ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཨ་མའི་ཨར་ཁང་གི་མིག་ཆུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མི་སྐྱ་མགོན་རྒྱལ།   སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འདི་དག་ལ་གྲོང་ཁྱེར་འདིའི་ནམ་མཁའ་སྤྲིན་པས་བསྒྲིབས་ནས་ཉི་འོད་ཅིག་མིག་གིས་མཐོང་མ་ཐུབ་པས། ངས་ཉི་འོད་ཅིག་ལ་ཤིན་ཏུ་རེ་སྒུག་བྱེད་ཅིང་སྐབས་རེར་སྒེའུ་ཁུང་བརྒྱུད་ནས་ཕྱི་ལ་ལྟ་དུས། ལམ་འགྲམ་གྱི་སྡོང་ལོ་དག་ཀྱང་སྐྱོ་ལྷང་ངེར་སུ་དང་བྲལ་བ་བཞིན་ཐང་ལ་ལྷུང་ནས་འདུག་པས། ངས་གོམས་ཕྱོགས་ལྟར་གྱང་ངོས་ཀྱི་ཨ་མ་རྒན་མོའི་ཞལ་རིས་ལ་བལྟས་པ་ཡིན།

ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་བོད་ཨ་མའི་ཨར་ཁང་ནི་གྲོང་ཁྱེར་གྱི་བོད་པ་ཚོར་ཁ་གཏད་ནས་སྒོ་ཕྱེས་པ་ཞིག་ཡིན་ལ། ནང་དུ་སློབ་གྲོགས་དང་ཡུལ་གྲོགས་འདུ་འཛོམས་སོགས་བྱས་ན་ཤིན་ཏུ་འཚམ་པའི་གནས་ཤིག་ཡིན་པར་མ་ཟད། གཉེན་སྟོན་གྱི་རིགས་ནས་མཛའ་གྲོགས་ཚོའི་དུས་ཆད་བྱེད་ན་ཡང་དེ་དང་འཚམ་པའི་ཁང་མིག་མང་པོ་འདིའི་ནང་དུ་འཛོམས་ཡོད། ཨར་ཁང་འདིའི་ནང་དུ་འཛུལ་མ་ཐག་མདུན་ཐད་ཀྱི་གྱང་ངོར་བཀལ་ཡོད་པའི་ཨ་མ་རྒན་མོའི་འཇིམ་བརྐོས་དེ་ནམ་རྒྱུན་གསལ་བོར་མཐོང་ཐུབ། འཇིམ་བརྐོས་དེའི་གོང་དུ་གློག་སྒྲོན་གསལ་བོ་ཞིག་བཀར་ཡོད་ལ་ཞོལ་དུ“བོད་ཨ་མའི་ཨར་ཁང”ཞེས་དབུ་མེད་ཀྱི་ཡིག་གཟུགས་འབུར་གཟུགས་སུ་བརྐོས་པ་ཞིག་བཀལ་ཡོད།

ངས་ཨར་ཁང་དེར་རྩིས་སྤྲོད་ཀྱི་ལས་ཀ་གཉེར་བཞིན་ཡོད་པས། སྒོ་ནས་ཡར་བུད་མ་ཐག་གཡོན་ཕྱོགས་སུ་ཡོད་པའི་བཅད་སྟེགས་དེའི་སྟེང་དུ་ལངས་ལངས་སུ་བསྡད་ཡོད། དེ་རུ་བསྡད་ན་མགྲོན་པོ་མང་ནས་ཁོམ་ལོང་མེད་པ་ཞིག་མིན་ལ་ཉུང་ནས་ཁོམ་དྲགས་པ་ཞིག་ཀྱང་མིན། རེས་ཆད་རེས་ཡོང་གི་མགྲོན་པོ་དེ་དག་ལ་བསྒུགས་པའི་བར་གསེང་རེ་རེར་ངས་སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་ཏུ་བལྟས་ཀྱང་བྲེལ་འཚུབ་ཀྱི་མི་ཚོགས་དང་རྣམ་ཤེས་བོར་བའི་སྡོང་ལོ་འཁྱམ་པོ་དག་ལས་གང་ཡང་མཐོང་རྒྱུ་མེད་པས་ང་རང་གྱང་ངོས་ཀྱི་ཨ་མ་རྒན་མོར་བལྟ་རྒྱུ་ཞིག་གོམས་སོང་།

ང་རང་འདུག་ས་དེ་ནས་ཡར་གྱེན་གསེག་ཏུ་བལྟས་ན་ཨ་མ་རྒན་མོའི་འཇིམ་བརྐོས་དེ་ངའི་མིག་ལམ་ཏུ་ལྷང་ངེར་མངོན་ཐུབ། ཨ་མ་རྒན་མོའི་ཞལ་རིས་ནི་བྱམས་བརྩེ་དང་དྲོད་ཁོལ་གྱིས་ཁེངས་ཡོད་ལ། མོའི་བྱམས་བརྩེའི་ཞལ་རས་ཀྱིས་ད་ལྟའི་བར་མི་མང་པོ་ཞིག་ནང་དུ་བསུས་ཤིང་ཕྱི་རུ་སྐྱེལ་མ་བྱས་མོད། འདིའི་ནང་དུ་ཡོང་བའི་མི་སུ་ཞིག་གིས་མོའི་ཞལ་རིས་དེ་ལ་ཐུགས་འཇོག་གནང་ཡོད་ཨང་། གལ་ཏེ་ང་ཡང་འདིའི་མགྲོན་པོ་ཞིག་ཡིན་ཚེ་ངས་གྱང་ངོས་ཀྱི་ཨ་མའི་བྱམས་བརྩེའི་ཞལ་རིས་དེ་ལ་ཉམས་འཇོག་སྲིད་དམ།དང་ཐོག་ང་རང་འདི་རུ་ཐོན་དུས་ངས་ཨ་མའི་ཞལ་རིས་དེ་མཐོང་བ་ཙམ་ལས། མོའི་ཞལ་རིས་དེའི་ཕུགས་ཀྱི་བྱམས་བརྩེ་དང་དྲོད་ཁོལ་དེ་མཐོང་མ་སོང་། ད་ལྟ་འདི་ནས་ཡར་གྱེན་གསེག་ཏུ་བལྟས་ཀྱིན་བལྟས་ཀྱིན་དུ་ངས་བྱམས་བརྩེ་དེ་མཐོང་བར་མ་ཟད། ད་དུང་རང་གི་ཨ་མ་ཡིད་ལ་དྲན་འོང་ཞིང་། མྱུར་དུ་ཨ་མ་ཞིག་ཏུ་འགྱུར་སྲིད་པའི་ངའི་ཨ་ཅེ་ཡང་ཡིད་ལ་དྲན་འོངས།

