ཀྲུང་གོ་བོད་ཀྱི་དྲ་བ།

དཀར་སེར་དམར་སྔོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དགྲ་ལྷ་བཀྲ་ཤིས།   སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆར་བ་ཟམ་ཟིམ་ཞིག་བབས་རྗེས། སྤྲིན་དཀར་གྱི་ཕུང་བོ་རང་སར་ཡལ་ཏེ་སོང་། གསེར་མདོག་གི་ཉི་འོད་འཛུམ་ཙམ་འཛུམ་ཙམ་བྱེད་པའི་ཁྲོད་དུ། འཇའ་ཚོན་སྣ་ལྔའི་ཁ་དོག་མཐོང་ལམ་ནས་རབ་ཏུ་བཀྲ་བྱུང་།

དུས་དེར། ཁོ་དང་ཁོའི་ཆུང་དུས་ཀྱི་མཛའ་མོ་སྟེ་མེ་ཏོག་སྒྲོལ་དཀར་གཉིས་ཕ་ཡུལ་གྱི་རྣང་ཞིང་གྲུ་བཞིའི་བར་གསེང་ཞིག་ཏུ་ཡོད་ཅིང་། སྐབས་དང་སྐབས་སུ།ལོ་ཏོག་གི་མགོ་ལྕོག་ལྡེམ་པའི་ཀློང་ན་ཕན་ཚུན་ལ་མཆུ་སྦྱོར་བྱས་ཏེ་བརྩེ་དུང་གི་རི་མོ་སྣ་ཚོགས་ངང་གིས་འབྲི། ཡིན་ནའང་། བལྟས་བལྟས་རིག་རིག་ལ། ནེམ་ཤིག་ཤིག་གིས་ཁེངས་པའི་རྣང་ཞིང་མ་ལུས་ཚ་གདུག་ཆེ་བའི་བྱེ་ཐང་ཞིག་ཏུ་གྱུར་པ་དང་སེམས་ཁོང་གི་མེ་ཏོག་སྒྲོལ་དཀར་ཡང་མི་སྟོབས་ཆེན་འགས་ཁོའི་ལག་ནས་བཙན་གྱིས་ཕྲོགས་སོང་། འཇིགས་ཡེར་ཞིང་སྙིང་ལ་གཟན་པའི་རྣམ་པ་དེས་ཁོ་གློ་བུར་དུ་གཉིད་ལས་བསླངས་བྱུང་།

ཁོ་དངངས་སྐྲག་གིས་ཡར་ལངས་པ་དང་དྲ་ཡོལ་ཕྱེས་ཏེ་ཕྱི་རོལ་དུ་བལྟས་པ་ན། གྲོང་ཁྱེར་གྱི་མཁའ་དབུགས་སྔར་བཞིན་རྫབ་རྫུབ་ཏུ་སྣང་ཞིང་། ནུབ་ཁའི་ཉི་འོད་གསལ་ལ་མི་གསལ་བ་ཞིག་རི་བོའི་ཕ་རོལ་ཏུ་ཡིབ་སྟེ་འགྲོ། སྣང་ཚུལ་དེས་ཀྱང་ཁོ་དོགས་མི་བདེ་བར་བཏང་བྱུང་། སྐབས་འདིར་ཁོ་བསྐྱར་བཟློས་ཀྱི་སློབ་གྲྭའི་འཚོ་བ་ལ་སུན་སྣང་སྐྱེས་བཞིན་ཡོད་པ་དང་། སུན་སྣང་འདི་མེ་ལྕེ་ཞིག་ཏུ་གྱུར་ནས་ཁོའི་སེམས་ཀྱི་ཟ་ཟུར་ཀུན་ཚ་ལམ་ལམ་དུ་བཏང་ཡོང་།

