་ཏེ་འཕུར་མཉེད་བྱེད་པ་སོགས་མ་རབས་ཀྱི་བྱ་བ་གང་ལའང་ཐོག་མའི་སྣེ་ཁྲིད་དུ་མ་གྲོས་རང་མཐུན་དུ་སོང་བས། འཛིན་གྲྭ་གཞན་དང་ས་གནས་བར་ལ་རྒྱ་བརྩད་དེ་རྡུང་རེས་བྱེད་པའི་གཏམ་རྒྱུད་གཅིག་འཕྲོ་གཅིག་མཐུད་དུ་བྱུང་། སློབ་གྲྭའི་དགེ་སློབ་ཡོངས་ལ་མཚོན་ན་ཁོའི་མིང་མི་ཤེས་པའི་མི་གཅིག་ཀྱང་མེད།ཐེངས་ཤིག་སྒོར་མོ་ཚང་མ་ཅི་ཡིན་འདི་ཡིན་མ་ཤེས་པར་བརླགས་ཚར་བས།ཨ་ཕར་ཁ་པར་བཏང་སྟེ་སྒོར་སྟོང་གཅིག་བསྐུར་ཡོང་ནའང་།ཉིན་མཚན་དབྱེར་མེད་ཀྱིས་ཆང་ཁང་དུ་ལོངས་སྤྱོད་བྱེད་མཁན་ཞིག་ལ་མཚོན་ན།དངུལ་གྲངས་དེས་ཉིན་གཅིག་གི་ཟས་རིན་ལའང་མ་འདང་། ཡིན་ནའང་། ཁོས་སེམས་ཁྲལ་བྱེད་མི་དགོས་པ་ཞིག་ནི།སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་དང་ཚོང་ཁང་གི་སྦྱིན་བདག་སུས་ཀྱང་ཁོའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་ཨ་ཕའི་གནས་ཚུལ་གསལ་པོར་ཤེས་པས།་དངོས་པོ་ཅི་ཞིག་མཁོ་ན་དུས་ལྟར་དོམ་ལ་འཇོག་ངེས། ཐ་ན་ཆད་གྲངས་བྱང་བུའི་ཐོག་མཛུབ་ཐེལ་གཅིག་ཀྱང་གནོན་མི་དགོས།

ཉིན་ཞིག་ལ།ཁོའི་ཨ་ཕ་ཁུལ་ཐོག་ལ་སྨན་རྫས་ཉོ་རུ་ཡོང་བའི་ཞོར་དུ་དོམ་ཐོ་རྩིས་བརྒྱབ་རྗེས། ཐེངས་འདིའི་འགྲོ་སྒོ་ནི་འུ་ཚང་སྨན་ཁང་གི་ཟླ་རེའི་ཡོང་སྒོ་ལས་བརྒལ་འདུག་ཅེས་འཁང་ར་ཡང་ཡང་བྱས་པ་དང་། སྔོན་གྱི་སྦྱིན་བདག་རྣམས་ལའང་ཕྱིན་ཆད་དོན་མེད་དུ་རྩིས་མི་རྒྱག་པའི་གསལ་འདེབས་ནན་མོ་བྱས་པ་ན། ཁོའི་ནམ་རྒྱུན་གྱི་འཚོ་བ་དེའང་དེ་འདྲའི་ཕུན་སུམ་ཚོགས་པོ་ཞིག་མ་བྱུང་བས། ཉིན་དེ་ནས་བཟུང་དངོས་པོ་ཆུང་ཆུང་རེ་དགོས་ཚེ་སྔར་གྱི་སྦྱིན་བདག་རྣམས་ལ་འབྲེལ་བ་བྱེད་རྒྱུ་དང་། དེ་ལས་ཅུང་གོང་ཆེ་བའི་ཅ་ལག་རེ་མཁོ་ཚེ་བརྐུ་རྒྱུ་དང་འཕྲོག་རྒྱུའི་སྤོབས་པ་རྒྱས་ཏེ་རིམ་བཞིན་ལག་པ་ཇེ་རིང་དང་གཤིས་ཀ་ཇེ་གྱོང་དུ་འགྱུར་མགོ་བརྩམས།

