ཀྲུང་གོ་བོད་ཀྱི་དྲ་བ།

སྨྲ་བ་མེད་པའི་འཇིག་རྟེན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁེར་བུ།   སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

དེ་རིང་ངེད་ཚང་དུ་མི་འདི་འདྲ་མང་པོ་ཞིག་འོངས་དོན་ཅི་ཡིན་ནམ།

ཕལ་ཆེར་སྡེ་མི་ཚང་མ་འོངས་འདུག ད་དུང་ཐག་རིང་གི་གཉེན་ཉེ་དང་ཤ་ཁྲག་གི་འབྲེལ་བ་ཡོད་པ་ཚང་མ་ཡང་འོངས་འདུག དུས་རྒྱུན་ཁྱོད་ཚོ་ངལ་ལས་བྱེད་གྲོགས་སུ་བོས་ཀྱང་འོང་མི་སྲིད། དེ་རིང་ཁྱོད་ཚོ་འོངས་དོན་ཅི་ཡིན་ནམ། གང་ལྟར། འོང་དོན་ཅི་ཡིན་ན་ཡིན་དུ་ཆུགས། གཙོ་བོ་ངའི་ཤིང་ཁང་གྲུ་བཞིར་སེམས་ཆུང་བྱོས།

འབོལ་ཁྲིའི་སྟེང་གི་མི་དེ་སུ་རེད་དམ། ངས་འདི་ནས་གསལ་པོར་མཐོང་ཐབས་བྲལ། མདུན་དུ་སོང་ནས་བལྟ་དགོས་འདུག མ་གཞི་རིན་ཆེན་ལབ་རྐྱལ་རེད། ཁོ་ངའི་འབོལ་ཁྲིའི་སྟེང་དུ་བསྡད་དེ་ཅི་བྱེད་དམ། ཁོའི་སྒྲོབ་ཉམས་ལ་ལྟོས་དང་། འབོལ་ཁྲི་ནི་ཁོ་ཚང་གི་འབོལ་ཁྲི་ཡིན་པ་ལྟར་དུ་བསྡད་འདུག འབོལ་ཁྲིའི་སྟེང་དུ་བསྡད་ན་བསྡད། གཙོ་བོ་ངའི་འབོལ་ཁྲི་ལ་གནོད་སྐྱོན་བཟོ་མི་ཆོག ངས་འབོལ་ཁྲི་འདིར་སྒོར་ལྔ་བརྒྱ་བྱིན་ནས་ཉོས་པ་ཡིན། མ་རེད། བསྡོམས་པས་སྒོར་ལྔ་བརྒྱ་དང་དྲུག་ཅུ་རེད། ཟི་ལིང་ནས་བསྐུར་འོངས་པའི་གླ་ཆར་སྒོར་དྲུག་ཅུ་བྱིན་པ་ཡིན། ངས་སྒོར་ལྔ་བརྒྱ་དང་དྲུག་ཅུ་བྱིན་པའི་འབོལ་ཁྲིའི་སྟེང་དུ་ཁྱོད་སེམས་ཆུང་གིས་སྡོད། ང་ཡང་རང་གི་འབོལ་ཁྲིའི་སྟེང་དུ་ཁྱོད་ལྟར་སྒྲོབ་ཉམས་དང་བཅས་བསྡད་མ་མྱོང་།