གངས་འཚོ་དང་ངེད་གཉིས་ཀྱིས་དེ་རིང་གི་ལས་ཀ་སྣ་ཚོགས་ལས་ཚར་རྗེས་རང་གཉིས་ཀྱི་མལ་ཁང་ནང་དུ་ལོག་པ་ཡིན། མལ་ཁང་དུ་ཐོན་མ་ཐག་མོར་མི་ཞིག་གིས་ཁ་པར་ཐོན་སོང་བས་ཕྱི་རུ་བུད་སོང་། དེ་ནས་ཕྱིར་ནང་དུ་ཐོན་མ་ཐག་མོས་ཅུང་ཁ་སྐྱེངས་པའི་ངང་མོ་དོ་དགོང་ཕྱི་རུ་གྲོགས་པོ་ཞིག་གི་སར་འགྲོ་དགོས་ཚུལ་ལབ་སོང་བར། ངས་ཀྱང་གྲོགས་པོ་དེ་ཕོ་མོ་སུ་ཡིན་དང་འབྲེལ་ཏེ་ཀུ་རེ་ཞིག་བརྩེ་བསམ་མོད་ངེད་གཉིས་ད་དུང་དེ་འདྲ་ཞིག་འདྲིས་མེད་པས། སང་ཉིན་རྗེས་སུ་ལུས་མི་ཉན་ཚུལ་ལབ་ནས་བདེ་མོ་བཞག་པ་ཡིན།

མོ་སོང་རྗེས་སུ་མལ་ཁང་ནང་སྔར་ལས་ལྷིང་འཇགས་སུ་གྱུར་ཏེ་ང་ལ་ཅི་ཡང་བྱེད་རྒྱུ་མི་འདུག་པས། མྱུར་དུ་མལ་སར་ཉལ་ནས་གཉིད་བསམ་མོད། གཅིག་པུར་སྡོད་དུས་སེམས་འདི་རྟ་རྒོད་བཞིན་འགོག་ཐབས་མེད་པར། དེ་རིང་གངས་འཚོ་འབོད་མཁན་དེ་དངོས་གནས་སུ་ཡིན་མིན་དང་འབྲེལ་ནས་ང་རང་ཕྱིར་དྲན་གྱི་ཀློང་ལ་ཞུགས་སོང་།

གཟའ་རེའི་གཟའ་མཇུག་ནི་བོད་ཨ་མའི་ཨར་ཁང་དུ་མགྲོན་པོ་ཆེས་མང་བའི་དུས་ཡིན་ལ་མང་ཆེ་ཤས་སློབ་ཆེན་གྱི་སློབ་མ་ཡིན། ངེད་ཚང་གི་སྦྱིན་བདག་ལ་སློབ་ཆེན་ནང་དུ་གྲོགས་པོ་མང་པོ་ཡོད་པས་ཁོ་ཚོས་ཡུལ་མི་ལྷན་འཛོམས་ནས་གྲོགས་པོ་འདུ་འཛོམས། བགྲོ་གླེང་སྣ་ཚོགས་སོགས་གནས་འདུ་རུ་སྤེལ་གྱིན་ཡོད་ལ། སྦྱིན་བདག་གི་གྲོགས་པོ་དག་ལ་ཨར་ཁང་གིVIPབྱང་བུ་རེ་ཡང་བྱིན་ཡོད། གོ་ཐོས་སུ་མིག་དམར་ནི་སློབ་ཆེན་དུ་མིང་ཅུང་ཙམ་ཡོད་པའི“ཡོན་ཏན་པ”ཞིག་རེད་ལ། སྦྱིན་བདག་གིVIP བྱང་བུ་ལོངས་སུ་སྤྱོད་མཁན་ཞིག་ཀྱང་ཡིན་པས། ཁོ་གཟའ་མཇུག་རེར་གནས་འདི་རུ་མི་ཡོང་དུས་མེད་ལ་གངས་འཚོ་འདི་རུ་ཡོང་ཉིན་ནས་ཁོ་ཡོང་ཐེངས་ལྷག་ཏུ་ཇེ་མང་ནས་ཇེ་མང་དུ་ཕྱིན།

ངས་ཁོ་རང་ཐོག་དང་པོར་མཐོང་དུས་ནི་ཨར་ཁང་གི་འབྲོང་སྟག་ཐང་ཁང་མིག་ནང་དུ་སྤེལ་བའི“བོད་ཀྱི་བྱིས་པ་དང་བྱིས་སྒྲུང”ཟེར་བའི་གླེང་སྟེགས་དེའི་སྟེང་ཡིན། སྐབས་དེར་མགྲོན་པོ་ཞིག་ཡོང་ནས་ཁོས་སང་ཉིན་ནོར་བུ་གླིང་ག་ཁང་མིག་སྔོན་མངགས་བྱེད་དགོས་པ་ནས། ཚོང་བདག་དང་དངོས་སུ་ཐུགས་དགོས་ཚུལ་བཤད་བྱུང་བས་ང་རང་ཚོང་བདག་འཚོལ་དུ་སོང་བ་ཡིན། སྐབས་དེར་འབྲོང་སྟག་ཐང་ཁང་མིག་ནང་དུ་མིག་དམར་གྱིས་ལག་པའི་ཕྱག་བརྒྱ་སྣ་ཚོགས་སྟོན་ཞོར་བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་ཡིན་ལ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་ན་སྤྱི་ཚོགས་དང་སློབ་གྲྭ། ཁྱིམ་ཚང་བཅས་ནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཚུལ་ནས་ང་ཚོ་བོད་ཀྱི་བྱིས་པ་ཚོར་བྱིས་པའི་དཔེ་དེབ་མེད་ཚུལ་ལ་སོགས་སྐད་གསང་མཐོན་པོས་བཤད་བཞིན་འདུག ང་ལ་མཚོན་ན་ཚོང་བདག་ལ་བརྡ་བརྒྱབ་རྗེས་ཕྱིར་མྱུར་དུ་རྩིས་སྤྲོད་སྟེགས་བུར་འགྲོ་དགོས་པས། གཏམ་བཤད་འདིའི་མཇུག་ཡོངས་རྫོགས་ལ་ཉན་མ་ཐུབ་པར་སྐབས་དེར་འཁང་སེམས་ཤིག་ཡོད་ཡོད་འདྲ་མོད། ཕྱི་ཉིན་འཕྲིན་སྟེགས་དག་གི་སྟེང་ན་གཏམ་བཤད་འདི་ལ་སྤེལ་ལུང་སྤེལ་བྱེད་དུས། ངས་དེ་བརྒྱུད་བསྐུར་རེ་བྱས་པ་ལས་རང་ཉིད་ཀྱིས་ཀྱང་མ་ཉན།