3

ཁོའི་ངོ་གདོང་ལ་ཕྱིས་འགྱོད་ཀྱི་མུན་པ་འཐིབས་ཤིང་། ཁ་ནས་ཤུགས་རིང་ནར་ནར་དུ་འབྱིན་བཞིན་ཆང་རག་ཕོར་གང་རྔམ་འཐུང་བྱས་རྗེས། ཁ་བརྡ་མུ་མཐུད་དུ་བྱེད་པར་སེམས་ངལ་གྱིས་མནར་བས་ཨེན་ཙམ་ལ་ཁ་ཅི་ཡང་གྲག་རྒྱུ་མེད་པར་ཁུ་སུམ་མེར་བསྡད། འཇམ་ཅག་གེའི་ཁང་མིག་འདིར་ཐག་ཐག་གི་སྒྲ་ཙམ་ཡང་མེད་པར་དུས་རྒྱུན་ལས་ཀྱང་ལྷིང་འཇགས་སེར་གནས་ཤིང་། མུ་མཐའ་བྲལ་བའི་རྩྭ་ཐང་གི་མཚན་མོའི་རྣམ་པ་དང་ཡེ་ནས་མཚུངས།

“ད་ལྟ་རང་གི་བུ་ཆུང་ཡང་སློབ་མཐར་ཕྱིན་ཏེ་གཉོམ་ལག་རྒྱས་ཡོང་དུས། ངའི་སེམས་སུ་དངོས་གནས་འགྱོད་གདུང་དང་ངོ་ཚ་དག་བཟོད་བསྲན་བྲལ་བ་ཞིག་སྐྱེ་ཡོང་གིན་འདུག མི་ལོ་སུམ་ཅུར་སྨན་པ་བྱེད་ཁུལ་བྱས་ཏེ་གཞན་ལ་མགོ་སྐོར་བཏང་ཞིང་སྨན་རྫས་རྫུན་མ་བཙོངས་ཏེ། ཡོང་འབབ་ཡོད་ཚད་ཀྱིས་ཀྱང་ཤོ་བརྒྱབ་པ་དང་ཆང་བཏུངས་ནས་མི་ཚེ་དོན་མེད་དུ་བཏང་བས། ཁ་སང་དེ་རིང་ལུང་ཁུག་འདིར་ང་ལ་དགའ་མཁན་ཞིག་ཕར་ཞོག ངས་གཞན་ལ་ཕན་ཐོགས་ཡོད་མཁན་ཞིག་ཕར་ཞོག ཐ་ན་རང་གི་རུ་སྡེ་དང་ཁ་ཡ་ན་ཟླའི་ཁྲོད་ནའང་ཡིད་ཆེས་མཁན་གྱི་མི་གཅིག་ཀྱང་མི་འདུག ད་ང་ངོ་མ་ཚར་འདུག སྐྱོན་ཅན་རྒྱལ་པོས་མི་ཁེབས། སྡུག་ཅན་བླ་མས་མི་དྲོངས་ཟེར་བ་ཅིས་མ་བདེན། ”

ཁོས་དེ་ལྟར་ཆུ་བཞུར་བཞུར་དུ་བཤད་བྱུང་བས། ངས་ཕྱིར་ཇི་ལྟར་མཐུན་སྦྱོར་བྱེད་དགོས་པའང་མ་ཤེས་པ་མགོ་ལྕོག་ལྡེམ་ལྡེམ་ཙམ་བྱེད་པ་ལས་ཅི་བྱ་གཏོལ་མེད་ངང་བསྡད།