བར་སྐབས་དེར་རིན་ཆེན་ལབ་རྐྱལ་གྱིས་གམ་གྱི་མི་འགར་ལག་གཡུག་བྱེད་ཞོར་དུ་ཤུགས་ཀྱིས་ཅི་ཞིག་བཤད་ཀྱིན་འདུག བཤད་ཀྱིན་བཤད་ཀྱིན་རིན་ཆེན་ལབ་རྐྱལ་གྱི་ཁ་ནང་ནས་ཁ་ཆུའི་ཟེགས་མ་འགའ་ཕྱི་རུ་ཐོར་སོང་། རིན་ཆེན་ལབ་རྐྱལ་གྱིས་ད་དུང་ཅི་ཞིག་བཤད་ཞོར་དུ་ལག་པས་ཁ་ཤར་ཕུར་ཕུར་ལན་འགའ་བྱས་ཏེ་ཁ་ཆུ་ཕྱིས་བྱུང་བ་དང་། དེར་མཐུད་ནས་ལག་པའི་སྟེང་གི་ཁ་ཆུ་གཞན་གྱིས་མི་ཚོར་བའི་ངང་འབོལ་ཁྲིའི་སྟེང་དུ་ཕྱིས་བྱུང་། རིན་ཆེན་ལབ་རྐྱལ། ལབ་ཁ། སྐྱག་ཁ། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཁྱོད་ཀྱིས་ཁ་ཆུ་ངའི་འབོལ་ཁྲིའི་སྟེང་དུ་ཕྱིས་ནས་ཅི་བྱེད། ཁྱོད་ཀྱིས་གམ་གྱི་མི་དེ་ཚོར་ལབ་བརྒྱག་ན་ངའི་འབོལ་ཁྲིའི་སྟེང་དུ་འདུག་དགོས་སམ། ངའི་འབོལ་ཁྲིའི་སྟེང་དུ་བསྡད་དེ་ལབ་བརྒྱག་ནའང་ཁ་ཆུ་ངའི་འབོལ་ཁྲིའི་སྟེང་དུ་འབྱིད་དགོས་སམ། རིན་ཆེན་ལབ་རྐྱལ། ལབ་ཁ། སྐྱག་ཁ། ཁ་ནང་ན་ཤོབ་ཏག་ཏག ལབ་ཏག་ཏག ད་དུང་ཁ་ཆུ་ཏག་ཏག ཁྱོད་ཀྱིས་ཐོས་བྱུང་ངམ། ཁྱོད་རང་འོན་སོང་བ་ཡིན་ནམ། ཁྱོད་ལ་ཨ་ལན་མེད་པ་ཅི་ཡིན་ནམ། ཁྱོད་རང་ལྐུགས་སོང་བ་ཡིན་ནམ།

2

མི་འདི་ཚོར་བྲེལ་འཚུབ་ཅིག་གིས་ཁེངས་འདུག འདི་འདྲ་བྲེལ་འཚུབ་ལངས་ནས་ཅི་བྱེད། བྲེལ་འཚུབ་ལང་ན་ལངས་དུ་ཆུགས། གཙོ་བོ་ངའི་ཤིང་ཁང་གྲུ་བཞིར་སེམས་ཆུང་བྱོས། ལྷག་ཏུ་ངའི་ཉི་ཁྱམས་ཕྱི་ཡི་དྲ་མའི་ཤེལ་ལེབ་དེ་དག་ལ་སེམས་ཆུང་བྱོས། དྲ་མའི་ཤེལ་ལེབ་དེ་དག་ནི་ངས་སི་ཁྲོན་གྱི་རྒྱ་རྒན་ཞིག་ལ་ཐ་མག་གིས་རྔན་པ་བརྫངས་ཏེ་ཐེངས་གཉིས་ལ་སྤྲོད་དུ་བཅུག་པ་ཡིན། རྒྱ་རྒན་དེས་ཉི་ཁྱམས་ཕྱི་ཡི་དྲ་མ་སྤྲོད་དུས་ནན་ཏན་མ་བྱས་པར་ཀླད་ཀྱི་གདུང་མ་དང་འཕྲད་མཚམས་སུ་བར་སྲུབས་ཀྱང་ཕྱེ་རུ་བཅུག་འདུག གདུང་མ་འཕྲད་མཚམས་སུ་བར་སྲུབས་ཕྱེ་འོང་ཚེ་ཆར་ཆུ་ཇི་ལྟར་འགོག་གམ། དེ་བས་ངས་རྒྱ་རྒན་དེ་ཕྱིར་བོས་ཤིང་སྒོར་ཉི་ཤུ་ཅན་གྱི་ཐ་མག་བག་ཆ་བཅུ་ཉོས་ཏེ་བར་སྲུབས་མེད་པར་བཟོ་རུ་བཅུག་པ་ཡིན། དེ་མིན་ཚེ་རྒྱ་རྒན་དེས་བར་སྲུབས་མེད་པར་མི་བཟོ་ཁོ་ཐག་རེད། དེང་སང་གི་མི་འདི་དག