གཟའ་འདིའི་སྔོན་མར་མིག་དམར་གྱིས་གངས་འཚོ་ཁྲིད་ཡོང་ནས་ཚོང་བདག་དང་ཁ་བརྡ་རེ་བྱས་རྗེས་གངས་འཚོ་ཨར་ཁང་འདིའི་ཞབས་ཞུ་མ་རུ་བསྡད་སོང་། སྐབས་དེར་ཏག་ཏག་ངའི་མལ་ཁང་ནང་དུ་མལ་ཁྲི་ལྷག་མ་ཞིག་ཀྱང་ཡོད་པས་ངེད་གཉིས་མལ་གྲོགས་སུ་གྱུར་པ་དང་། མོ་ཡོང་བ་ནས་ངའི་དགོང་མོའི་ཁེར་རྐྱང་གི་སྐྱོ་བ་དེ་སེལ་བར་བྱས་མོད། དོ་དགོང་ཡང་བསྐྱར་ཁེར་རྐྱང་དུ་ལུས་པས་ང་ལ་དྲན་རྒྱུ་ཇེ་མང་ནས་རྣམ་རིག་ཇེ་གསལ་དུ་འགྲོ་བཞིན་པའི་ཚོར་བ་བྱུང་།

ངས་སྔས་འོག་གི་ཁ་པར་བླངས་ནས་དུས་ཚོད་ལ་ལྟ་དུས་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀར་སླེབས་འདུག སང་ཉིན་གྱི་ལས་ཀ་དག་དྲན་འོང་ན་ལུས་ཡོངས་ལ་ཆད་སྣང་གིས་ཁྱབ་ཅིང་། ལྷག་ཏུ་སྔ་མོར་དུས་ཚོད་དྲུག་སྟེང་དུ་ལངས་དགོས་པ་དེ་དྲན་ན། མགོ་བོ་ན་ནས་གངས་འཚོ་སོང་ཤུལ་དུ་རང་ཉིད་མ་གཉིད་པར་གླེན་འདང་བརྒྱབ་པ་དག་ལ་འགྱོད་པ་སྐྱེས་པ་ཞིག་རེད། མུན་པ་འདིའི་གསེབ་ཏུ་ང་དང་མཉམ་དུ་མི་མང་པོ་ཞིག་ཀྱང་མ་གཉིད་པར་བསྡད་ཡོད་ངེས་མོད། དེ་དག་ནི་ང་དང་འདྲ་བར་སྔ་མོ་ནས་མ་གཉིད་པར་འགྱོད་པ་སྐྱེ་སྲིད་དམ། གངས་འཚོ་ད་ལྟ་གང་ཞིག་ཏུ་གཉིད་ཨེ་ཡོད་དམ་ལ་སོགས་པ་དྲན་ཞོར་ང་རང་གཉིད་ཀྱི་ཞིང་ཁམས་སུ་བཞུད་སོང་།

ཕྱི་ཉིན་ང་རང་སྔ་མོར་ལངས་ནས་བཅད་སྟེགས་སྟེང་གི་འཛིན་ཡིག་འབྲི་དེབ་སོགས་ལ་བདག་བྱེད་ཞོར། སྒེའུ་ཁུང་བརྒྱུད་ནས་ཕྱི་ལ་ལྟ་དུས། སྡོང་ལོ་དག་རང་གི་གནས་མལ་དང་བྲལ་བ་ལྟར་གང་སར་དངངས་འཚུབ་ཀྱིས་རྒྱུ་བཞིན་འདུག དེ་དུས་ངས་ལམ་གྱི་ཕར་ཕྱོགས་ནས་གངས་འཚོ་ཚུར་ཡོང་བཞིན་པ་མཐོང་མ་ཐག ཕར་གྱི་སྡོང་བོ་དེ་གཉིས་ཀྱི་བར་གསེང་ནས་མིག་དམར་ཕྱིར་འགྲོ་བཞིན་པ་ཡང་མཐོང་སོང་བས། ངས་དོན་དག་གང་ཞིག་གཞི་ནས་ཧ་གོ་སོང་ལ། གངས་འཚོ་དང་ཁོ་གཉིས་ཀྱི་འདས་སོང་ཡང་ཡ་མཚན་ཤེས་འདོད་ཆེ་སོང་། དགོང་མོར་མལ་ཁང་དུ་དེ་དག་འདྲི་བསམས་ནས་ཡོད་དུས། གངས་འཚོ་ཡང་ནང་དུ་ཐོན། ཁོ་མོ་ནང་དུ་ཐོན་མ་ཐག་ང་ལ་མི་ལྟ་བར་གྱང་ངོས་ཀྱི་ཨ་མ་རྒན་མོར་རེ་ཞིག་བལྟས་ནས་བསྡད་བྱུང་། ད་བར་དུ་སྒོ་འདི་ནས་ཡར་ཡོང་མཁན་ཞིག་གིས་ཨ་མ་རྒན་མོའི་ཞལ་རིས་ལ་བལྟས་ནས་འདུག་མཁན་ཞིག་ཡོད་མ་མྱོང་ལ། དེ་འདྲའི་གཟབ་ནན་གྱི་ཅེར་སྟངས་ལ་བལྟས་ནས་ང་རང་ལྷག་ཏུ་ཡ་མཚན་སྐྱེས་བྱུང་། མོས་ཨ་མ་རྒན་མོའི་བྱམས་བརྩེའི་ཞལ་རིས་དེ་ལ་ལྟ་བ་ཡིན་ནམ་དེ་ལས་རང་གི་ཨ་མ་དྲན་པ་ཡིན། ཡང་ན་ང་དང་འདྲ་བར་མྱུར་དུ་ཨ་མ་ཞིག་ཏུ་འགྱུར་སྲིད་པའི་མི་གཞན་ཞིག་དྲན་པ་ཡིན་ནམ།

དགོང་མོར་མལ་ཁང་དུ་ཐོན་མ་ཐག་ངེད་གཉིས་ཀྱིས་གློག་སྒྲོན་གཟིམ་རྗེས་ཁ་བརྡ་གང་མང་བྱས་པ་ཡིན། ཁ་བརྡ་དེ་དག་བྱེད་སྐབས་དང་བྱས་ཚར་རྗེས་གང་ཡིན་ཡང་ངའི་སེམས་སུ།

