ཀྲུང་གོ་བོད་ཀྱི་དྲ་བ།

སྟོང་སྐོར་ཀུན་རིག་མཚོའི་སྙན་ངག་ཚན་པ་བདུན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྟོང་སྐོར་ཀུན་རིག་མཚོ།   སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3423.jpg

ཀུན་རིག་མཚོ། ༢༠༠༤ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ། ལྷ་ས་ནག་ཆུ་མཐོ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར། ༢༠༡༢ལོར་བོད་ལྗོངས་སློབ་ཆེན་དུ་རྩོམ་རིག་ཆེད་ལས་ཞིབ་འཇུག་གི་སློབ་མཐར་ཕྱིན་རྗེས་ནག་ཆུ་མཐོ་འབྲིང་དུ་མུ་མཐུད་དགེ་རྒན་གྱི་ལས་གནས་གཉེར་བཞིན་ཡོད།


བྱིས་པའི་རེ་འདུན།

            སྟོང་སྐོར་ཀུན་རིག་མཚོ། (ལྷ་ས།)


ཕ་སྐད་གསེར་སྐུད་འདྲ་བོ་ཆད་མི་རུང་།། 

བརྩེ་བ་འོ་མའི་མར་ལོ་བཞུ་མི་རུང་།། 

ལག་ལེན་བདུད་རྩིའི་ཉིང་ཁུ་འཛད་མི་རུང་།། 

དམ་ཚིག་རྡོ་རྗེ་བྲག་རི་བསྙིལ་མི་རུང་།། 

ཨ་ཕའི་སྐད་ཆ་ང་ཡི་འཚོ་རྟེན་ཡིན།།

 ཨ་མའི་བསླབ་བྱ་ང་ཡི་རྒྱགས་ཕྱེ་ཡིན།། 

ཨ་མྱེས་གནའ་གཏམ་ང་ཡི་བདེ་སྐྱིད་ཡིན།། 

ཨ་ཕྱིའི་མ་ཎི་ང་ཡི་སྙན་གཞས་ཡིན།།

གཅེས་པའི་ཕ་སྐད་ང་ཡི་བླ་སྲོག་ཡིན།། 

རླབས་ཆེན་ཕུགས་བསམ་འགྲུབ་པའི་རྨང་རྡོ་ཡིན།། 

ང་དང་བྱོལ་སོང་དབྱེ་བ་དགར་བྱེད་ཡིན།། 

ང་ཡི་འཇོན་ཐང་མངོན་པའི་དཔང་རྟགས་ཡིན།།

རྒྱུ་དང་འབྱོར་བའི་ཟང་ཟིང་སྤྱི་ཚོགས་འདིར།། 

ང་ཡི་སྐྱོ་ངལ་མཚོན་བྱའི་མིག་ཆུ་ཡིན།། 

ང་ཡི་སེམས་ངལ་གསོ་སའི་ཁང་བཟང་ཡིན།། 

ང་ཡིས་མེས་པོར་བལྟ་བའི་མེ་ལོང་ཡིན།།

སྟོང་སྐོར་ཀུན་རིག་མཚོ་ནས། 

         ༢༠༡༦.༦.༢༠ཉིན་ཞོལ་གྲོང་གསར་དུ་བྲིས།