ཁོ་ལ་མཚོན་ན་ཉིན་དཀར་གྱི་དུས་ཚོད་ནི་འཁྱོལ་དཀའ་བའི་དུས་ཚོད་ཅིག་རེད། མི་ལོ་བཅུ་གཉིས་ལྷག་གི་རིང་ལ་ཁོས་རང་ཉིད་ཀྱི་རྨི་ལམ་ངོ་མ་དེ་འཚོལ་སྙེག་བྱས་ཤིང་།  འཚོལ་སྙེག་དེའི་ཁྲོད་ནས་གྲུབ་འབྲས་ཀྱང་མི་དམན་པ་བླངས་པས་དགེ་སློབ་མང་པོ་ཞིག་གི་བསྟོད་བསྔགས་ཐོབ་མྱོང་། ཡིན་ནའང་། བོད་རིགས་ཀྱི་སློབ་མ་ཕལ་ཆེར་མེད་པའི་ནང་ལོག་གི་སློབ་གྲྭ་འདིར་ཡོང་བ་ནས་ཁོ་རྩ་བ་ནས་འགྱུར་སོང་། རྒྱུ་མཚན་ནི་སློབ་གྲྭ་འདི་ན་ཁོའི་དགའ་ཕྱོགས་དང་མཐུན་པ་དག་མེད་པས་རེད་ལ། དེ་ལས་ལྡོག་སྟེ་སྒྲིག་སྲོལ་སྣ་ཚོགས་ཤིག་གིས་ནམ་རྒྱུན་ཁོ་རང་བསྡམས་ཡོང་བས་ཀྱང་རེད། དེ་བས་ཁོས་མིག་མདུན་གྱི་བྱ་བ་མང་པོ་བཏང་སྙོམས་སུ་བསྐྱུར་ནས་མཚན་མོར་ཕྱི་ལ་འཁྱམས་ཤིང་། ཉིན་མོར་ཉལ་ཁང་ནས་གཉིད་དེ་བསྡད། དམིགས་བསལ་དུ།མཚན་མོར་ཕྱི་ལ་འཁྱམ་པ་ནི་ཁོའི་དགའ་ཕྱོགས་ཤིག་གམ་གོམས་སྲོལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

གཞན་ཡང་། ཁོ་རྒྱུན་དུ་འཆར་ཡན་གྱི་ཀློང་དུ་འགྲོ་བར་ཧ་ཅང་དགའ། དགུན་དུས་སུ་ཁོས་ནམ་ཡང་ཁ་བ་མཐུག་པོ་ཞིག་བབས་ན་འདོད་ལ། ཁ་བ་མཐུག་པོའི་ཁྲོད་ནས་ཧྲག་ཧྲག་ཏུ་གང་ཞིག་ལ་སོང་ནའང་འདོད། དབྱར་དུས་སུ་ཁོས་གྲོང་ཁྱེར་འདི་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་ཡིན་པར་རྟོག་བཟོ་བྱེད་ཅིང་། སྔོ་ཞིང་ལྗང་བའི་རྩྭ་ཐང་དུ་སེམས་ལྷོད་ལྷོད་ཀྱིས་གཉིད་དུ་ཡུར་ན་བསམས།

ཁྲོག་སྒྲ་ཞིག་དང་ལྷན་དུ་སློབ་གྲོགས་སྐོར་ཞིག་ཉལ་ཁང་དུ་སླེབས་བྱུང་། ལིས་ཞ་ཟེར་བའི་སློབ་གྲོགས་དེས་ཁོ་མཐོང་མ་ཐག“དེ་རིང་ཡང་ཁྱོད་ཀྱི་མིང་བཏོན་བྱུང་། ཁྱོད་ལ་ཆད་པ་ནན་མོ་གཅོད་རྩིས་འདུག”ཅེས་ངོ་གནག་ནས་བཤད་བྱུང་། འོན་ཀྱང་ཁོ་ལ་སྣང་དོགས་སྤུ་ཙམ་ཡང་མེད་པ་འདྲ་སྟེ“ངས་ཀྱང་དེ་ལ་རེ་སྒུག་བྱས་ནས་བསྡད་ཡོད”ཟེར།

སློབ་གྲོགས་དེ་དག་གིས་མགོ་བོ་གཡུག་བྱུང་བ་དང“བཀྲ་ཤིས་ངོ་མ་སྨྱོས་འདུག”ཅེས་ཟེར་ཞོར་རང་རང་སར་བསྡད་བྱུང་།

