སྦྲང་ཆར་རྩོམ་སྒྲིག་ཁང་གིས《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཁག་དང་པོ་པར་དུ་བསྐྲུན།

707869555702527014.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ།  དོན་གྲུབ་ཚེ་བརྟན།)ཟླ8པའི་ཚེས17ཉིན།  གསར་འགོད་པས་སྦྲང་ཆར་རྩོམ་སྒྲིག་ཁང་ནས་རྒྱུས་ལོན་པ་ལྟར་ན།  སྦྲང་ཆར་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི་པོད་གྲངས་བཞི་བཅུའི་བདག་ཉིད་ཅན་གྱི《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཀྱི་ཁག་དང་པོ་དེ་ཉེ་ཆར་དངོས་སུ་པར་དུ་བསྐྲུན་ཚར་ཡོད་པ་དང་མི་འགྱང་བར་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་དབུལ་འཆར་འདུག

908797636067676024.jpg

《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཀྱི་ཁག་དང་པོ་ནི་སྤྱི་ལོ1980ནས1989ལོའི་བར་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་པ་པོའི་བརྩམས་ཆོས་དག་གཅེས་བཏུས་བྱས་པ་ཞིག་ཡིན་ལ། སྒྲུང་གཏམ་དང་སྙན་ངག   ལྷུག་རྩོམ།   རྩོམ་རིག་དཔྱད་བརྗོད་བཅས་རྩོམ་ལུས་བཞིས་གྲུབ་ཅིང་བསྡོམས་པས་པོད་བཅུ་ཡོད།