“ན་ཕྲ་དུས་ལོ་གཞོན་དུས།

འུ་ཚོར་ཡིད་དུ་འོང་བའི་རྨི་ལམ་ཞིག་ཡོད།

རྨི་ལམ་ནང་དུ།

ང་ཚོ་ཐེངས་མང་པོ་མཉམ་དུ་འཕུར་ཞིང་ལྡིང་།

རེ་སྨོན་དྲག་པོས་ཁེངས་པའི།

རེས་གསལ་རེས་མོག་གི་ཕུགས་བསམ་གླེང་ནས།

མཚན་མོའི་མུན་པ་དགོད་སྒྲས་ཕར་ལ་བསྐྱལ……”

ཞེས་པའི་གཡུ་འབྲུག་ཚན་སྡེབ་ཀྱི་གླུ་དབྱངས་དེ་དྲན་འོངས་པས། ངས་ཁོ་མོར་གཡུ་འབྲུག་གི་གླུ་དབྱངས་དེ་བསྐུར་རྗེས་གཉིད་དུ་ཡུར་བ་ཡིན།

ཁ་བརྡ་ལས་ངས་གངས་འཚོ་ནི་ང་དང་འདྲ་བར་དངོས་གཞི་ལ་རྒྱུགས་མ་འཕྲོད་པར་ལག་རྩལ་སློབ་གྲྭ་ཞིག་ཏུ་འགྲིམས་ནས་མཐར་ཕྱིན་པ་ཤེས་སོང་ལ། ངེད་གཉིས་ཀྱི་མི་འདྲ་ས་ནི་མོའི་ཆེད་ལས་ནི་གནའ་རྫས་རྟོག་ཞིབ་ཀྱི་སྐོར་རེད་ལ།ངའི་ཆེད་ལས་ནི་ཆང་ཁང་དོ་དམ་གྱི་སྐོར་ཡིན་པ་དེའོ། ། ད་དུང་ཡང་འདྲ་ས་ཞིག་ཡོད་པ་ནི་ངེད་གཉིས་ཀྱིས་ད་ལྟ་རང་གི་ཆེད་ལས་ཟེར་བ་དེ་གཡུགས་ནས་འདི་རུ་ཞབས་ཞུ་བྱེད་ཀྱིན་པ་དེ་རེད། འདི་ནི་དགའ་ཁ་འཁྱེར་ཕྱོགས་ཀྱི་གདམ་གསེས་ཤིག་ཡིན་ནམ་མ་གདམ་ཐུ་མེད་ཀྱི་གདམ་གསེས་ཤིག་ཡིན་པ་ངེད་གཉིས་ཀྱི་སེམས་སུ་གསལ་བོར་བརྐོས་ཡོད། ཁ་བརྡ་འདི་དག་ལ་སྡུག་ཡུས་དང་འདྲེས་པའི་སྐྱོ་བ་མང་པས། བར་སྐབས་ཤིག་ལ་ངས་རང་གི་ཤེས་འདོད་པའི་མིག་དམར་དང་ཁོ་གཉིས་ཀྱི་འབྲེལ་བའི་སྐོར་དེ་གངས་འཚོ་ལ་དྲིས་པ་ཡིན། མོ་དང་ཐོག་ཡ་ང་བའམ་ངོ་ཚ་བ་གང་ཡིན་པ་མི་ཤེས་མོད། ཅུང་ཙམ་རེ་ལས་བཤད་མ་སོང་། དེ་ནས་ངས་ཡང་དང་བསྐྱར་དུ་དྲིས་པས། མོས་ང་ལ་ཁོ་གཉིས་ཀྱི་འབྲེལ་བ་ཁ་ཚང་ཞིག་བཤད་བྱུང་།

ཁོ་གཉིས་ནི་མཐོ་འབྲིང་གི་སློབ་གྲོགས་ཡིན་པར་མ་ཟད། མཐོ་འབྲིང་གི་སྐབས་དེ་ནས་བཟུང་དགའ་རོགས་ཡིན་འདུག མཐོ་རྒྱུགས་སྐབས་སུ་མིག་དམར་གྱིས་གྲ་སྒྲིག་འཛིན་གྲྭར་རྒྱུགས་འཕྲོད་ནས་ཕྱི་ལོར་དངོས་སུ་སློབ་ཆེན་གྱི་སྒོ་ཐེམ་འགྲིམས་པ་དང་། གངས་འཚོ་མིག་དམར་དང་གྲོང་ཁྱེར་གཅིག་པའི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་འགྲིམས་ནས། མིག་དམར་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་མོ་རང་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན་འདུག ད་བར་དུ་ཡུལ་ནས་གཞུང་ཞབས་པའི་རྒྱུགས་ནས་དགེ་རྒན་གྱི་དཔང་ཡིག་ལེན་པའི་རྒྱུགས་སོགས་གང་ལ་ཞུགས་ཀྱང་རྒྱུགས་འཕྲོད་པའི་རེ་བ་མི་འདུག་པས། མིག་དམར་གྱིས་བཙལ་བའི་ཨར་ཁང་འདི་རུ་ཞབས་ཞུ་བྱེད་དུ་ཡོང་ཚུལ་བཤད་བྱུང་། ད་དུང་ཆེས་མཐའ་མར་མོས“ཚེ་གང་བོར་འདི་ནས་ཞབས་ཞུ་བྱས་ནས་འདུག་དགོས་སམ་ཡང་ན་གཞན་གང་ཞིག་ལ་བསྙེགས་ནས་འགྲོ་འམ”ཞེས་ཐང་ཆད་པའི་ངང་དྲི་བ་དེ་ཁང་མིག་འདིའི་མུན་ནག་གི་ཁམས་སུ་གཏོར་དུས། ངས་མོ་ལ་ཀུ་རེའི་ཚུལ་དུ“ང་ཚོ་ཕྱིར་ཡུལ་དུ་སོང་ནས་ཕྱུགས་འཚོས་ཆོག དེ་ནི་ང་ཚོའི་འཚོ་བ་དངོས་མ་ཡིན་ནམ”ཞེས་བཤད་རྗེས།ངའི་སེམས་སུ་གྲོང་ཁྱེར་འདིའི་བར་གསེང་དུ་རྨི་ལམ་གྱི་ཆེད་འདུར་རྒྱུག་ལ་བྲེལ་བའི་ན་གཞོན་ཚོས་ང་དང་འདྲ་བར་ཕ་ཡུལ་གྱི་བག་ཡངས་ལ་སོས་དལ་བའི་འཚོ་བ་དེར་སྨོན་སྲིད་མོད།ལོག་ཐབས་མེད་པ་ནི་སྡུག་བསྔལ་ཞིག་མ་རེད་དམ་འདོད་སོང་།