མཐོ་སྒང་གི་ཆིག་ལབ།


ང་ལ་ཡངས་པའི་མཁའ་ཞིག་ཡོད།།

གཙང་ཆབ་དྭངས་མོ་འཁྱིལ་འདྲ་ཡིན།།

སྤྲིན་དཀར་མ་མོ་བཞུར་ས་ཡིན།།

མཁའ་མཐའི་སྐར་མ་འོད་ཆེན་དེ།།

མཚན་མོར་རྨི་ལམ་སྨིས་རོགས་ཡིན།།

ཐོ་རེངས་བྱ་ཕོ་གྲགས་རོགས་ཡིན།།

ང་ལ་བརྗིད་པའི་རི་ཞིག་ཡོད།།

དར་དཀར་ཡུག་གཅིག་འཐེན་འདྲ་ཡིན།།

འཛམ་གླིང་རྩེ་མོའི་གསེར་ཏོག་ཡིན།།

བྲེ་སེར་འབྲོང་གི་དཔུང་རྡང་དེ།།

མཁའ་ལྡིང་ཁྱུང་གི་གཤོག་རྩལ་ཡིན།།

དམར་ཡག་སྟག་གི་ངར་ཤུགས་ཡིན།།

ང་ལ་མཛེས་པའི་ས་ཞིག་ཡོད།།

གཡུ་མདོག་གོས་གསར་བཏིང་འདྲ་ཡིན།།

ཆོལ་ཁ་གསུམ་གྱི་གཙུག་རྒྱན་ཡིན།།

ཕ་སྐད་དག་མའི་དངོས་གྲུབ་དེ།།

མེས་པོའི་ཤུལ་བཞག་ནོར་བུ་ཡིན།།

སྤུན་ཟླའི་བརྩེ་སེམས་གསེར་ཐག་ཡིན།།

ང་ལ་མཛངས་པའི་རིགས་ཤིག་ཡོད།།

བྱམས་བརྩེའི་ཉི་ཟེར་འཕྲོས་འདྲ་ཡིན།།

སྙིང་རྗེ་ཀུན་གྱི་བདག་པོ་ཡིན།།

གཞན་ཕན་ལྷག་བསམ་དཀར་བོ་དེ།།

ཕ་མའི་དྲིན་ལན་གཞལ་བྱེད་ཡིན།།

བུ་ཕྲུག་ལམ་ལ་འཇུག་བྱེད་ཡིན།།

      

              ༢༠༡༦.༧.༡ ཉིན་རང་ཁྱིམ་དུ་བྲིས།


  ཟོ་དང་བཞོ་ཟེའུ།


འོ་ཟོ་འབྲུ་ཤུག་སྔོན་མོ་རེད།།

འོ་མའི་རྒྱ་མཚོ་ལྟེམས་སེ་ལྟེམ།།

འོ་འཁོར་ལྷ་ཤིང་ཙན་དན་རེད།།

མར་གསར་ནོར་བུ་མངོན་སེ་མངོན།།

  

འབྲོག་མོའི་ལག་གི་མ་རྒྱུ་རེད།། 

བརྩེ་བའི་འཛུམ་ཆུང་ཤིགས་སེ་ཤིག།

འདོད་འཇོའི་ཟས་བཅུད་བསྐྱིལ་ས་རེད།།

དགའ་བའི་གཞས་ཆུང་སྙན་སེ་སྙན།།

བཞོ་ཟེའུ་པང་ཁའི་མེ་ཏོག་རེད།།

བཞོ་ལུང་རྩེ་ན་ལྷངས་སེ་ལྷང་།།

གཡང་འགུག་འབྲི་མོའི་ལྷུང་བཟེད་ཡིན།།

འཇོ་བའི་འོ་སྤྲི་ཤགས་སེ་ཤག།

 