780239492268604412.jpg

《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཀྱི་གཙོ་སྒྲིག་པ་རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར།  རིག་གཞུང་ཁྱབ་ཁོངས་སུ།   ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གི་དབྱེ་མཚམས་དེར་ལྟ་ཚུལ་མི་མཐུན་པ་མཆིས་ནའང་།    བོད་ཀྱི་དེང་རབས་རྩོམ་རིག་བྱུང་འཕེལ་གྱི་བཤུལ་ཐག་རིང་བོར་ཕྱི་མིག་བལྟས་ཚེ།   དུས་རབས་གོང་མའི་ལོ་རབས80པའི་སྟོད་དུ།   སྔ་ཕྱིར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》 《ཟླ་ཟེར》《གངས་རྒྱན་མེ་ཏོག》སོགས་རྩོམ་རིག་དུས་དེབ་རབ་དང་རིམ་པ་བཞིན་གསར་དུ་བཏོན་པ་དང་།   གཞན་ཡང་བོད་ཡིག་ཚགས་པར་ཁག་ཅིག་གིས“རྩོམ་རིག་ལྡུམ་རའི”ལེ་ཚན་བཀོད་པ་ནས་བཟུང་།   སྔོན་ཆད་ཀྱི་རྩོམ་ལུས་དང་བརྗོད་དོན།  རྣམ་པ་བཅས་ཆིག་རྐྱང་ཅན་གྱི་སྦུབས་རྒྱ་ལས་གྲོལ་ཅིང་།   རྩོམ་རིག་བརྩམས་ཆོས་ཆུ་མིག་བརྡོལ་པ་བཞིན་རྒྱ་ཆེར་སྤེལ་ཏེ།   ཀློག་པ་པོ་རྒན་དར་གཞོན་གསུམ་གྱིས་དོ་སྣང་ཆེན་པོ་བྱེད་པར་མ་ཟད། སེམས་བསམ་པའི་གཏིང་ནས་གོང་བཀུར་ཚད་མེད་གནང་བའི་གནས་ཚུལ་ལ་དཔགས་ཚེ།   ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་གི་དབུའམ་འབྱུང་ཁུངས་ནི།    དུས་རབས་གོང་མའི་ལོ་རབས80པ་ནས་ཚུགས་པ་རེད་ཅེས་པའི་སྡོམ་ཚིག་དེར་འཐད་པའི་མགོ་བོ་ལྡེམ་ཞིང་མགྲིན་པ་གཟེངས་སུ་བཏེགས་ཀྱང་མི་ཆོག་པ་མེད་དོ་སྙམ།    དུས་དེ་རིང་། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་དེ་གོམ་ཚུགས་ཁྱར་ཁྱོར་སྤོས་པ་ནས་བརྟན་ཞིང་བརླིངས་པར་གྱུར་ཏེ།  ཏག་ཏག་མི་ལོ40ཙམ་གྱི་ལམ་ཐག་འགྲིམས་ཤིང་།      བསམ་བློའི་ཚད་གཞི་མཐོ་བ་དང་སྒྱུ་རྩལ་གྱི་ཁྱད་གཤིས་རྫོགས་པའི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་ཅན་མོད་མི་དམའ་བ་པར་སྐྲུན་འགྲེམས་སྤེལ་བྱས་མུར།   མི་རྣམས་ཧུར་བརྩོན་ཡར་སྐྱེད་འབྱུང་བའི་ལྕག་ཚན་ཉག་ཅིག་ཏུ་གྲུབ། དེ་མིན།  དཔེ་དེབ་ཁྲོམ་རར་བཀྲམ་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་བཀླག་དེབ་ཀྱང་འཁྲུག་ཆ་དོད་ལ་རྣམ་པ་སྣ་ཚོགས་སུ་མཆིས།      ཡིན་ནའང་།   ངེས་པར་ཁས་འཆེས་དགོས་པ་ཞིག་ནི།   བཀླག་དེབ་དེ་དག་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ལྷག་དོན་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་བཞག་ཚེ།   མ་ལག་ཆ་ཚང་ཡོངས་ཁྱབ་དང་དབང་གྲགས་ཡིད་རྟོན་འཕེར་བ།   