ཁོས་ཡང་བསྐྱར་མདུན་ཅོག་སྟེང་གི་ཆང་ཕོར་གང་ཧུབ་འཐུང་ཞིག་བྱས། གསལ་ལ་དམར་མདངས་འཚེར་བའི་གློག་འོག་ན།ཁོའི་ཀླད་པ་སྤྱི་ཐེར་ལུག་གྲོད་ཆུ་བླུགས་ངོས་ཀྱི་རྨ་ཁ་སྲན་ལེབ་འདྲ་བ་དེ་དག་འོད་ལྟར་འཚེར་འདུག་ལ། དཀྱེལ་ཡངས་པའི་ཐོད་རུས་ཀྱི་གཉེར་མ་གྲངས་མེད་རྩིད་སྐུད་ལྟར་གོ་རིམ་མེད་པར་གཡས་རྒྱུག་གཡོན་རྒྱུག་གིས་འཁྱིལ། དམར་ལ་དཔངས་མཐོ་བའི་སྣ་གདོང་ནི་མིག་ཀོང་ཡོངས་སུ་གཡོགས་པའི་ཤེལ་མིག་དཀར་པོ་དེ་ཡར་འདེགས་པ་བྱེད་ལ་ཆེད་དུ་བཟོས་པའི་ཡོ་བྱད་ཅིག་དང་འདྲ་བར་སྣང་། ཙིག་ཁུང་ལྟར་ནག་ཅིང་ཕྲ་བའི་སྣ་བུག་གཉིས་ཀའི་གཤམ་གྱི་ཁ་སྤུའི་ཉག་མ་རེ་རེ་ཐན་པས་བསྲེགས་མ་ཐག་གི་འཇག་མའི་ཚོམ་བུ་ལྟར་ཐར་ཐོར་དུ་སྐྱེས་འདུག ལུས་མདོག་ནག་ཅིང་ཤ་སྐམ་པ། སྐད་གདངས་དམའ་ལ་ཤུགས་མེད་པ། སྐྱེར་སྡོང་སྐམ་པོ་རླུང་གིས་སྒུལ་བ་བཞིན་འདར་སིག་སིག་བྱེད་པའི་ལག་པ་གཉིས་བཅས་མཐོང་མ་ཐག ཁོ་ནི་ཚེ་རབས་སྔ་མར་ཉེས་ཅན་བཙོན་མ་ཚབས་ཆེན་ཞིག་གམ་ཡང་ན་མགོ་གཡོག་རྫུན་བཟོ་བྱེད་མཁན་ཞིག་ཡིན་སྟབས། ལས་ཀྱི་འབྲས་བུ་ཡོད་ཚད་གཅིག་ཀྱང་མ་ལུས་པར་གྲོ་བཏབ་པ་ལ་གྲོ་སྐྱེ་བ་ནང་བཞིན་ཚེ་འདི་ལ་ཡོངས་སུ་སྨིན་པ་དང་གཉིས་སུ་མ་མཆིས། དེ་ལྟར་ངའི་དྲན་པའི་མེ་ལོང་ངོས་སུ་ཁོས་མི་ཚེའི་ནད་བཅོས་ལས་ཀའི་ཁྲོད་སྒྲུབ་པའི་བྱ་ངན་སྤྱོད་ངན་དག་གློག་བརྙན་བཞིན་ཤར་འོང་། དུས་དེར་བདག་ལ་ཉེས་པ་འདི་དག་རང་གིས་བསགས་པ་དང་འདྲ་བའི་སྣང་བ་སྐྱེས་པས་རང་དབང་མེད་པར་འདང་རྒྱག་གི་ཁྲོད་དུ་ལྷུང་།

“ད་ངོ་མ་ཚང་མ་ཚར་འདུག སྔོན་ལ་དྲན་ན་བློ། རྗེས་སུ་ཤེས་ན་འགྱོད་ཟེར་བ་ངོ་མ་ཅིས་མ་བདེན། ད་ལྟ་འཇིག་རྟེན་འདིར་རང་ལ་ཡིད་ཆེས་ཐུབ་པའི་མི་ཞིག་གང་ན་ཡོད། ”