དེ་ནས། ཁོས་དགེ་ཆོས་ཚང་གི་སྐུ་འདྲ་ཞིག་མལ་ཁྲིའི་མགོ་སྟོད་ཀྱི་གྱང་ངོར་བཀལ་ཡོད་པ་དེར་བལྟས་པ་ན། དགེ་ཆོས་ཚང་གིས་ཀྱང་ཁོ་ལ་གཟབ་ནན་གྱིས་བལྟས་འདུག་པའི་སྣང་བ་ཅིག་ཅར་དུ་བྱིན། དུས་རྒྱུན་དུ་དགེ་ཆོས་ཚང་གི་སྐུ་འདྲ་ལ་དེ་ལྟར་ལྟ་ཐེངས་རེ་རེར། ཕྱིར་གཟབ་ནན་གྱིས་བལྟས་འདུག་པའི་སྣང་བ་སྟེར་བས་ཅི་ཡིན་གསལ་བོར་མི་ཤེས་པའི་དོགས་པ་སྐྱེས་ཡོང་བ་དང་། རྨི་ལམ་ནང་གི་ཁོ་རང་དང་མངོན་སུམ་ཁྲོད་ཀྱི་ཁོ་གཉིས་ཀྱི་བར་ཐག་ཧ་ཅང་རིང་བར་གསལ་འདེབས་ཤིག་བྱས་ཡོང་བ་འདྲ་ལ། མ་འོངས་པའི་ལམ་ལ་ཇི་ལྟར་ཞུགས་དགོས་མིན་གྱི་ཐད་ལའང་བློས་བསླངས་གང་མང་བྱེད་དགོས་པའི་གནས་སུ་ལྷུང་བར་བྱེད། དེ་ལྟ་ནའང་། མིག་སྔར་གྱི་གནས་བབ་ལ་ཞིབ་འདང་བརྒྱབ་ཚེ། ཁོ་དེ་མ་ཐག་མི་ཉམ་ཐག་ཅན་ཞིག་ཏུ་གྱུར་འགྲོ།

ཁོས་ཡང་བསྐྱར་ཕྱི་རོལ་དུ་བལྟ་བཞིན་ཐ་མག་ཅིག་འཐེན་པ་དང་དེ་ནས་གང་འདོད་དུ་བློ་ཡུལ་ལས་འདས་པའི་ཀི་རིང་ཞིག་བཏབ་པ་ན། སློབ་གྲོགས་ཚོ་ཧ་ལས་པར་གྱུར་ཅིང་ཁོ་ཚོའི་གདོང་ནས་རྣམ་འགྱུར་སྣ་ཚོགས་རེ་མངོན་འོངས།

ད་ནི་མཚན་མོའི་མུན་པ་ཟེར་བ་དེས་གྲོང་ཁྱེར་འདིའི་བར་སྣང་ཡོངས་སུ་གཡོག་མགོ་བརྩམས་པ་དང་མཉམ་དུ་སློབ་གྲྭའི་ར་སྐོར་ཀུན་གྱི་གློག་སྒྲོན་གསལ་ལེར་བཀར་བྱུང་། ཁོས་ལྭ་བ་མཐུག་པོ་གྱོན་ཏེ་གཞི་ནས་ལམ་ལ་ཆས། སློབ་གྲྭའི་ར་སྐོར་བརྒྱུད་ནས་འགྲོ་དུས་ཁོས་སློབ་གྲོགས་མང་པོ་མཐོང་བྱུང་། དེ་དག་གི་ཁྲོད་དུ་ཕན་ཚུན་འཐམ་འཁྱུད་བྱས་ཏེ་སྙིང་གཏམ་བརྗོད་མཁན་འདུག་ལ། ཁ་པར་གྱི་འཆར་ངོས་སུ་ཅེར་ཏེ་གཞན་གང་ལའང་དོ་སྣང་མི་བྱེད་མཁན་ཡང་འདུག་པར་མ་ཟད། སྤོ་ལོ་རྩེ་མཁན་དང་འཆམ་འཆམ་དུ་འགྲོ་མཁན་ཡང་མཆིས། ཁོ་སློབ་གྲོགས་དེ་ཚོ་དང་ལྷན་དུ་ལོ་ངོ་གཉིས་ལྷག་གི་རིང་ལ་མཉམ་འགྲོ་མཉམ་འདུག་བྱས་ཏེ་ཡོང་ནའང་། ད་དུང་ཆ་མེད་རྒྱུས་མེད་ཅིག་ཏུ་སྣང་ཡོང་བའི་ཚོར་བ་སྐྱེས། སྤྱིར་བཏང་ཚོར་བ་འདི་ལྟ་བུ་ནི་སྡུག་བསྔལ་ཞིག་མིན་པའི་ངེས་པ་མེད་མོད། ཁོའི་ངོས་ཐད་ནས་བཤད་ན་ཚོར་བ་འདི་ནི་སྡུལ་བསྔལ་ཞིག་གཏན་ནས་མིན་པར་ཁོ་ཚོ་དང་མ་འདྲེས་པར་ལོགས་སུ་འགྲོ་དགོས་པའི་སྟོབས་ཤུགས་ཤིག་དང་ཁོ་ནམ་ཡང་ཁོ་རང་ཉིད་ཡིན་པའི་མཚོན་བྱེད་ཅིག་ཏུ་བསམས་ནས་ཡོད། སློབ་གྲྭའི་སྒོ་སྲུང་གིས་ཁོ་རང་མཐོང་དུས་མགོ་བོ་འཕྲེད་དུ་གཡུག་པ་ལས། རྒྱུན་ལྡན་བཞིན་བཀག་འགོག་ཙམ་ཡང་མ་བྱས། འོན་ཏེ་ཁོ་ལ་སྤྲོ་སྣང་གིས་ཁེངས་ཏེ་མུ་མཐུད་དུ་འགྲོ་མགོ་བརྩམས།