ཕྱི་ཉིན་ཉིན་གུང་གི་མཚམས་སུ་ང་ལ་ཡུལ་ནས་ཁ་པར་ཡོང་སྟེ་ཨ་ཅེས་བྱིས་པ་བཙས་ཟིན་པས་ཁྱོད་ཁོམ་པ་ཡོད་དུས་ཡུལ་ལ་བལྟ་རུ་ཤོག་ཅེས་ཨ་ཕས་བཤད་བྱུང་བས། ངས་ཚོང་བདག་ལ་གནང་བ་ཞུས་ནས་ཡུལ་དུ་ལོག་པ་ཡིན། ཡུལ་ལ་ལོག་སྐབས་གཟའ་མཇུག་ལ་ཁེལ་ཡོད་པས་ཚོང་བདག་གིས་ཅུང་ཙམ་མིན་ན་གནང་བ་མ་བྱིན་མོད། མིག་དམར་ལ་མཚོན་ན་གངས་འཚོ་ཡོང་ཉིན་ནས་ཨར་ཁང་འདི་རང་ཁྱིམ་ལྟ་བུར་གྱུར་ཡོད་པས་ང་སོང་ཤུལ་དུ་བཅད་སྟེགས་སྟེང་མོ་འདུག་ཅེས་ཁས་ལེན་བྱས་པར་མ་ཟད། གཟའ་ཉི་མའི་ཉིན་བར་ང་རང་ཡོང་མི་དགོས་རབས་མང་པོ་བཤད་སོང་བས།ངས“ཕྱིར་ཡོང་ན་ཁྱོད་ལ་མགྲོན་ཡིད་ཚིམས་པ་ཞིག་བྱེད་ངེས་ཡིན”ཞེས་བཤད་རྗེས་ཡུལ་དུ་ཕྱིན་པ་ཡིན།

ང་རང་ཡུལ་དུ་ཐོན་དུས་ཁྱིམ་མི་ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་འདུག དེ་ནི་ངེད་ཚང་ལ་བུ་ཞིག་སྐྱེས་པས་རེད། ཡིན་ཡང་ངས་བྱིས་པ་དེ་མཐོང་དུས་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་དང་མཉམ་དུ་སེམས་ཁུར་གཞན་ཞིག་བྱུང་སོང་། དེ་ནི་ངེད་ཚང་ལ་མཚོན་ན་བུ་ཞིག་སྐྱེས་པས་དགའ་སྤྲོ་མཚོན་དུ་མེད་པ་ཞིག་ཡོད་མོད། ཁོ་རང་ནར་སོན་གྱི་གོ་རིམ་ཁྲོད་རང་གི་ཨ་ཕ་དངོས་དེ་ནམ་ཡང་ངོས་འཛིན་ས་ཞིག་མེད་ཚུལ་དྲན་ན། ང་ལ་སེམས་ཁུར་གཞན་དེ་ཡང་མི་སྐྱེས་རང་སྐྱེས་རེད། ཡིན་ཡང་། ཁྱིམ་མི་ཚོའི་མདུན་དུ་ངས་དེའི་ཕྱོགས་ཀྱི་ཚིག་ཟུར་ཙམ་ཡང་མ་གླེང་ལ་ཕྱིར་ཡོང་རག་བར་དུ་དགའ་དགའ་སྤྲོ་སྤྲོའི་ངང་འདའ་བར་བྱས་པ་ཡིན།

གཟའ་ཉི་མའི་ཕྱི་དྲོར་ང་རང་ཕྱིར་ཨར་ཁང་དུ་ལོག་པ་ཡིན། ཨར་ཁང་དུ་འཛུལ་མ་ཐག་གཡོན་ཕྱོགས་ཀྱི་བཅད་སྟེགས་སྟེང་དུ་མིག་དམར་དང་གངས་འཚོ་གཉིས་ཀྱིས་ཁ་བརྡ་བྱས་ནས་འདུག་ལ། ང་རང་མཐོང་མ་ཐག་ཁོ་གཉིས་ཅུང་དོགས་མི་བདེ་བ་ལྟར་ཕྱི་ནུར་རེ་བྱས་རྗེས་ང་ལ་འཚམས་འདྲི་བྱས་སོང་། ངས་དངོས་པོ་དག་མལ་ཁང་དུ་བཞག་རྗེས་མྱུར་དུ་ཡོང་ཞེས་བཤད་རྗེས་མལ་ཁང་དུ་ཕྱིན་པ་ཡིན། མལ་ཁང་དུ་ཕྱིན་ནས་འདྲུད་སྒམ་ཆུང་བ་དེ་མལ་ཁྲིའི་འོག་ཏུ་འཇོག་དུས་དེ་རུVIPབྱང་བུ་ཞིག་འདུག་པས་ངས་དེ་ཁྱེར་ཡོང་ནས་གངས་འཚོ་ལ་མོའི་ཡིན་མིན་འདྲི་དུས། མིག་དམར་གྱིས་གློ་བུར་དུ་གང་ཞིག་དྲན་སོང་བ་ལྟར་རང་གི་གློ་ཁུག་ནང་ལག་སྙོབས་ཤིག་བྱས་རྗེས། “ངའི་རེད”ཅེས་བཤད་བྱུང་། དེ་ནས་ངས་ཀུ་རེའི་ཚུལ་དུ་མིག་དམར་ལ“ཁྱོད་ཀྱི་བྱང་བུ་ངའི་མལ་ཁྲིའི་འོག་ཏུ་ཇི་ལྟར་ལྷུང་བ་ཡིན་ནམ”ཞེས་འདྲི་ཞོར་གངས་འཚོ་ལ་ཡང་མིག་བརྡ་ཞིག་བསྟན་པ་ན། ང་རང་ལ་མིག་འཕྲུལ་བྱུང་བ་མིན་ན་གྱང་ངོས་ཀྱི་ཨ་མ་རྒན་མོའི་འཇིམ་རྐོས་དེས་ང་ལ་མིག་བརྡ་ཞིག་འཕངས་སོང་བས། ང་རང་ཧ་ལས་པར་བྱས་སོང་། གངས་འཚོས་ང་སྒུལ་ཙམ་བྱས་པ་མ་གཏོགས་ངས་ཁོ་གཉིས་ལ་ཀུ་རེ་བརྩེས་པ་དེ་ཡང་བརྗེད་པར་གྱུར་ནས་ཨ་མ་རྒན་མོར་ཅེར་འདུག དེ་ནས་ངས་ཀྱང་དྲན་སོས་པ་ལྟར་སྐད་ཆས་མཇུག་སྐྱོང་བསམ་དུས། མིག་དམར་གྱིས་སྔོན་ལ་ང་རང་ཕྱིར་སློབ་གྲྭར་མ་སོང་ན་དགོང་ཚོགས་ཀྱི་རྗེས་སུ་ལུས་འགྲོ་ཚུལ་བཤད་ཞོར་འགྲོ་གྲབས་བྱས་སོང་བས། ངས་ཁོ་ལ་གཟའ་རྗེས་མར་ཤོག་དང་མགྲོན་བྱེད་རྒྱུ་བརྗེད་མེད་ཅེས་བདེ་མོ་བཞག་པ་ཡིན།