མཚན་མོ་འདིར་གྲང་ངར་ཆེ་ལ། གར་འོང་མི་ཤེས་པའི་འཁྱག་རླུང་ཕྲ་མོས་ངེད་གཉིས་ལ་ཁོག་འདར་ཡང་ཡང་བརྒྱག་ཏུ་འཇུག

4

དེ་ལྟར་རིམ་གྱིས་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་ས་གཙོ་བོ་དེ་ཕ་ཡུལ་གྱི་ཕྱོགས་སུ་བསྒྱུར། མཐུན་སྒྲིལ་རྩྭ་ཐང་གི་མི་དམངས་སྨན་ཁང་ནི་ཁོའི་ཚོང་རྫས་ཀྱི་ཁྲོམ་ར་ཆེ་ཤོས་དེ་ཡིན། ཁོས་སོས་དལ་བག་ཕེབས་ཀྱིས་གཙང་ཞིང་དཀར་བའི་སྨན་ལྭ་གྲ་དག་དེ་གོམས་འགྲོས་ལྟར་གྱོན་ཞིང་། གྱང་ངོས་སུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ཞལ་ཐང་བྱིན་རླབས་ཅན་བཤམས་པའི་གཞུང་ལས་ཁང་དུ་འགྲིམ་འགྲུལ་སྟབས་བདེ་མིན་ཞིང་རང་ལ་ཆེས་ཡིད་ཆེས་མཁན་གྱི་ས་གནས་ཀྱི་ནད་པ་དག་ལ་བསྒུགས་ནས་ལོ་ངོ་སུམ་ཅུ་ཕྱིན་སོང་།

ཐེངས་ཤིག་ལ། བོད་ལྭ་གསར་རྐྱང་གྱོན་ཞིང་ངོ་གདོང་ཕྱེད་ཀ་ཙམ་སྐེ་དཀྲིས་དམར་པོས་གཡོགས་པའི་བུད་མེད་དར་མ་ཞིག་གིས་གཞུང་ལས་ཁང་གི་སྒོ་འབྱེད་ཙམ་བྱས་རྗེས་འཚབ་འཚུབ་ངང་འཕྲལ་དུ་ཕྱིར་འཁོར་སོང་། ཅུང་འགོར་རྗེས་གསར་བུ་དར་མ་ཞིག་ནང་དུ་འཛུལ་འོངས་ནས་ཕར་ལྟ་ཚུར་ལྟ་བྱེད་ཞོར་མི་གཅིག་ཀྱང་མེད་པ་ཤེས་རྗེས་ད་གཟོད་ངའི་ཅོག་ཙེའི་འགྲམ་དུ་བཏུད། མ་གཞི་ཁོ་བཟའ་ཟླ་གཉིས་ལ་རེག་དུག་གི་ཐོག་མའི་དུས་ཀྱི་ནད་རྟགས་ཡོད་དེ། བོད་ཀྱི་སྲོལ་རྒྱུན་ལག་ལེན་གྱི་བཅོས་ཐབས་ལྟར་ན་ཁྱོ་ཤུག་གཉིས་ཀྱིས་ཟླ་གཅིག་རིང་སྨན་བཏུངས་པས་ཆོག་ཀྱང་། དེ་ལྟའི་བཅོས་ཐབས་སྟབས་བདེ་ནི་དཔལ་འབྱོར་ཡོང་འབབ་ཁོ་ནར་དམིགས་མཁན་ཞིག་ལ་མཚོན་ན་ཕན་ཐོགས་ཅི་ཡང་མེད་པས།ཁོས་འཕྲལ་དུ་ཁུལ་སྨན་ཁང་ན་ཕྱག་ལས་གནང་བཞིན་པའི་དུས་རྒྱུན་རང་གི་བློ་འདྲི་ས་སྟེ་ཁུ་བོ་སྨན་པ་བདེ་ལེགས་ལ་འབྲེལ་གཏུགས་བྱས། ཞོར་དུ་ནད་པ་གཉིས་ལ་ནད་ཀྱི་འབྱུང་ཁུངས་དང་ཚབས་ཆེའི་རང་བཞིན་ལྡབ་འགྱུར་གྱིས་འུད་བརྗོད་དང་། འགྲོ་དངུལ་འབོར་ཆེན་བཏང་སྟེ་སྔ་མོར་གསོ་བཅོས་མ་བྱས་ཚེ་སྲོག་ལ་ཉེན་ཁ་ཆེ་ཚུལ། ནད་འདི་རིགས་ལ་འགོ་ཁྱབ་རང་བཞིན་ལྡན་པས་མི་གཞན་ལ་གང་བྱུང་དུ་བཤད་མི་རུང་བ་སོགས་ངག་ཐོག་དང་ཡིག་ཐོག་གཉིས་ནས་གསལ་བཤད་ཆ་ཚང་ཞིག་བྱས་པ་ན། ཁོ་གཉིས་ཀྱང་སྔར་ལས་སྐྲག་ཐག་ཆོད་སོང་། “སྨན་པ་དྲིན་ཆེན་པོ། ངེད་གཉིས་ཀྱི་སྲོག་ལ་ཉེན་ཁ་མེད་ན། གནས་སྐབས་ཀྱི་སྒོར་མོའི་འགྲོ་སྒོ་ཙམ་ལ་ལྟ་སྲོལ་ཞིག་གང་ན་ཡོད”ཅེས་པུས་མོ་ས་ལ་བཙུགས་ནས་ཞུ་བ་ཡང་ཡང་བྱས་པས་ཁོའི་བསམ་དོན་དག་ཡིད་བཞིན་དུ་འགྲུབ་སོང་།