འོད་ལམ་ལམ་དུ་འཕྲོ་བའི་ལམ་འགྲམ་གྱི་གློག་སྒྲོན་དག་གིས་ཁོ་ལ་བསུ་མ་བྱེད་པ་དང་མཚུངས་ལ། རླངས་འཁོར་གྱི་དུང་སྒྲ་རེ་རེ་ནི་ཁོའི་གོམ་སྟབས་ལ་རམ་འདེགས་བྱེད་པའི་རོལ་དབྱངས་དང་འདྲ། གང་ཞིག་ནས་གྲོལ་སོང་བ་ལྟ་བུའི་ཚོར་སྣང་གིས་བརྟས་ཏེ་ལམ་ཐག་རིང་བོ་ཞིག་ལ་དབུགས་ཐེངས་གཅིག་གིས་བརྒྱུགས་པས་ཁོ་ཐང་ཆད་བྱུང་། དབུགས་ཧལ་ཧལ་གྱིས་ཐད་ཀར་དུ་ས་ལ་ཙོག་ནས་ངལ་གསོ་བྱས།

སྐབས་ཤིག་ལ་ལམ་འགྲམ་གྱི་ཚོང་ཁང་ཞིག་ནས་ཁོས་ཆང་དཀར་ཞིག་ཉོས་ཏེ་འཐུང་། འཐུང་བཞིན་འཐུང་བཞིན་དུ་སྐད་གསང་མཐོན་པོས་ཡང་བསྐྱར་ལ་གཞས་རེ་བླངས་ཤིང་ཀི་རིང་འགའ་བཏབ་པ་ན། གཡས་གཡོན་གྱི་མི་རྣམས་འཚབ་འཚུབ་ཀྱིས་རྒྱང་དུ་བཀྱེད་ནས་སོང་། ཁོས་དེ་ཚོ་ལ“ང་སྤྲང་བོ་མིན་ཞིང་ང་སྨྱོན་པའང་མིན་པས་ཁྱོད་ཚོས་འདི་ལྟར་བྱེད་དགོས་དོན་ཡོད་དམ”ཟེར། དེ་ནས་སླར་ཡང་མགོ་བོ་གནམ་ལ་བཏེགས་ནས། ཟླ་བ་ལགས། ཁྱོད་བསིལ་བསིལ་གྱིས་འཆར་བར་ཤོག ཁྱོད་ནམ་རྒྱུན་སྤྲིན་ནག་གིས་བསྒྲིབས་ཡོད་པ་ནི་ངའི་སེམས་གཏིང་གི་རྨི་ལམ་ནམ་རྒྱུན་ཕྱི་རོལ་གྱི་ཁོར་ཡུག་འདིས་བསྒྲིབས་ཡོད་པ་དང་གཅིག་མཚུངས་རེད་ཟེར།

སྔོན་ཆད་ཅིག་ལ། ཁོས་ཕ་ཡུལ་གྱི་རྒྱབ་རིའི་སྒང་ནས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པའི་བྱ་ཚོགས་ལ་བལྟས་ཏེ་ཡིད་སྨོན་འཆོར་ཞིང་། ནམ་ཡང་རང་དབང་གིས་ག་ས་ཀུན་ལ་འཕུར་ཐུབ་ན་ཅི་མ་རུང་བསམས་ཏེ། རང་གི་འདོད་པ་ལྟར་གྱི་མི་ཞིག་ངེས་པར་དུ་བྱེད་དགོས་ཞེས་དམ་བཅའ་བཞག་པའི་ཚུལ་དེ། དོ་ནུབ་ཁོའི་དྲན་པའི་ངོས་སུ་མངོན་སུམ་བཞིན་དུ་འཆར་འོངས་པས་ཆང་དེས་མྱུར་བ་མྱུར་དུ་བཟི་བར་བཏང་ན་དགའ་ཨང་སྙམ།