སྐབས་དེར་སྡེ་མི་ཞིག་གིས་གོ་ཁ་ནས་ཤིང་གི་རྐུབ་སྟེགས་ཤིག་ཕྱིར་འཁྱེར་འགྲོ་དུས། གཟབ་གཟབ་མ་བྱས་པར་རྐུབ་སྟེགས་ཀྱི་སུག་པ་གཅིག་གིས་ཉི་ཁྱམས་ཀྱི་དྲ་མའི་ཤེལ་ལེབ་ཅིག་ལ་ཕོག་སྟེ་ཆོམ་སྒྲ་རྣ་བར་གཟན་པ་ཞིག་གྲགས་བྱུང་།

ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཁྱོད་ཀྱིས་སེམས་ཆུང་མི་བྱེད་པར་ངའི་དྲ་མ་བཅག་སོང་། ཁྱོད་ཀྱིས་ངའི་དྲ་མ་བཅག་པའི་སྐྱིན་ཚབ་སྤྲོད་དགོས། འོན་ཀྱང་། མི་འདིས་དྲ་མ་བཅག་ཟིན་ནའང་མཐའ་འཁོར་གྱི་མི་འདི་དག་གིས་སྣང་དོགས་ཅི་ཡང་མི་བྱེད་པ་ཅི་ཡིན་ནམ། ཁོས་དྲ་མ་བཅག་པ་དེ་སྐྱོན་མིན་པར་བཟང་ཡིན་ནམ། རེད། ངའི་བུ་རུལ་དེ་གང་དུ་འདུག ཁྱོད་འོངས་ནས་དྲ་མ་གཅོག་མཁན་གྱི་མི་འདིར་སྡིགས་མོ་བྱེད་རྒྱུ་མིན་ནམ། གཤེ་གཤེ་གཏོང་རྒྱུ་མིན་ནམ། ད་དུང་དྲ་མ་བཅག་པའི་སྐྱིན་ཚབ་ལེན་རྒྱུ་མིན་ནམ། ངེད་ཚང་གི་དྲ་མ་རང་དགར་བཅག་ཆོག་གམ། བུ་རུལ་ཁྱོད་གང་དུ་སོང་བ་ཡིན། ཁྱོད་ཀྱིས་ཤིང་ཁང་གྲུ་བཞི་འདི་འདྲ་འགེབས་མི་ཐུབ་པར་མ་ཟད་བདག་སྐྱོང་ཡང་བྱེད་ཐུབ་རྒྱུ་མ་རེད། བུ་རུལ་འདི་འདྲ་སྐྱེས་ན། ངའི་ལས་འདི། ཕ་ཤུལ་བུ་ཡིས་ཇི་ལྟར་ཟིན་ནམ། ངའི་ཤིང་ཁང་གྲུ་བཞིར་བདག་སྐྱོང་ཇི་ལྟར་བྱེད་དམ།