ཁོ་རང་སོང་ཤུལ་དུ་གངས་འཚོར་དོན་ཅི་ཞིག་བྱུང་བ་ལྟར་སྐབས་རེར་ཧད་ནས་འདུག་ལ། སྐབས་རེར་ཁ་པར་བླངས་ནས་ཅི་ཞིག་འཚོལ་བཞིན་པའམ་མི་ཞིག་ལ་ཁ་བརྡ་བྱེད་པ་ཅི་ཡིན་མི་ཤེས་མོད། གང་ལྟར་མོ་དེ་རིང་རྒྱུན་ལྡན་ཞིག་མིན་པའི་ཚོར་སྣང་བྱུང་སོང་། ངེད་གཉིས་ཀྱིས་རང་རང་གི་ལས་ཀ་བསྒྲུབས་ཚར་རྗེས། དགོང་མོའི་ཆུ་ཚོད་བཅུ་གཅིག་སྟེང་རྒྱུན་ལྡན་ལྟར་གཟའ་རེའི་ཚོགས་འདུ་ལ་ཞུགས་རྗེས་ཕྱིར་མལ་ཁང་དུ་ལོག་པ་ཡིན། ཚོགས་འདུ་དེ་ནི་གཟའ་རེའི་གཟའ་ཉི་མའི་དགོང་མོར་ཨར་ཁང་གི་ལས་བཟོ་པ་ཡོངས་འཚོགས་ནས་གཟའ་དེའི་ལས་ཀར་སྤྱི་སྡོམ་བྱེད་པ་ཞིག་ཡིན།

མལ་ཁང་དུ་ཐོན་ནས་ངས་མོ་ལ་མིག་དམར་གྱིVIPབྱང་བུ་གླེང་བ་ན་མོ་ཅུང་ངོ་ཚ་ཞོར་ཅི་ཡང་བཤད་རྒྱུ་མི་འདུག་ལ། མྱུར་དུ་ཉལ་རྗེས་ཁ་པར་ནང་དུ་མི་ཞིག་དང་ཁ་བརྡ་གློད་རྒྱུ་ལས་ང་ལ་དེ་འདྲའི་ཁ་ཡ་བྱེད་ཁོམ་མེད་པ་ལྟར་བྱེད་པས། ང་རང་ཕར་གྱང་ཕྱོགས་སུ་འཁོར་ནས་གཉིད་ཐབས་བྱས་པ་ཡིན།

གཉིད་ནས་ཅུང་ཙམ་འགོར་རྗེས་ངས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་ནང་དུ་གངས་ཚོ་དང་ངེད་གཉིས་ཨ་མ་རྒན་མོ་ཞིག་གི་བུ་མོ་ཡིན་པར་མ་ཟད། ངའི་ཨ་ཅེ་གངས་འཚོར་གཉེན་མ་བསྒྲིགས་གོང་བྱིས་པ་ཞིག་སྐྱེས་པས་ཨ་མས་དེའི་ཨ་ཕ་སུ་ཡིན་ཤེས་ཆེད་དུ། ཨ་ཅེ་ལ་འདྲི་བ་དང་ཡར་མར་ལ་འདྲི་བ་སོགས་གང་བྱས་རུང་ཤེས་ཐབས་མ་བྱུང་བས། ཨ་མ་ལགས་ཤིན་ཏུ་སྐྱོ་ནས་ཚེ་ལས་འདས་སོང་ལ། ཚེ་ལས་འདས་རྗེས་ཨ་མའི་བེམ་པོ་འཇིམ་པ་ཞིག་ཏུ་གྱུར་སོང་བས་ཨ་ལགས་ཚང་གི་གསུང་ལྟར་ངེད་ཚང་གི་རྒྱབ་རིའི་སྟེང་དུ་ཚ་ཚ་མང་པོ་དཔར་ནས་དེའི་ནང་དུ་བཞག་སོང་། འོན་ཀྱང་། ང་རང་ཆེས་ཡ་མཚན་པ་ནི་རྨི་ལམ་ནང་གི་ངའི་ཨ་མ་དང་གྱང་ངོས་ཀྱི་ཨ་མའི་འཇིམ་རྐོས་དེ་གཉིས་མི་གཅིག་ལྟར་ཅི་འདྲའི་མཚུངས་ལ་ཉིན་འགའི་སྔོན་གྱི་མིག་མདའ་དེ་ཡང་ང་ལ་མིག་འཕྲུལ་བྱུང་བ་ཡིན་ནམ་དོན་དངོས་ཡིན་ཨང་སྙམ་བྱུང་།

ཕྱི་ཉིན་སྔ་དྲོར་ཅོང་གྲགས་དུས་གངས་འཚོ་ཉིན་རྒྱུན་དང་མི་འདྲ་བར་མྱུར་དུ་ལངས་ནས་ཁ་ངོ་བཀྲུས་ཚར་བར་མ་ཟད། མལ་ཁྲིའི་སྟེང་དུ་བསྡད་དེ་ཧད་ནས་འདུག་ལ་ངས་ཅི་བྱུང་བ་དྲིས་པ་ན། མོས་ཅི་ཡང་མ་རེད་ཟེར་བ་ལས་གང་ཡང་བཤད་མ་བྱུང་བས། ངས་ཁ་ངོ་བཀྲུས་ཚར་རྗེས་ངེད་གཉིས་མཉམ་དུ་རང་རང་གི་ལས་ཀ་སྒྲུབ་ཏུ་སོང་བ་ཡིན།