ཁོ་དེ་ནས་ཡར་ལངས་ཏེ་མུ་མཐུད་དུ་མདུན་ལ་སོང་། བལྟས་ཚོད་ཀྱིས་རླངས་འཁོར་དང་ལམ་འགྲོ་པ་རྣམས་ཇེ་ཉུང་དུ་སོང་འདུག ཁོ་རྒྱུན་དུ་སོང་མྱོང་བ་ནི་ཇ་ཁང་དང་དྲ་ཁང་། ནང་མ་ཁང་སོགས་ཡིན། མཚན་མོ་འདིར་ཡང“ལང་ཚོའི་གཟི་དཔལ”ཟེར་བའི་ནང་མ་ཁང་ཞིག་གི་སྒོ་ཁ་ན་མཛེས་མ་སྐོར་ཞིག་གིས་ཁོ་ལ་ལག་བརྡ་བྱེད་བཞིན་འདུག ཉེ་སར་སོང་བ་ན་དེ་ཚོས་ཁོ་ལ་དགའ་དུངས་དུངས་བྱས་པས། ཁོས་དེ་ཚོར“ཁྱོད་ཚོ་མཛེས་པ་ལ་ཨང”ཟེར། དེའི་ནང་གི་གཅིག་གིས་ཁོའི་སྐེ་ལ་འཇུས་ནས་ནང་དུ་འཁྲིད་ཅི་ཐུབ་བྱེད། ཁོས་ཀྱང་དེ་ལ་འཛུམ་མདངས་རེ་སྟོན་བཞིན་གོམ་ཁ་ག་ལེར་ནང་དུ་བསྒྱུར།

ནང་དུ་སླེབས་མ་ཐག་སྔར་བཞིན་དཀར་སེར་དམར་སྔོ་ཡི་གློག་སྒྲོན་ལས་གཞན་ལྷ་ཁང་དང་མཚུངས་པའི་ཇུས་འགོད་རེ་རེ། རྔ་སྦུག་གི་ཆོམ་སྒྲ་དང་འདྲ་བའི་སྒྲ་དབྱངས། ནུབ་ཕྱོགས་སུ་དར་ཁྱབ་ཆེ་བའི་ཞབས་བྲོ་སྣ་ཚོགས་སྒེག་ཉམས་ཀྱིས་རྩེ་བཞིན་པའི་ན་གཞོན་བུ་མོ་ཚོས་ཁོའི་མིག་དབང་ཅིག་ཅར་དུ་ཕྲོགས་བྱུང་།སྔོན་ཏག་ཏག་གི་བུད་མེད་དེས་ཁོའི་རྣ་རྩར་གཏད་ནས“འགྲོ་འདོད་ན་ང་ལ་བརྡ་རྒྱོབས། ཞག་གཅིག་ལ་སྒོར་བཞི་བརྒྱ་ཡིན”ཞེས་སྨྲས་རྗེས་ཕྱིར་བུད་སོང་།

མགྲོན་པོ་མང་ཆེ་ཤོས་ཀྱིས་ཐལ་མོ་རྡེབ་བཞིན་འདུག་ལ།སྐོར་ཞིག་ནི་གཡས་ལོག་གཡོན་ལོག་བྱས་ཏེ་བསྡད་འདུག སྐབས་དེར་མི་ཞིག་གློ་བུར་དུ་ཡར་ལངས་ནས་སྐད་གསང་མཐོན་པོས“བཀྲ་ཤིས་འདིར་ཤོག”ཅེས་བོས་པས་ཁོ་དེའི་མདུན་དུ་སོང་།