ད་དུང་དྲ་མའི་ཤེལ་ལེབ་གཞན་པ་དག་ལ་ལྟོས་དང་། ཉིན་ག་ཚོད་ཅིག་ལ་མ་ཕྱིས་པ་ཡིན་ནམ། བུ་རུལ་ཁྱོད་ཀྱི་མནའ་མ་རུལ་མ་དེ་གང་དུ་ཡོད་དམ། དེ་སྔ་ང་རང་བུ་རུལ་ཁྱོད་ཀྱིས་མནའ་མ་དེ་ལེན་རྒྱུར་གཏན་ནས་འཐད་པ་མིན་རུང་། ཁྱོད་ཀྱིས་ཨུ་ཚུགས་དང་བར་བའི་བཤོལ་འདེབས་ཡང་ཡང་བྱས་པའི་རྐྱེན་གྱིས་ངས་ཀྱང་ཨུ་ཚུགས་མཐར་སྐྱེལ་མ་བྱས། ད་ཁྱོད་ཀྱིས་ལྟོས་དང་། ངས་དེ་སྔ་བཤད་པ་གནས་ལུགས་ཀྱི་སྐད་ཆ་རེད་དམ། རུལ་མ་འདིས་དྲ་མའི་ཤེལ་ལེབ་ཀྱང་དབྱི་ཐུབ་ཀྱིན་མི་འདུག དེ་བས་རྒྱུན་པར་ལོ་རྒན་དྲུག་ཅུ་ཐུབ་པའི་རྒད་པོ་ངས་ལག་རས་བཟུང་སྟེ་ཕྱིས་པ་ཡིན། དྲ་མའི་ཤེལ་ལེབ་ཕྱི་དུས་ཀྱང་ཐོག་མར་ལག་རས་རློན་པ་བཟུང་སྟེ་ཕྱིས་པ་དང་། དེ་ནས་ལག་རས་སྐམ་པོས་ཕྱིས། ད་དུང་དྲ་མའི་ཤེལ་ལེབ་དག་ཕྱི་གསལ་ནང་གསལ་འོང་མེད་ན་ངས་ཧ་བཏབ་ནས་ཕྱིས་པ་ཡིན། ངས་ཕྱིས་པའི་དྲ་མའི་ཤེལ་ལེབ་ལ་ནག་ནོག་གི་རི་མོ་གཅིག་ཀྱང་མེད། ངས་ཕྱིས་པའི་དྲ་མའི་ཤེལ་ལེབ་ནི་ཕྱི་གསལ་ནང་གསལ་དུ་ཡོད།

3

ཁྱོད་ཚོ་བྲེལ་འཚུབ་ཀྱིས་ཡར་རྒྱུག་མར་རྒྱུག་བྱས་ཏེ་ཅི་བྱེད་དམ། ཁྱོད་ཚོ་ངའི་ཤིང་ཁང་གྲུ་བཞིའི་ཁང་མིག་རེ་རེའི་ནང་དུ་འཛུལ་ནས་ཅི་བྱེད་དམ། ཁྱོད་ཚོས་སེམས་ཆུང་བྱོས། ངའི་ཤིང་ཁང་གྲུ་བཞིར་སེམས་ཆུང་བྱོས། ངས་ཁྱོད་ཚོ་ཅི་བྱེད་དུ་འོངས་མིན་ལ་སེམས་ཁུར་བྱེད་ཀྱིན་མེད། གཙོ་བོ་ཁྱོད་ཚོ་མ་རེད་ངའི་ཤིང་ཁང་གྲུ་བཞི་རེད། ང་ལ་ཡོད་པ་ནི་ཤིང་ཁང་གྲུ་བཞི་འདི་གཅིག་པུ་ཡིན། ངའི་ཤིང་ཁང་གྲུ་བཞི་འདི་བཀབ་ཚར་རྗེས་སུ་སྡེ་མི་ཡོངས་ཀྱིས་མིག་སེར་དང་ཕྲག་དོག་བྱེད་ཀྱིན་པ་ངས་ཤེས་ཡོད། ང་ལྟ་བུའི་ཁྱིམ་ཚང་འབྱོར་མེད་ཅིག་གིས་ཤིང་ཁང་གྲུ་བཞི་འདི་ལྟ་བུ་ཞིག་འགེབས་ཐུབ་པ་ཁྱོད་ཚོའི་ཡིད་ཀྱི་དགུ་ལའང་ཤར་མེད་པ་ངས་ཤེས་ཡོད། གང་ལྟར་ངས་མི་ཚེ་འདིར་འདི་འདྲའི་ཤིང་ཁང་གྲུ་བཞི་དཔེ་མེད་ཅིག་འགེབས་ཐུབ་སོང་། ད་འདི་ཡིས་ཆོག