ཉིན་གུང་གི་དུས་སུ་ང་མལ་ཁང་དུ་ཐོན་དུས་མོ་སྔ་མོ་ནས་མལ་ཁང་དུ་ཐོན་འདུག་པར་མ་ཟད། སུ་ཞིག་ལ་ཁ་པར་རྒྱག་ཞོར་ངུ་བཞིན་འདུག་མོད།ང་མཐོང་མ་ཐག་ཁ་པར་གྱི་ཁ་བརྒྱབ་ནས་མལ་ཁྲིའི་སྟེང་དུ་གཡུགས་རྗེས་སྒོར་བུད་སོང་། དེ་ནས་ངས་ཀྱང་དོན་ཞིག་བྱུང་འདུག་སྙམ་ནས་མོའི་རྗེས་བསྙེག་བསམ་དུས། མོའི་ཁ་པར་ཡང་བསྐྱར་གྲགས་བྱུང་བས་ངས་དེར་ཉན་པ་ན་སྐྱེས་པ་ཞིག་གིས“ཁྱོད་ཀྱིས་ཁ་པར་གྱི་ཁ་གཏན་ནས་ཅི་བྱེད། ངས་ཐག་གིས་བཅད་ཟིན། ཕྱི་དྲོ་འུ་གཉིས་སྨན་ཁང་དུ་འགྲོ”ཟེར། ང་ལ་ཅི་བྱུང་འདི་བྱུང་མེད་པར“ཨ”ཞེས་ལན་བཏབ་པ་ན། ཕ་རོལ་པས“གངས་འཚོ་གང་དུ་བུད་ཐལ”ཞེས་བཤད་རྗེས་ཁ་པར་གྱི་ཁ་གཏན་བྱུང་། དེ་ནས་ངས་ཀྱང་མི་དེ་མིག་དམར་ཡིན་པ་ཤེས་སོང་ལ་མྱུར་དུ་གངས་འཚོ་འཚོལ་དུ་སོང་དུས། མོས་སྤྱོད་ཁང་གི་ནང་ཟྭ་བརྒྱབ་ནས་ང་རང་ནང་དུ་ཡོང་དུ་མི་འཇུག་པར་མ་ཟད། ངས་མོ་ཇི་ལྟར་བོས་རུང་ཨ་ལན་གང་ཡང་མི་སྟེར་བས། ང་ལ་བྱ་ཐབས་གང་ཡང་མེད་པར་ཕྱིར་རང་གི་ལས་གནས་སུ་ཕྱིན་པ་ཡིན།

ད་ཐེངས་གཟའ་མཇུག་མིན་མོད་ཕྱི་དྲོའི་ཆུ་ཚོད་གཉིས་ཙམ་གྱི་མཚམས་སུ་མིག་དམར་ཨར་ཁང་དུ་ཐོན་སོང་། ཁོས་ང་མཐོང་མ་ཐག་མྱུར་དུ་ངའི་འགྲམ་ལ་ཡོང་ནས་གངས་འཚོ་དང་ཚོང་བདག་སོ་སོ་གང་དུ་ཡོད་མེད་དྲིས་རྗེས་མྱུར་དུ་ཁོ་གཉིས་འཚོལ་དུ་བུད་སོང་། དེ་ནས་ཅུང་མ་འགོར་བར་མིག་དམར་གྱིས་གངས་འཚོ་ཁྲིད་ནས་ཨར་ཁང་གི་ཕྱི་རུ་བུད་སོང་ལ། ང་རང་རྗེས་སུ་སོང་ནས་དོན་ཅི་བྱུང་འདྲི་བསམ་དུས་ཚོང་བདག་གིས་ང་རང་བོས་ནས“གངས་འཚོས་གཟའ་འཁོར་གཅིག་རིང་གནང་བ་ཞུས་སོང”ཞེས་བཤད་ནས་ཕྱིར་འཁོར་གྲབས་བྱེད་སྐབས། ངས“མོར་དོན་དག་ཅི་བྱུང་སོང”ཞེས་དྲིས་པ་ན།“མིག་དམར་གྱིས་བྱིས་སྒྲུང་གླེང་ཚུལ་སྔ་སོང་བས། ད་ལྟ་དེ་དག་ཐག་གཅོད་བྱེད་དུ་འགྲོ་བ་རེད”ཅེས་སྐད་ཆ་གོ་རྒྱུ་ཡོད་ཡོད་འདྲ་ལ་མེད་པ་འདྲ་ཞིག་བཤད་རྗེས་ཕྱིར་ཁོའི་གཞུང་ལས་ཁང་དུ་བུད་སོང་།

ངས་གཟའ་འཁོར་གཅིག་རིང་རང་གི་རྨི་ལམ་ནས་གངས་འཚོར་དོན་ཅི་བྱུང་བ། དེ་ནས་ཚོང་བདག་གི་སྐད་ཆ་སོགས་རེ་རེར་ཞིབ་འདང་བརྒྱབ་རྗེས་མོར་དོན་ཅི་བྱུང་སོང་བ་ཤེས་སོང་ལ། ངའི་སེམས་པ་ཡང་སྐྲག་སྣང་གང་ཞིག་གིས་བཅོམ་འགྲོ་བས། ངས་གྱང་ངོས་ཀྱི་ཨ་མ་རྒན་མོའི་ཞལ་རིས་ལ་ལྟ་ཞོར་སྐྲག་སྣང་དེ་དག་སེལ་ཐབས་བྱས་པ་ཡིན། གྱང་ངོས་ཀྱི་ཨ་མ་རྒན་མོའི་ཞལ་རིས་ནི་སྔར་བཞིན་བྱམས་བརྩེས་ཁེངས་པས་ང་ལ་མཚོན་ན་དེ་ནི་གྲོང་ཁྱེར་འདིའི་དྲོད་ཁོལ་གཅིག་པུ་ཡིན།