ཁོ་དངོས་གནས་ཧ་ལས་ཤིང་ཧང་སངས་པར་བྱས་སོང་། ཁོས་རང་ཉིད་ལ་མིག་འཁྲུལ་བྱུང་བ་མིན་ནམ་སྙམ་ནས་མིག་ལ་ཕུར་ཕུར་འགའ་བྱས། མ་གཞི་ཁོའི་མདུན་གྱི་མི་དེ་ནི་ཁོ་ཚོའི་དགེ་རྒན་ཆེན་མོ་སྟེ་མིང་ལ་བློ་བརྟན་ཟེར་ཞིང་། ཕ་ཡུལ་ལྷ་ས་ནས་རེད། ཁོ་ནི་ཡོན་ཏན་པ་ཞིག་ཡིན་པས་དགེ་སློབ་ཀུན་གྱིས་ནམ་རྒྱུན་བརྩི་བཀུར་ཆེན་པོ་བྱེད། 

གོ་ཐོས་སུ་དགེ་རྒན་ཁོང་གིས་ནམ་རྒྱུན་མི་ཚོགས་ཀྱི་འདུ་འཛི་ལ་གཡོལ་ཅི་ཐུབ་བྱས་ཏེ་ཁེར་རྐྱང་གིས་འགྲོ་ཞིང་། གནས་གང་ནས་བསྡད་ནའང་མེ་ལོང་ལ་བལྟ་རྒྱུར་གོམས་ཡོད་ཅིང་།མེ་ལོང་ནང་གི་རང་གཟུགས་དེ་མཐོང་ཐེངས་རེ་རེར་ཤུགས་རིང་ནར་ནར་འབྱིན་ཡོང་ཟེར།

ཁོས་འཚབ་འཚུབ་ཀྱི་སྒོ་ནས“དགེ་རྒན་ལགས། ཁྱོད་གཅིག་པུ་ཡིན་ནམ”ཞེས་དྲིས་པ་ན། དགེ་རྒན་ཁོང་གིས་ཧ་ཅང་སྐྱོ་ཉམས་དང་བཅས་ཆང་དཀར་གང་ཧུབ་ཐེངས་གཅིག་གིས་འཐུང་བ་དང་། དེ་ནས་ཁོ་ལ་བལྟས་ནས“ང་ཡང་ཁྱོད་ནང་བཞིན་དུ་གྲོང་ཁྱེར་འདི་རུ་ཧ་ཅང་ཁེར་རྐྱང་ཡིན་ལ། དུས་རྒྱུན་དུ་ཁེར་རྐྱང་འདི་བཟོད་ཐབས་མེད་པའི་ན་ཟུག་ཅིག་ཏུ་གྱུར་ནས། ང་ལ་གཟུགས་མེད་ཀྱི་མནར་གཅོད་ཡང་ཡང་བཏང་ཡོང་། དོ་ནུབ་འདིར་ཡོང་ནས་སེམས་པ་གཡེང་འདོད་པ་ཡིན། ཡིན་ཡང་། ང་ཕ་ཡུལ་ལ་འགྲོ་འདོད་མི་འདུག གལ་ཏེ་ང་སོང་ཡང་ཁོ་ཚོའི་འཚོ་བར་ལོབས་མི་ཐུབ་པ་འདྲ། རྒྱུ་མཚན་ང་ཆུང་དུས་ནས་ལྷ་སའི་གྲོང་གསེབ་ཅིག་ནས་འདིར་ཡོང་སྟེ་བསྡད་པས། ད་ནི་ངས་ཕ་ཡུལ་གྱི་སྐད་རིགས་བརྗེད་ཟིན”ཟེར།

ཁོ་སྐད་ཆ་འདི་དག་ལ་མཚར་སྣང་སྐྱེས་བྱུང་། སློབ་གྲྭའི་ནང་ནས་དགེ་རྒན་ཁོང་ནི་ནམ་རྒྱུན་རྫིག་པོ་ཞིག་ཡིན་ཞིང་། སློབ་ཁྲིད་ཀྱི་སྐབས་མ་གཏོགས་ཁ་གྲག་རྒྱུར་མི་དགའ་ཞིང་སློབ་གྲྭའི་ཁོར་ཡུག་ཀུན་ནས་སློབ་མ་ཚོ་དང་འཕྲད་དུས་མ་མཐོང་ཁུལ་བྱས་ཏེ་བུད་འགྲོ་བས། སློབ་མ་ཚོའི་ཁྲོད་ན་རང་འགུལ་གྱིས་ཁོ་ལ་ཁ་བརྡ་བྱེད་ཐུབ་མཁན་ཧ་ཅང་ཉུང་། ཡིན་ནའང་། ནང་མ་ཁང་འདིའི་ནང་ནས་དགེ་རྒན་གྱིས་འདི་ལྟར་བཤད་འོངས་པ་ཁོའི་ཡིད་ལ་གཏན་ནས་ཤར་མ་མྱོང་།