རྨ་རྒྱལ་སྦོམ་རའི་ཡོན་ཆབ་ཡིན།།

གངས་ཅན་བོད་ཀྱི་ཟས་མཆོག་ཡིན།།

འཇོ་ས་ཙན་དན་བཞོ་ཟེའུ་ཡིན།།

དཀྲོག་ས་ལྷ་ཤིང་ཟོ་བ་ཡིན།།

མ་བཟང་ཡིད་ཀྱི་ནོར་བུ་ཡིན།།

བྱིས་པའི་སེམས་ཀྱི་རྨི་ལམ་ཡིན།།

སྦྲང་དཀར་རྩམ་པའི་བཅུད་འཛིན་ཡིན།།

ཡ་རབས་ཚང་གི་རྟེན་གཙོ་ཡིན།།

              ༢༠༡༦.༧.༧ཉིན་རང་ཁྱིམ་དུ་བྲིས།


              རེ་བ།


མཚོ་མོའི་རླབས་རྒྱུན་འཇགས་རོགས།།

དོན་མཐུན་ལམ་ལ་ཆས་དགོས།།

གཡོ་གྲུའི་གྲུ་དར་མ་ལྷོད།།

ཚོང་འདུས་མགྲོན་པོོར་འཕྲད་དགོས།།

ཁ་བའི་འདབ་མ་བཞུ་རོགས།།

རྐང་རྗེས་ས་ལ་བཀོད་དགོས།།

གངས་ལྷའི་འཛུམ་མདངས་མ་ལྷོད།།

བྱམས་པའི་ཕྱག་ཟུང་རེག་དགོས།།

རི་གསུམ་རྩེ་མོ་མཐོ་རོགས།།

རླུང་རྟའི་དར་བོ་འཛུགས་དགོས།

དུང་བའི་དར་ལྕེ་མ་རལ།།

རླུང་བུའི་རྒྱུན་ལ་འགྲོག་དགོས།།

ཆུང་འདྲིས་སྙིང་མཐུན་སྐྱིད་རོགས།།

སྣང་བའི་དམུ་ཐག་འཐེན་དགོས།།

བརྩེ་བའི་འདུན་པ་མ་ལྷོད།།

མི་ཚེ་ཚད་ཀྱིས་གཞལ་དགོས།།

             ༢༠༡༦.༧.༦ ཉིན་དབུས་སུ་བྲིས།


        ཁྱི་དང་མི།


རྔ་གཡུག་གནམ་ལ་གཟེངས་ནས།།

བདག་པོར་ངོ་དགའ་སྤྲེལ་ལད།།

ཟས་ཐུན་ཁམ་གང་དེ་ནི།།

རིན་ཐང་ལུས་ལ་གཞལ་དགོས།།

ཁག་མེད་ཤ་གཟན་དུད་འགྲོ།།

ལྟོ་ཐུན་མི་ལ་རེ་དགོས།།

ངག་གི་ཚིག་གསུམ་དབེན་ཡང་།།

མིག་མདངས་དྲིན་གྱིས་ཁེངས་ཡོད།།

ཅང་མེད་བུ་ལོ་ཟེར་ཞོར།།

རང་དོན་ཁོ་ན་གཉེར་མཁས།།

སྙིགས་མའི་མི་ཡི་རང་གཤིས།།

ཁྱོད་ཀྱི་དོ་ཡ་མ་རེད།།

མདུན་དུ་འཛུམ་པའི་འོད་མདངས།།

མིག་ལ་མཛེས་པ་སྤྲད་ཀྱང་།།

རྒྱབ་ཏུ་མཛུབ་མོ་ཀེར་ཀེར།།

སེམས་ལ་གཟན་པ་བྱུང་སོང་།།

དུས་ཀྱི་འགྱུར་བ་མ་ཡིན།།

མི་ཡི་རང་གཤིས་འགྱུར་སོང་།།

དངུལ་ལོར་སེམས་པ་ཤོར་སོང་།།

རྒྱུ་འབྲས་རྒྱ་མ་བོར་སོང་།།

ཁྱི་གུར་མཆིལ་ཞགས་འཕེན་དུས།།

རང་ཉིད་མི་ཡིན་བསམ་ཡང་།།

དོན་ལ་ཁྱི་ལས་སྡུག་སོང་།།

རྔ་མ་སྐུངས་ལས་མངོན་སོང་།།

དཔལ་དང་འབྱོར་བའི་དུས་ལ།།

ཁྱི་ལ་ཞེད་སྣང་མི་དགོས།།

མི་ལ་དོགས་ཟོན་བྱེད་དགོས།།

མི་ཁྱིའི་དབྱེ་བ་འཁྲུལ་ཚེ།།

བདེན་པ་རྫུན་ལ་བསམ་འགྲོ།

རྫུན་མ་བདེན་པར་རློམ་འགྲོ།

བདེན་རྫུན་དབྱེ་བ་ནོར་འགྲོ།

མཐའ་མར་རང་ཉིད་ཕམ་འགྲོ།

           ༢༠༡༦.༧.༢ཉིན་བར་སྐོར་དུ་བྲིས།


      དམ་བཅའ།


མཚོ་མེ་ལོང་འདྲ་བོར་ཤོད་ལ།། 

སྤང་གཡུ་ལོའི་དཀྱིལ་ནས་སྒུག་དང་།།

ང་ཐག་རིང་ངང་མོ་ཆ་འགྲིག། 