ཁྱོད་ཚོས་ལྷམ་གྱོན་ཏེ་ངའི་གོ་ཁའི་མཐིལ་ཤིང་སྟེང་དུ་གོམ་པ་མ་སྤོ། ཁྱོད་ཚོའི་ལྷམ་གྱི་སྟེང་གི་ས་རྡུལ་ལ་ལྟོས་དང་། ངས་ཤིང་ཁང་གྲུ་བཞི་འདི་འདྲའི་དཔེ་མེད་ཅིག་བཀབ་ཡོད་ནའང་གོ་ཁའི་ནང་དུ་སྡོད་མ་ཐུབ་པར་རྒྱུན་པར་མ་གིའི་དབྱར་ཐབ་ཅེས་པའི་ཁང་མིག་ཐབ་ཆག་དེའི་ནང་དུ་བསྡད་ཡོད། ན་ནིང་ལོ་གསར་སྐབས་སུའང་གོ་ཁའི་ནང་དུ་ཉིན་བཅུ་ལ་མ་གཏོགས་མ་བསྡད། གོ་ཁའི་ནང་དུ་མེ་བུས་ཏེ་དུ་བ་འོངས་ན་ཤིང་ཆ་དག་དུད་དྲེག་གིས་ཟིན་འགྲོ་བས་ཁང་བར་གནོད་པ་ཧ་ཅང་ཆེ། ངའི་ཤིང་ཁང་གྲུ་བཞི་འདུ་ཁང་ལྟ་བུ་འདི་ལྟར་བརླག་མི་རུང་།

ཁྱོད་ཚོ་གོ་ཁ་དང་བར་ཁྱམས་ནས་ཙོག་པུར་བསྡད་དེ་ཅི་བྱེད་དམ། ད་དུང་ཁྱིམ་ལྷས་སུ་ཡང་ཙོག་པུར་བསྡད་འདུག ཁྱོད་ཚོ་དངོས་གནས་མི་མང་སོང་། ངའི་ཤིང་ཁང་གྲུ་བཞི་འགད་ལ་ཁད་དུ་བྱེད། ཁྱོད་ཚོས་ཁ་མུར་མུར་གྱིས་ཅི་ཞིག་འདོན་བཞིན་ཡོད་དམ། ངེད་ཚང་ལ་བཅའ་བ་རིམ་གྲོ་གདོན་རྒྱུ་མེད། ངེད་ཚང་བླ་མ་དཔོན་ཚང་ཡང་མིན། ཁྱོད་ཚོ་འདིར་འདུས་ནས་ཅི་ཞིག་གདོན་ནམ། ངེད་ཚང་སྡེ་བའི་གཞུང་ཁང་ཡང་མིན། ཁྱོད་ཚོ་འདིར་འདུས་ནས་ཅི་ཞིག་ལ་གྲོས་བྱེད་དམ། ཧ་ཧ། བླ་མ་དཔོན་ཚང་ཡིན་ཡང་། སྡེ་བའི་གཞུང་ཁང་ཡིན་ཡང་ངའི་ཤིང་ཁང་གྲུ་བཞིར་མི་འགྲན་པ་རེད་དམ། བླ་མ་དཔོན་ཚང་གི་ཁང་བར་ངའི་ཤིང་ཁང་གྲུ་བཞི་ལྟ་བུའི་པ་ཏྲ་བརྩེགས་མ་ཡོད་རུང་། ལས་བཟོ་འདི་འདྲའི་ཞིབ་ཚགས་དང་རྒྱུ་ཤིང་ཐམས་ཅད་གསོམ་པ་ཡིན་མི་སྲིད། སྡེ་བའི་གཞུང་ཁང་ལ་ཁང་མིག་མང་པོ་ཡོད་རུང་ངའི་ཤིང་ཁང་གྲུ་བཞི་ལྟ་བུའི་པ་ཏྲ་བརྩེགས་མ་ཡོད་མི་སྲིད། འདི་དག་བསམས་ན་ངའི་ཡིད་སེམས་ངང་གིས་བཟི་འགྲོ། ངས་མི་ཚེ་གང་བོར་བྱ་གཞག་ཆེན་པོ་ཞིག་བསྒྲུབ་མ་ཐུབ་རུང་། ང་མི་ཚེ་གང་བོར་འབྱོར་མེད་དང་གཉོམ་ཆུང་གིས་བསྡད་རུང་། ངས་ཁབ་གསོག་འབིག་གསོག་དང་ཁྲག་གསོག་རྣག་གསོག་བྱས་ཏེ་ཤིང་ཁང་གྲུ་བཞི་དཔེ་མེད་ཅིག་བཀབ་ཡོད། ཁང་པའི་ཐད་ནས་ང་རང་མི་གཞན་ལ་ངོ་གནོང་མི་དགོས།