གསུང་རབ་རྒྱུན་འཛིན་རུང་བ་བཅས་ཀྱིས་སྤུ་རིས་ཤན་ཕྱེ་བའི་རིན་ཐང་ཆེན་པོ་མ་མཆིས་ཤིང་།   ཕལ་མོ་ཆེ་ནི་རྩོམ་པ་པོ་ག་གེ་མོས་དུས་སྐབས་མང་གེ་མོར་བརྩམས་པའི་བརྩམས་ཆོས་སམ་ཡང་ན་དུས་དེབ་ཁང་ཆེ་གེ་མོས་དུས་མཚམས་མང་གེ་མོར་སྤེལ་པའི་བརྩམས་ཆོས་དག་ཕྱོགས་སུ་བསྡུས་པ་ཙམ་སྟེ།    སྤྱིའི་ཆ་ནས་བལྟས་ན་ད་དུང་ཐར་ཐོར་སིལ་བུ་ཅན་དང་བཟང་ངན་སྦྲགས་མར་གནས་པའི་ཞན་ཆ་མངོན་འདུག    དེར་བརྟེན།   ཁྱོན་ཡོངས་ནས་དང་མ་ལག་ཚང་བའི་སྒོ་ནས་དང་དུས་གཟུར་མེད་པའི་ངང་ནས།  ལོ་ངོ40ཙམ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་གནས་སྟངས་དང་རྣམ་པ་ཡོངས་སུ་མཚོན་པ་དང་།   དུས་སྐབས་མི་འདྲ་བའི་རྩོམ་པ་པོ་གལ་ཆེན་དག་གི་བརྩམས་ཆོས་གཙོ་བོ་འདེམ་སྒྲུག་བྱེད་པ་དང་།    དུས་སྐབས་དེའི་བོད་ཀྱི་རྩོམ་རིག་གི་འདས་པའི་བྱུང་འཕེལ་དང་རྩ་བའི་གྲུབ་ཚུལ།   མ་འོངས་འཕེལ་ཕྱོགས་ཐད་ཏན་ཏན་ཏིག་ཏིག་དང་ཁ་ཞེ་གཉིས་མེད་སྒོས་གསེད་འགྲོལ་བྱེད་པ་དང་།  དུས་ཕྱིས་སུ་བོད་ཀྱི་རྩོམ་རིག་ལ་སྔར་བས་གཏིང་ཟབ་པའི་ཞིབ་འཇུག་བྱེད་པར་ཡིད་རྟོན་འཕེར་ཞིང་འཚོལ་ཞིབ་ཆོག་པའི་རྒྱུ་ཆ་གྱ་ནོམ་པ་ཞིག་འཇོག་པ་དང་།   རྒྱ་ཆེའི་ཀློག་པ་པོར་དབང་གྲགས་ཆེ་ཞིང་མ་ལག་ཚང་བ།  འདུ་ཕུད་ལྡན་པའི་བསྡུས་དེབ་དཔེ་ལེགས་ཤིག་མཁོ་འདོན་བྱེད་པ་བཅས་ཀྱི་ཆེད་དུ།    《སྦྲང་ཆར》རྩོམ་སྒྲིག་ཁང་གིས་དུས་ཡུན་རིང་བོར་ཉེར་བསྡོགས་སྟ་གོན་དང་བདེན་པ་ཁུངས་སྐྱེལ།  ཇུས་འགོད་ཞིབ་མོ་བཅས་བགྱིས་ཐོག    དེབ་གྲངས40ཡི་བདག་ཉིད་དུ་གྲུབ་པའི《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཞེས་པ་འདི་དཔེ་སྐྲུན་འཆར་འགོད་དང་ལག་ལེན་དོན་འཁྱོལ་དུ་བསྟར་པ་ཡིན་ལ།   དེའི་རིང་རྒྱ་ཆེའི་ཀློག་པ་པོ་དང་རྩོམ་རིག་དོན་གཉེར་པ་རྣམས་ཀྱིས་དགའ་བའི་ཐལ་མོ་རྡེབ་པའི་མཚུངས་སུ།  ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ནས་ཀྱང་རྒྱབ་སྐྱོར་བླ་མེད་གནང་བྱུང་།   《གཅེས་བཏུས》འདི་ནི་སྤྱི་ལོ1980ལོ་ནས་སྤྱི་ལོ2019ལོའི་བར་གྱི་ལོ་ངོ40དེ་རྒྱུར་བྱས་ཤིང་།  འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་པ་པོའི་བརྩམས་ཆོས་དག་སྤུན་དུ་དྲངས་ཐོག  བྱེ་བྲག་སྒྲུང་གཏམ་དང་སྙན་ངག   ལྷུག་རྩོམ།   རྩོམ་རིག་དཔྱད་བརྗོད་བཅས་རྩོམ་ལུས4བོ་ཐགས་སུ་སྦྲེལ་བ་ཞིག་སྟེ།    ལོ་ངོ10རེ་དུས་མཚམས་སུ་ཕྱེ་ནས་དེབ་གྲངས10རེ་དཔེ་སྐྲུན་བྱ་འཆར་ཡོད་པ་དང་།   སྤྱི་ལོ2016ལོར་དེབ་གྲངས10པར་དུ་བསྐྲུན་པ་ནས་མགོ་ཚུགས་ཏེ།   སྤྱི་ལོ2019ལོར་ཡོངས་སུ་མཇུག་བསྒྲིལ་རྩིས་ཡིན་ཟེར།