དགེ་རྒན་གྱིས་ཡང་བསྐྱར་ཆང་དཀར་ཞིག་ལག་ཏུ་བླངས་ནས“ཤོག ཆང་འཐུང་། དོ་ནུབ་ངས་མགྲོན་བྱེད”ཅེས་ཟེར་བཞིན་ཆང་དཀར་གཞན་ཞིག་ཁོའི་ལག་ཏུ་བཞག་བྱུང་། དུས་ཡུན་ངེས་ཅན་ཞིག་ལ་འཐུང་རྗེས། མཚན་མོའི་དུས་ཚོད་གསུམ་ལ་སླེབས་འདུག་ཅིང་། དགེ་སློབ་གཉིས་ཀྱིས་ཕན་ཚུན་སྐྱོར་རེས་བྱེད་བཞིན་ནང་མ་ཁང་ནས་ཕྱི་ལ་བུད། བལྟས་ཚོད་ཀྱིས་རླངས་འཁོར་སྐོར་ཞིག་གི་འཁོར་སྐྱོད་ལས་གྲོང་ཁྱེར་གྱི་འུར་ཟིང་མང་པོ་ཞིག་ད་ནི་སྔར་ལས་ཀྱང་དབེན་འཇགས་སུ་སོང་འདུག

འོན་ཀྱང་།ཁོས་དེ་ནི་གྲོང་ཁྱེར་གྱི་རྣམ་པ་ཙམ་རེད་འདོད།གྲོང་ཁྱེར་གྱི་ངོ་བོ་ནི་ནམ་ཡང་ལྷིང་འཇགས་སུ་འགྲོ་བའི་དུས་ཤིག་མེད་པར་སྙམ་སྟེ།དྲན་མི་ཐུབ་པ་དང་རྟོགས་དཀའ་བའི་བྱ་འགུལ་མང་པོ་ཞིག་མུ་མཐུད་དུ་བྱུང་བཞིན་ཡོད་པར་ཚོད་བགམ་བྱས།

དགེ་རྒན་གྱིས“ཁྱོད་ཕྱིར་སློབ་གྲྭར་སོང”ཞེས་ལྡབ་ལྡིབ་ཀྱི་སྐད་ཆ་འགའ་བཤད་དེ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་ཁྱིམ་ཟེར་བ་དེར་བསྙེགས་ནས་བུད་སོང་།

ཁོ་སླར་ཡང་ཁེར་རྐྱང་དུ་ལུས་སོང་། གྲང་རླུང་ཞིག་འུར་འུར་དུ་ལྡང་བས་ཁོའི་སྐྲ་ལོ་གསེད་གསེད་ཅིག་བྱས། 

ཉེ་བའི་ལོ་གཉིས་ལྷག་གི་རིང་ལ།གྲོང་ཁྱེར་འདིའི་དགུང་ལ་ཟུག་པའི་ཁང་བརྩེགས་མང་པོས་ཁོ་ལ་མགོ་ཡོམ་འཁོར་དུ་བཅུག་པ་དང་།བཟོད་དཀའ་བའི་ཚ་གདུག་གིས་ཕ་ཡུལ་གྱི་རྫ་ཆུ་བསིལ་མ་དྲན་པར་བྱས་ཤིང་།དུ་སྨུག་གིས་ཁེངས་པའི་ནམ་མཁས་སྐྱོ་བ་དང་ངལ་དུབ་བྱིན།

སྐབས་འདིར། མཁའ་དབྱིངས་སུ་ཟླ་འོད་མེད་ལ་སྐར་ཚོགས་ཀྱང་མེད་པར་མུན་པས་ཁེངས་འདུག་མོད།ལམ་འགྲམ་གྱི་གློག་སྒྲོན་ད་དུང་ཡང་ཆེམ་ཆེམ་དུ་འཕྲོ།ད་ནི་ཁོ་ལ་གཉིད་ཀྱང་ཡོང་བཞིན་པས་མི་འདོད་བཞིན་དུ་ཕྱིར་སློབ་གྲྭའི་ཕྱོགས་སུ་སྐྱོད་མགོ་བརྩམས། 