སྟོད་བྲག་དམར་བསྐྱུར་ནས་འཕུར་ཡོང་།། 

མཚོའི་དྭངས་ཤ་བསམ་ནས་སྡོད་ཡོང་།། 

ཟླ་བཅུ་བའི་འབོད་པ་ཐོན་དུས།། 

དར་མི་ཆགས་ཁས་ལེན་ཁྱོས་བྱོས།། 

འཕུར་མི་འགྲོ་དམ་བཅའ་ངས་འཇོག།

གན་བྲེ་སེར་འབྲོང་ལོར་ཤོད་ལ།།

རྫ་རི་ཆེན་སྟེང་ནས་སྒུག་དང་།།

ང་ཐག་རིང་འབྲི་གཡག་ཆ་འགྲིག།

གངས་དཀར་བོ་བསྐྱུར་ནས་གཤར་ཡོང་།།

རྫའི་དྲོད་གཤེར་བསམ་ནས་སྡོད་ཡོང་།།

རྔོན་ར་མདའི་འབོད་པ་ཐོན་དུས།།

མདའ་མི་ཕོགས་ཁས་ལེན་ཁྱོས་བྱོས།།

སྲོག་མི་འདོར་དམ་བཅའ་ངས་བྱེད།།

སྡེ་ཕ་ས་སྨུག་པོར་ཤོད་ལ།།

མ་གཟིགས་ལྡན་མདུན་ནས་སྒུག་དང་།།

ང་ཐག་རིང་མགྲོན་པོ་ཆ་འགྲིག།

གནས་ལྷ་ལྡན་བསྐྱུར་ནས་སླེབས་ཡོང་།།

འདང་བརྩེ་བ་བསམ་ནས་སྡོད་ཡོང་།།

ལས་འདུ་བྱེད་འབོད་པ་ཐོན་དུས།།

འགྲོ་མི་དགོས་ཁས་ལེན་ཁྱོས་བྱོས།།

བྲལ་མི་ཡོང་དམ་བཅའ་ངས་བྱེད།།

      ༢༠༡༦.༦.༢༩ཉིན་རང་ཁྱིམ་དུ་བྲིས།

 

           ཆར་སྡོད་བྱེའུ།


ཆར་སྡོད་བྱེའུ་ཆུང་འདི་ལ་སེམས་ཤིག་ཡོད།། 

དམར་བོ་ཁྲག་ལས་གྲུབ་པའི་འདང་ཞིག་ཡོད།། 

བདེན་རྫུན་དབྱེ་བ་འབྱེད་པའི་གཤིས་ཤིག་ཡོད།། 

བུ་ཡུག་འུར་འུར་ཁྲོད་ན་ཉམས་ཤིག་ཡོད།།  

རྒྱ་བྱ་ཁྱུང་ཆེན་ལྟ་བུའི་ལོ་རྒྱུས་མེད།། 

རྫ་ཁའི་གོང་ཡག་ལྟ་བུའི་རིན་ཐང་མེད།། 

རྨ་བྱ་སྔོན་མོ་ལྟ་བུའི་མཛེས་སྡུག་མེད།། 

ཨ་ཕོ་ནེ་ཙོ་ལྟ་བུའི་ལད་ཟློས་མེད།། 

ཆར་སྡོད་བྱེའུར་ཕུགས་འདུན་ཆུང་ཆུང་ཡོད།། 

ཆར་ནང་གོམ་ཆུང་རེ་ཡི་རྗེས་ཤུལ་ཡོད།། 

ཉི་ཟེར་དྲོད་མོའི་འོད་ཟེར་འགྱེད་ལ་ཡོད།། 

མཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུབ་ལ་ཡོད།། 

གཡུ་འབྲུག་ཟོལ་མའི་ངར་ལ་སྐྲག་མྱོང་མེད།། 

གློག་དམར་ཆེམ་ཆེམ་འཁྱུག་པར་བྲོས་མྱོང་མེད།། 

རྡོ་ཆར་ཤག་ཤག་འབབ་པར་སྐུངས་མྱོང་མེད།། 

ཐོག་རྒོད་འཇིགས་སྣང་དེ་ལ་ཕམ་མྱོང་མེད།། 

ཆར་སྡོད་བྱེའུར་རིན་ཐང་གཞལ་མེད་ཡོད།། 

རང་སའི་ཁོར་ཡུག་དེ་རུ་རང་གཤིས་ཡོད།། 

འདབ་ལྡན་བྱ་ཚོགས་ཁྲོད་ན་རང་ཚུགས་ཡོད།། 

ཕམ་ཉེས་མོད་པོའི་ཁྲོད་ན་རང་གཅེས་ཡོད།། 

མདོར་ན་ངའང་ཆར་སྡོད་བྱེའུར་དགའ།། 

དཀའ་བ་དང་ལེན་བྱེད་པའི་གཤིས་ལ་དགའ།། 

འགྱུར་མེད་དམ་ཚིག་བརྟན་པོའི་སྲོལ་ལ་དགའ།། 

ཆར་ནང་སྤོབས་པར་སྡོད་པའི་ཉམས་ལ་དགའ།། 

༢༠༡༦.༧.༣ཉིན་སྐྱིད་ཆུའི་འགྲམ་དུ་བྲིས།

གདན་ཞུའི་རྩོམ་སྒྲིག་པ་ས་དམར་གྲགས་པས་འོས་སྦྱོར་བྱས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།