527598266001330149.jpg

《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》ཀྱི་གཙོ་སྒྲིག་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་གྱིས་བཤད་རྒྱུར། 《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》འདེམ་སྒྲུག་བྱེད་པའི་གོ་རིམ་ཁྲོད།   ང་ཚོས་གཤམ་གྱི་གནད་ཁ་ཤས་དམིགས་སུ་བཟུང་ནས་བོགས་ཅི་ནུས་བཏོན་པ་སྟེ།  གཅིག་ནི་ཁྱོན་ཡོངས་སུ་ཁྱབ་པར་བྱས་པ་ཡིན།   དུས་རབས་གོང་མའི་ལོ་རབས80པའི་ཚུན་གྱི་བོད་ཡིག་གི་དུས་དེབ་དང་ཚགས་པར་སྟེང་དངོས་སུ་སྤེལ་པའི་བརྩམས་ཆོས་མཐའ་དག་འཚོལ་སྡུད་བྱས་པའི་རྨང་གཞིའི་སྟེང་།    ནན་ཏན་ཕྲ་ཞིབ་ཀྱི་སྒོ་ནས་གཅིག་ཀྱང་མ་ལུས་པར་རེ་རེ་བཞིན་དུ་བཀླགས་ཤིང་།   ཁྱབ་རྒྱ་ཆེ་ཞིང་ཕན་འབྲས་ལྡན་པའི་བསམ་འཆར་སྡུད་ལེན་བྱས་ཏེ།  ལོ་ངོ40ཙམ་གྱི་བོད་ཀྱི་དེང་རབས་རྩོམ་རིག་ལས་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་པ་པོ་དང་བརྩམས་ཆོས་དག་འདེམ་སྒྲུག་བྱས་པ་ཡིན་ལ།   དུས་རབས་དང་སྤྱི་ཚོགས་ལ་ངོ་གནོང་མི་དགོས་པའི་རྩོམ་རིག་གི་རྩ་བའི་བྱས་འབྲས་ཇི་བཞིན་དུ་བསྟབས་པའི་མཚུངས་སུ།   ཀྲུང་ཧྭ་རིག་གནས་ཀྱི་ཕུན་ཚོགས་རང་བཞིན་ཡང་གསལ་བར་བསྟན་པའོ།  །གཉིས་ནས་དབང་གྲགས་ལྡན་པ་ཞིག་ཏུ་བརྩོན་ལེན་བྱས་པ་ཡིན།  དུས་ཡུན་རིང་བོར་རྩོམ་རིག་གི་ལས་ཀ་དོན་དུ་གཉེར་བའི་རྩོམ་སྒྲིག་པ་གྲགས་ཅན་དང་ཆེད་ལས་ཞིབ་འཇུག་མི་སྣ་སྐོང་སྡུད་ཀྱིས་རྩོམ་སྒྲིག་ཚོགས་པ་བཙུགས་ཤིང་།  རྩོམ་རིག་གི་བློ་སྦྱོང་མཐོན་པོ་དང་རོ་མྱོང་གི་ནུས་པ་རྩལ་དུ་སྤྲུགས་ཐོག   སྒྱིད་ལུག་རྣམ་གཡེང་གི་སེམས་པ་སྤངས་ཤིང་ཁུར་བཟོད་རྟག་འགྲུས་ཀྱི་རྣམ་འགྱུར་དྲང་བོ་བཟུང་སྟེ། རྩོམ་སྒྲིག་པར་ཞུས་ཀྱི་ལས་ཀ་ཐོག་མཐའ་བར་གསུམ་དུ་ལེ་ལོ་མ་ཤོར་བར་བགྱིས་པ་དང་སྦྲགས། དཔེ་དེབ་ཀྱི་དབང་གྲགས་ལེགས་པར་བསྲུངས་ཡོད།  གསུམ་ནས་གསུང་རབ་ཀྱི་ཁྱད་ཆོས་འཛོམས་པར་བྱས་ཡོད། དེ་ལྟའི་གསལ་ཞིང་ཞིབ་པའི་རྩོམ་སྒྲིག་གི་འདུན་མས་ཐོག་དྲངས་ཏེ།  《གཅེས་བཏུས》སུ་བདམས་པའི་བརྩམས་ཆོས་མཐའ་དག    ནང་དོན་སྤུས་ཚད་ཟབ་དག་ཡིན་མིན་དང་སྒྱུ་རྩལ་རྣམ་པ་ཞུན་ཐར་ཆོད་མིན། ཡང་ན་སྒྲིག་བཟོའི་སྤུས་ཀ་བཟང་མིན་བཅས་ཕྱོགས་གང་ཅིའི་ཐད་གསུང་རབ་ཀྱི་ཁྱད་གཤིས་སྲུང་འཛིན་གྱིས་དཔེ་ཀློག་སྐྱོར་སྦྱོང་གི་ཕན་ཡོན་ཉམས་པ་མེད་པ་དང་། སྤྱོད་སྒོ་བོགས་འདོན་ཆེ་བའི་ལོ་རྒྱུས་དཔྱད་ཡིག་གི་ཞིབ་འཇུག་རིན་ཐང་ལྡན་པར་བྱས་པ་ཡིན། གོང་སྨོས་ཀྱི་རེ་འདུན་དང་འཆར་འགོད་དེ་དག་བདེ་བླག་ངང་འགྲུབ་པའི་ཆེད་དུ།   ང་ཚོས་ལས་བྱ་མང་བོ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྒྲུབས་ཤིང་།   དཀའ་སྡུག་གི་རྔུལ་ཆུ་མང་བོ་གཏོར་ནའང་།   ཆུ་ཚད་དང་འཇོན་ཐང་།   དུས་ཚོད།   ས་བཅད་སོགས་རྒྱུ་རྐྱེན་དུ་མའི་ཚོད་འཛིན་གྱི་དབང་གིས།   རྩོམ་སྒྲིག་པར་སྐྲུན་བྱས་དང་བྱེད་འགྱུར་གྱི《གཅེས་བཏུས》འདིར་གནད་དོན་དང་སྐྱོན་ཆ་རེ་གཉིས་ཅིས་ཀྱང་མཆིས་སྲིད་ལ།   ཐ་ན་ཉ་ཉུང་མཉམ་བསྲེས་དང་གཡག་ཞར་རྩྭ་ཟོས་ཀྱི་ནོངས་འགལ་ཡང་ཡོད་ངེས་ན།  ང་ཚོས་ལྷག་བསམ་ཟོལ་མེད་ངང་རིགས་གཅིག་མཁས་པ་དང་རྒྱ་ཆེའི་ཀློག་མཁན་རྣམ་པས་བོད་ཀྱི་རྩོམ་རིག་བདེ་བླག་ངང་འཚར་ལོངས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ཀུན་སློང་གཙང་མས་རྒྱུད་བསྐུལ་ཏེ།   རིན་ཐང་གཞལ་དུ་མེད་པའི་དག་ཐེར་དགོངས་འཆར་དང་གནད་སྨིན་གྲོས་མགོ་གང་ལེགས་སྩོལ་བའི་རེ་བ་ཡང་ཡང་ཞུ་ཞིང་།   དེས་ཀྱང་ང་ཚོའི་མ་འོངས་པའི་བྱ་བཞག་སྔར་ལས་ཡག་ཐོག་ཡག་བརྩེགས་ཡོང་བར་ལྕག་ཚན་གཞུས་ན་སྙམ་ཟེར།། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།