ཁྱོད་ཚོས་དོན་དངོས་སུ་ཅི་ཞིག་འདོན་བཞིན་ཡོད་དམ། ད་དུང་བཏོན་ནས་མི་ཚར་བ་ཅི་ཡིན་ནམ། འདི་འདྲའི་གདོན་རྒྱུ་མང་པོ་ཞིག ངོ་མ་སུན་པོ་འདུག ངའི་བུ་རུལ་དང་མནའ་མ་རུལ་མ་དེ་གཉིས་གང་དུ་འདུག་གམ། ཁྱོད་གཉིས་ཀྱིས་ཁོ་ཚོ་བོས་འོངས་པ་ཡིན་ནམ། ཁོ་ཚོ་བོས་འོངས་ནས་ཅི་བྱེད། ད་ནི་མུན་ཡང་རུབ་ལ་ཉེ། ཁོ་ཚོ་ད་དུང་ཕྱིར་མི་ལོག་པ་ཅི་ཡིན་ནམ། ག་རེད། ངའི་བུ་རུལ་དང་མནའ་མ་རུལ་མ་གཉིས་ཀ ཁྱོད་གཉིས་ཀྱིས་དབྱར་ཐབ་ནང་དུ་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཕྱི་ཡི་མི་འདི་ཚོ་ཁྱོད་གཉིས་ཀྱིས་བོས་འོངས་པ་ཡིན་ནམ། མྱུར་དུ་ཁོ་ཚོ་ཕྱིར་ལོག་ཏུ་ཆུགས། ང་རང་མི་ཚོགས་ལ་སུན་པོ་འདུག ང་རང་ངའི་ཤིང་ཁང་གྲུ་བཞིའི་ནང་དུ་ལྷིང་འཇགས་ཀྱིས་བསྡད་པས་ཆོག ཝེ། ཁྱོད་གཉིས་ཀྱིས་ཐོས་བྱུང་ངམ། ཁྱོད་གཉིས་འོན་སོང་བ་ཡིན་ནམ། བུ་རུལ། རུལ་མ། ཁྱོད་གཉིས་ལ་བཤད་ཀྱིན་ཡོད། ད་དུང་ངོ་ལ་སྡུག་གང་བཟུང་སྟེ་མིག་ཆུའང་འཆོར་ལ་ཉེ། ཕྱི་རུ་མི་མང་པོས་ཁྱོད་ཀྱི་ཨ་ཕའི་ཤིང་ཁང་གྲུ་བཞིར་ལོངས་སྤྱོད་ཀྱིན་འདུག འདི་ནི་ངའི་ཤིང་ཁང་གྲུ་བཞི་ཡིན། ངེད་ཚང་གི་བཟའ་མི་ཁོ་ནས་མ་གཏོགས་ལོངས་སྤྱད་མི་ཆོག ཁྱོད་གཉིས་ལ་ཇི་ལྟར་བཤད་ཀྱང་ཨ་ལན་མེད་པ་ཅི་ཡིན་ནམ། ཁྱོད་གཉིས་ལྐུགས་སོང་བ་ཡིན་ནམ།