འཁྱར་འཁྱོར་གྱི་ངང་ནས་སྔོན་གྱི་ལམ་འགྲམ་དེད་དེ་སོང་བ་ན།ཁོས་ཤུགས་ཆུང་བའི་ངུ་སྐད་ཅིག་ཐོས་བྱུང་། ངུ་སྐད་དེ་ནི་བུ་མོ་ཞིག་གི་ངུ་སྐད་མིན་ཞིང་། བྱིས་པ་ཞིག་གི་ངུ་སྐད་ཀྱང་མིན་པར། རྒད་པོ་ཞིག་གི་ངུ་སྐད་ཡིན་འདུག དབུ་སྐྲ་ཡོངས་སུ་དཀར་པོར་གྱུར་པའི་རྒད་པོ་ཞིག་ཁོའི་མཐོང་ལམ་དུ་ཇེ་གསལ་ནས་ཇེ་གསལ་དུ་མངོན་བྱུང་།

ཁོ་རྒད་པོའི་གམ་དུ་སོང་སྟེ“རྒད་པོ་ལགས། ཁྱོད་ལ་ཅི་བྱུང་བ་ཡིན་ནམ”ཞེས་དྲིས་པ་ན། རྒད་པོས་ངུ་སྐད་དང་ལྷན་དུ“བུ་དང་མནའ་མས་ང་སྒོ་ལ་ཕུད་བྱུང་། ད་ནི་ང་ལ་བརྟེན་ས་ཅི་ཡང་མེད་པས་རྗེས་ཕྱོགས་འཚོ་བ་ཇི་ལྟར་རོལ་དགོས”ཟེར།

ཁོས་ཅུང་ཟད་སྐྱོ་བའི་ངང“རྒད་པོ་ལགས། རྒན་གསོ་ཁང……”ཞེས་མགོ་སྔ་མི་ཚང་བའི་ལན་ཞིག་བཏབ་པ་དང་དེ་ནས“ད་ལྟའི་མི་རྣམས་ཀྱི་བྱ་སྤྱོད་སྙིང་རེ་རྗེ། ཆེས་མ་མཐའི་འགྲོ་ལུགས་ཙམ་ཡང་ཤེས་ཀྱིན་མི་འདུག……”སྐད་ཆ་འདི་རྒད་པོས་སྐད་ཆ་དེ་གོ་མ་ཐག་རྣམ་རིག་ཇེ་བཟང་དུ་སོང་མོད། ཅུང་ཟད་འགོར་རྗེས་སླར་ཡང་ངུ་སྐད་ཅིག་བྱུང་སོང་། དེ་ལ་མཐུད་ནས“ན་གཞོན་ཁྱོད་ཀྱིས་ང་ལ་སྐད་ཆ་ཞིག་བཤད་པར་བཀའ་དྲིན་ཆེ། མདང་དགོང་ང་ཁྱིམ་ནས་ཕུད་རྗེས། འདི་ནས་ད་ལྟའི་བར་དུ་བསྡད་པ་ཡིན། ལམ་འགྲོ་བ་ཧ་ཅང་མང་མོད། ང་ལ་ཁ་ཡ་བྱེད་མཁན་གཅིག་ཀྱང་མེད་སོང”ཞེས་བཤད་རྗེས། འདར་སིག་སིག་གིས་གང་ཞིག་ལ་འགྲོ་བར་བྱས། ཁོས་སྙིང་རྗེ་བའི་རྒད་པོ་དེའི་རྒྱབ་གཟུགས་ལ་བལྟས་པ་ན་འཁྱག་སིབ་སིབ་ཀྱི་མིག་ཆུ་ཞིག་ངོ་གདོང་ནས་འགྲིལ་ཏེ་ལྷུང་སོང་།

སྐབས་ཤིག་ལ།ཁོའི་གོམ་སྟབས་ཇེ་ལྕིར་གྱུར་ཅིང་། གྲང་རླུང་ཞིག་ཡང་བསྐྱར་འུར་འུར་དུ་ལྡང་བ་ན།ལམ་འགྲམ་ན་ཡོད་པའི་གད་སྙིགས་ཀྱི་ཕུང་བོ་རེ་རེ་འཐོར་ཏེ་སོང་བ་དང་།རབ་རིབ་ནས་མག་མོག་ཏུ་འགྲོ་བའི་ཚོར་བ་ཞིག་གིས་ཁོ་རང་ནག་འཐོམ་མེར་བཏང་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།