ལོ་དེ་དག་གི་རིང་ལ། ཁོའི་ཨ་ཕའི་གོ་གནས་ཡར་ངོའི་ཟླ་བ་བཞིན་འཕར་ཏེ་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་དུ་གྱུར་པས། རང་རྫོང་གི་ཁྱབ་ཁོངས་སུ་ངེད་སྨན་ཁང་གི་སྨན་རྫས་ལ་ལྟ་རྟོག་བྱེད་མཁན་མི་གཅིག་ཀྱང་ག་ལ་ཡོད། ཐ་ན་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་མི་སྣ་ཡོང་ནའང་ཨ་ཕས་འཛུམ་དམུལ་དམུལ་གྱིས་འགྲེལ་བཤད་བྱེད་པ་ལས་གནད་དོན་གང་ལའང་རྩད་གཅོད་གཅིག་ཀྱང་བྱེད་མི་སྲིད། ད་དུང་ལོ་མཇུག་གི་རྫོང་ཡོངས་ཀྱི་བྱ་བའི་སྤྱི་སྡོམ་ཁྲོད་དཔལ་ཡོན་སྡེ་ཚན་གྱི་བྱ་དགའ་ཐེངས་གཅིག་ལའང་འཆོར་དུ་མི་འཇུག་པ་རེད།