4

མུན་ཡོངས་སུ་རུབ་འདུག

དུ་བ་འདི་གནས་གང་ཞིག་ཏུ་འོང་གིན་འདུག ངའི་ཤིང་ཁང་གྲུ་བཞིར་མེ་ཤོར་བ་ཡིན་ནམ། མི་འདི་འདྲ་མང་བས་ཐ་མག་འཐེན་མཁན་མང་པོ་ཡོད་སྲིད། མེ་དགྲར་སེམས་ཆུང་བྱེད་དགོས། ངའི་ཤིང་ཁང་གྲུ་བཞིར་མེ་ཤོར་ན་ཅི་བྱེད་དམ། ངའི་མི་ཚེ་གང་བོར་དཀའ་སྤྱད་བྱས་པའི་འབྲས་བུ་སྐད་ཅིག་རྡུལ་དུ་བརླག་པ་མ་ཡིན་ནམ། མ་གཞིར་རྩམ་པའི་དྲི་མ་རེད། ཝེ། ཁྱིམ་ལྷས་སུ་ཚ་གསུར་ཕུད་ཟེར་མཁན་སུ་རེད། ངེད་ཚང་གི་བསང་ཁྲི་སྒོའི་ཕྱི་རོལ་ཏུ་ཡོད་པ་མ་མཐོང་ངམ། དུས་རྒྱུན་ངེད་ཚང་གིས་སྒོའི་ཕྱི་རོལ་ཏུ་ལྷ་བསང་གཏོང་བ་དང་ཚ་གསུར་ཕུད་པ་སོགས་བྱས་པ་ཡིན། དཀོན་མཆོག་གསུམ་ལ་ངས་ཀྱང་དད་པ་ལོས་བྱེད། འོན་ཀྱང་ཚ་གསུར་ཁྱིམ་ལྷས་སུ་ཕུད་མཁན་ཡོད་དམ། ཨེ། ད་མི་བཤད། ངའི་ཤིང་ཁང་གྲུ་བཞི་སྙིང་རེ་རྗེ། ད་ནི་ཁྱོད་ཚོ་ཕྱིར་རང་ཁྱིམ་དུ་ལོག་རན་འདུག མུན་ཡོངས་སུ་རུབ་འདུག ཁྱོད་ཚོ་ཕྱིར་རང་ཁྱིམ་དུ་ལོག་རོགས། ཨ་ཁུ་ལོ་ལོ་ཚོ། ངའི་ཤིང་ཁང་གྲུ་བཞི་ང་ལ་བསྐྱུར་རོགས། ཁྱོད་ཚོའི་རྣ་བ་འོན་སོང་བ་ཡིན་ནམ། ངས་ཁྱོད་ཚོར་བཤད་ཀྱིན་ཡོད། ཁྱོད་ཚོར་ཨ་ལན་མེད་པ་ཅི་ཡིན་ནམ། ཁྱོད་ཚོ་ལྐུགས་སོང་བ་ཡིན་ནམ། ཁྱོད་ཚོ་ཕྱིར་རང་ཁྱིམ་དུ་ལོག་རོགས། ཁྱོད་ཚོ་ཕྱིར་རང་ཁྱིམ་དུ་ལོག་རོགས། ཁྱོད་ཚོ་ཕྱིར་རང་ཁྱིམ་དུ་ལོག་རོགས། ད་ནི་རྒས་འདུག་ཨང་། ཤེད་ཤུགས་ཀྱིས་སྐད་ཆ་འགའ་བཤད་ནའང་དབུགས་ཐག་གིས་མི་ལྕོགས་པར་འདུག

5

ཁྱོད་ཚོས་ངའི་གློག་སྒྲོན་ཉི་མ་འདྲ་བོ་མི་དགར་བར་ཅི་བྱེད་དམ། གློག་སྒྲོན་ཉི་མ་འདྲ་བོའི་འོག་གི་ངའི་ཤིང་ཁང་གྲུ་བཞི་ལྷག་ཏུ་ལྟ་ན་སྡུག

བུ་རུལ། ཁྱོད་ཀྱིས་བྲེལ་སྟབས་ཀྱིས་ཕྱི་རོལ་ཏུ་ཁུར་འགྲོ་བཞིན་པ་དེ་ཅི་ཡིན་ནམ།

མི་དེའི་ངོ་གདོང……གནམ་རྒན་མ། ཁྱོད་ཀྱིས་ངའི་ལུས་པོ་ཁུར་ནས་གང་དུ་འགྲོའམ།

ཁོ་ཚོས་ངའི་མིང་ནས་བཟུང་སྟེ་ངུ་འབོད་བྱེད་ཀྱིན་འདུག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།