དེ་རིང་ཕྱི་རོལ་གྱི་ནམ་མཁའ་རུ་ཁ་བ་འགའ་རེ་ཡར་འཕུར་མར་སྐྱོད་བྱེད་བཞིན་འདུག་པས། ངས་སྒེའུ་ཁུང་ལས་ཕྱི་རུ་བལྟས་ནས་བསྡད་པ་ཡིན། ཁ་བ་དེ་དག་ནི་ད་ལོའི་དགུན་གྱི་གཅེས་ཕྲུག་ཐོག་མ་དེ་མི་ཡུལ་དུ་བྱོན་པ་ཡིན་མོད། ཁོ་ཚོས་ས་གཞི་རུ་རྗེས་ཤུལ་ཙམ་ཡང་འབབ་ཏུ་མི་འཇུག་པར་མེད་པར་གྱུར་འགྲོ དེ་ནི་སུ་ཞིག་གི་གདུག་རྩུབ་བམ་ནག་ཉེས་རིགས་ཤིག་ཡིན་སྲིད་དམ། ངས་ལམ་གྱི་ཕར་ཕྱོགས་ནས་གངས་འཚོ་ཚུར་ཡོང་བཞིན་པ་མཐོང་སོང་བར་མ་ཟད། སྔོན་དང་འདྲ་བར་སྡོང་བོ་དེ་གཉིས་ཀྱི་བར་དུ་མིག་དམར་ཕྱིར་འགྲོ་བཞིན་པ་ཡང་མཐོང་སོང་། ཁོ་གཉིས་ལ་སྔོན་དང་མི་འདྲ་ས་ཞིག་ཡོད་པ་ནི་གཉིས་ཀས་མགོ་བོ་བྲང་ཁར་སྨད་ཡོད་པར་མ་ཟད་གོམ་ཁ་ཇེ་ལྗིད་དུ་སོང་འདུག་པ་དེ་རེད།

མོ་རང་སྒོ་ནང་ནས་ཡར་འཛུལ་མ་ཐག་ང་རང་ཅུང་ཡ་མཚན་པར་བྱས་སོང་། དེ་ནི་གཟའ་འཁོར་གཅིག་རིང་མོ་འདི་འདྲའི་ཉམ་ཐག་པ་ཞིག་ཏུ་གྱུར་དོན་གང་ཡིན་ནམ། རྒྱུན་དུ་མོ་ནི་ཤ་ཁ་དྭངས་ལ་ཅུང་རྒྱགས་པའི་ལུས་པོ་དེར་ཡང་ལྡེམ་མྱུར་ལྡན་པ་ཞིག་ཡིན། འོན་ཀྱང་། དེ་རིང་ངོ་ན་མདངས་མེད་པར་མ་ཟད། གོམ་ཁ་དེ་ཡང་དེ་འདྲའི་དལ་ཞིང་ཐང་ཆད་པའི་སྣང་བ་ཞིག་སྦྱིན་འོངས། ད་དུང་རྒྱུན་དུ་རང་རང་སར་འཐོར་ནས་འདུག་པའི་སྐྲའི་ཉག་མ་དག་ཀྱང་གང་ཞིག་ལ་ཞེད་ནས་འཚང་ཁ་རྒྱག་པ་ལྟར་གཟེངས་འདུག མོ་རང་ནང་དུ་འཛུལ་མ་ཐག་མོས་ང་ལ་མི་ལྟ་བར་ཡང་བསྐྱར་གྱང་ངོས་ཀྱི་ཨ་མ་རྒན་མོའི་འཇིམ་རྐོས་དེར་ཅེར་ནས་རེ་ཞིག་བསྡད་རྗེས་མིག་མཐར་མཆི་མ་ཞིག་འཁྱིལ་ཞོར་ཚུར་ངའི་ཕྱོགས་སུ་ཡོང་དུས་ང་ལ་མིག་འཕྲུལ་བྱུང་བ་མིན་ན་ཨ་མ་རྒན་མོའི་མིག་ལས་ཀྱང་མཆི་མ་ཞིག་ཐང་ལ་ལྷུང་སོང་། ངས་དེ་མིག་འཕྲུལ་ཡིན་མིན་གསལ་བོ་ཞིག་བལྟ་དགོས་བསམ་ནས་གྱང་རྩ་དེར་རྒྱུག་དུས་དེ་རུ་གཙང་སྦྲ་བྱེད་མཁན་ཞིག་གིས་རས་ཕྱགས་ཀྱིས་ཕྱིས་ནས་བུད་སོང་བས། ང་ལ་བྱ་ཐབས་གང་ཡང་མེད་སོང་། དོན་ངོ་མར་བཤད་ན་སྐབས་དེར་ང་ལ་ཡང་སེམས་གཏིང་ནས་སྨྲེང་བ་ཞིག་དང་མཉམ་དུ་མིག་ཆུ་ཞིག་ཤོར་སོང་མོད། ངས་དེ་གངས་འཚོར་མཐོང་དུ་མ་བཅུག་པར་ཨ་མ་རྒན་མོའི་མདུན་དུ་ཐོན་དུས་མྱུར་མོར་ཕྱིས་པ་ཡིན། དེ་ནས་ངས་ཀྱང་བཅོས་འཛུམ་ཞིག་སྟོན་ཞོར་ཕྱིར་གངས་འཚོའི་འགྲམ་དུ་ཡོང་ནས། མོ་རང་ཁྲིད་དེ་ངེད་གཉིས་ཀྱི་མལ་ཁང་དུ་ལོག་པ་ཡིན།

མལ་ཁང་གི་སྒེའུ་ཁུང་ལས་སྔར་བཞིན་ཐང་དུ་རྗེས་ཤུལ་མེད་པའི་ཁ་བ་ལེབ་མོ་རེ་འགའ་བར་སྣང་དུ་འཕུར་སྐྱོད་བྱེད་བཞིན་པ་མཐོང་བས། ངེད་གཉིས་མཉམ་དུ་སྒེའུ་ཁུང་ཁར་སོང་ནས་ནམ་མཁར་བལྟས་ནས་བསྡད་པ་ཡིན། སྐབས་དེར། ངས་སྒེའུ་ཁུང་གི་ཕྱིའི་རྡོ་གཅལ་སྟེང་དུ་ཆུ་ཐིག་རེ་འགའ་ཆགས་འདུག་པ་མཐོང་མ་ཐག འདི་ནི་ཁ་བའི་ཚེ་སྲོག་མི་ཡུལ་དུ་ཕེབས་པར་སུ་ཞིག་གིས་རྗེས་ཤུལ་མེད་པར་བྱས་སོང་བར་གནམ་རྒན་མའི་མིག་ཆུ་ལྷུང་བ་མ་ཡིན་ནམ་སྙམ་ཞོར། ཡང་བསྐྱར་སྨྲེང་རྒྱུ་བྱུང་ནས་མིག་མཐར་མཆི་མ་འཁོར་སོང་མོད། ངས་ཅི་ནུས་ཀྱིས་མགོ་བོ་ནམ་མཁར་འཁོར་ནས་མིག་ཆུ་དེ་གངས་འཚོར་མཐོང་དུ་མ་བཅུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།