ཁུ་བོས་ཁོའི་ནད་ཐོག་གསོ་བཅོས་ཀྱི་ཆུ་ཚད་ངོ་མ་དེ་ཤེས་པས། སྨན་ཁང་དུ་ཡོང་ཐེངས་རེར་ནད་པ་སུ་ཡིན་རུང་ནད་ཁང་དུ་ཞག་སྡོད་བྱེད་དགོས་ཚུལ་དང་། བརྟག་ཐབས་གསོ་བཅོས་གསལ་པོ་མི་ཤེས་ན་ནད་པ་ཕོ་མང་ཤས་ཀྱི་ནད་ནི་ཕོ་བ་སྨུག་པོ་དང་། སྣོད་མཁྲིས་གཉན་ཚད་སོགས་ལ་ངོས་བཟུང་ཆོག་པ་དང་། ནད་པ་མོ་རིགས་ཀྱི་ནད་གཞི་བུ་སྣོད་གཉན་ཚད་དང་མཁལ་གྲང་ལ་ངོས་འཛིན་དགོས་པ། ཅུང་ཚབས་ཆེ་བ་ཚང་མ་མུ་མཐུད་དུ་ཁུལ་ཐོག་ཏུ་འབྲེལ་བ་བྱོས་དང་ལོ་མཇུག་ཏུ་ཁུ་བོས་ཁྱེད་ལ་ཡོང་སྒོའི་ཐོག་ཕམ་ཁ་སྟེར་མི་སྲིད་ཅེས་ཡང་ཡང་བཤད་པ་དག་ད་དུང་ཡང་རྣ་ལམ་དུ་གྲག་བཞིན་པ་འདྲ། ཕྱིར་དྲན་སྐྱུག་རྫོབ་དང་ཡ་ང་བའི་བྱ་སྤྱོད་དེ་དག་མིག་ལམ་དུ་རི་མོ་ཇི་བཞིན་ཤར་བ་ལོས་ཡིན། ཁོ་རང་འགྱོད་པ་དང་ཡིད་ཆད་པའི་ཉམས་འགྱུར་ཅིག་གདོང་ལ་ངང་ངམ་ཤུགས་ཀྱིས་ཤར་འདུག

ཁོས་སེམས་ངལ་གྱིས་མནར་གཅོད་དྲག་པོ་མ་བཟོད་པར“ཉེས་ཅན་རྒྱལ་པོས་མི་ཁེབས། སྐྱོན་ཅན་བླ་མས་མི་དྲོངས”ཞེས་ཁེར་ལབ་བརྒྱབ་རྗེས་ཡང་ཆང་ཕོར་གང་པོ་དེ་དབུགས་ཐེངས་གཅིག་གིས་རྔམ་འཐུང་བྱས།

5

ཁོའི་ལྗིད་ཏིག་ཏིག་གི་མགོ་བོ་སྤྱི་རྒྱ་སྟོང་གིས་དཔྱངས་པ་ཇི་བཞིན་མར་བྲང་ངོས་སུ་ལྷུང་བར་བལྟས་ན། ད་དུང་སུ་ལའང་བཤད་སྲོལ་མེད་པའི་ནག་ཉེས་རི་རབ་འདྲ་རེ་ཡོད་པ་སྨོས་ཅི་དགོས་སྙམ། “སྨན་པ་སྐལ་བཟང་ལགས། ངས་དེ་རིང་ཁ་ཁོག་པ་དང་གློ་རྒྱུ་མ་མེད་པར་ཁྱེད་ལ་བསྟན་ཡོད། ཁྱེད་ཚོ་ཚང་མ་ངེད་སྨན་ཁང་གི་ལས་མི་གསར་པ་དང་ན་གཞོན་རེ་བ་ཅན་ཏག་ཏག་རེད། དེ་རིང་ནས་བཟུང་ངེད་སྨན་ཁང་གི་མ་འོངས་པའི་བདེ་ཐང་གི་བྱ་གཞག་ཡོད་ཚད་ཁྱེད་ཚོར་བཅོལ། ཁྱེད་ཚོ་ང་འདྲ་བའི་མི་ཁྱི་ལྟ་བུ་ཞིག་ཏུ་མི་འགྱུར་བར།ངའི་ཕ་མེས་ཡང་མེས་ལྟར་སེམས་ཅན་ནད་པ་ཉམ་ཐག་པ་རྣམས་ནད་ཀྱི་སྡུག་བསྔལ་ལས་འདོན་ཐུབ་པའི་ངེས་པ་དོན་གྱི་གསོ་བ་བོ་རྒྱུད་ན་སྙིང་རྗེ་ཅན་ཞིག་བྱེད་རྒྱུ་ནི་ངའི་ཆེས་མཐའ་མཇུག་གི་རེ་བ་ཡིན། ”

ཁོའི་རེ་སྙེག་དང་ཡིད་ཆེས་ཀྱི་མིག་མཐར་མཆི་མ་འཁོར་བཞིན་ལག་པ་གཉིས་ངའི་ལག་པར་དམ་པོར་འཇུས་བྱུང་། དེ་ནི་ཁོས་མི་ཚེ་འདིའི་དྲོད་ཁོལ་ཡོད་ཚད་ང་ལ་སྤྲོད་འདོད་པ་འདྲ། ངའི་ལུས་ཡོངས་ཚ་བེར་བེར་གྱི་ཚོར་བས་ཁྱབ་སྟེ་མུ་མཐུད་དུ་ཁོར་ཨ་ལན་སྟེར་བའི་ལུས་ཤུགས་ཀྱང་མེད་པར་དངན་པའི་དབུགས་རིང་ཞིག་འཐེན་ཞོར་མགོ་བོ་དུད་ཙམ་བྱས་པ་ཡིན།

“ངས་དངོས་གནས་ནག་ཉེས་ཚབས་ཆེན་བཟོས་ཡོད། ས་འདི་ན་ངའི་ཉེས་པ་ཁེབས་པའི་མི་ཞིག་གང་ན་ཡོད། ན་ནིང་ཟླ་དྲུག་པ་ནས་ཞིང་ཆེན་རིམ་པའི་སྐོར་ཞིབ་ཚོགས་པ་རང་རྫོང་དུ་ཐོན་པ་ནས་བཟུང་། ངས་ཉིན་མཚན་མེད་པར་བསམ་གཞིག་གྲངས་མེད་བཏང་མཐར། ད་གཟོད་རང་གིས་བསགས་པའི་ཉེས་པ་དག་མེ་ལོང་ལ་ཤར་བ་ནང་བཞིན་ཤེས་སོང་། སང་ཉིན་ང་མི་དམངས་ཁྲིམས་ཁང་དུ་རང་འགུལ་གྱིས་མགོ་འདོགས་སུ་འགྲོ་རྒྱུའི་སེམས་ཐག་བཅད་ཡོད། གནའ་མིའི་ཁ་དཔེ་ལ། རང་སྐྱོན་རང་གིས་བརྗོད་ན་དཔའ་བོ་ཡིན་ཟེར། ཁྱེད་ཚོས་ཀྱང་མ་འོངས་པར་ང་ལྟ་བུའི་མི་ནག་ཉེས་ཅན་ཞིག་ཏུ་རང་གིས་མི་གཏོང་བར”ཞེས་མུ་མཐུད་དུ་བསྐྱར་ཟློས་མང་བའི་སྐད་ཆ་འགའ་བཤད་འདོད་ཀྱང་ཨ་རག་གི་བཟི་ཁས་སྨྲ་ལྕེའང་ལྡབ་ལྡིབ་ཏུ་བཏང་འདུག་པས་ཚིག་འབྲུ་གསལ་པོ་ཞིག་གོ་མ་ཐུབ། དེའི་དུས། ངས་ཁོས་ང་རང་ཆེད་དུ་འཚོལ་དགོས་པའི་དམིགས་ཡུལ་གསལ་པོར་ཤེས་པ་དང་། མཚན་མོ་དེ་ནི་ངེད་གཉིས་ཀྱི་ཆེས་མཐའ་མཇུག་གི་ཁ་བརྡའི་སེམས་གཏམ་ཐེངས་ཤིག་ཡིན་པའང་གཞི་ནས་རྟོགས།

འགྱོད་གདུང་དང་དངངས་སྐྲག་གིས་མུ་མཐུད་དུ་ཁ་བརྡ་བྱེད་པའི་སྨྲ་སྒོ་དུམ་སེར་བཅད་པས། ངེད་གཉིས་དཀར་ཞིང་གསལ་བའི་གློག་འོད་ཀྱིས་གང་བའི་ཁང་ཁྱིམ་དུ་ཀྲོང་ངེར་ལངས་པའི་གྲིབ་གཟུགས་ནག་རིལ་མ་གཉིས་དང་ཀུན་ནས་མཚུངས་སོ། །   

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།