ཀྲུང་གོ་བོད་ཀྱི་དྲ་བ།

ས་དཀྱིལ་ཚེ་བཀྲའི་སྙན་ཚིག་ཁག་བཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ས་དཀྱིལ་ཚེ་བཀྲ།   སྤེལ་དུས། : 2016-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་ཐིགས་ཤིག  

ས་དཀྱིལ་ཚེ་བཀྲ།


དེ་རིང་ས་གཞི་འཁྱག་གིས་བསྡམས

དེ་རིང་སེམས་པ་འཁྱག་གིས་བསྡམས

འཁྱག་གིས་བསྡམས་པའི་ས་གཞི་དང་སེམས་པར

ཆུ་ཐིགས་ཤིག་འཛར

གནམ་ངོ་རབ་རིབ་ཀྱི་གསེང་ནས་ཆུ་ཐིགས་ཤིག་འཛར

ཆུ་ཐིགས་དེས   ས་གཞི་དང་སེམས་པར

དྲོད་ལམ་ལམ་གྱི་མེ་ཕུང་ཞིག་སྦྱིན

དེ་ནི་གཞན་གང་ཡང་མ་ཡིན་གྱི

ཆུ་ཐིགས་ལྟ་བུའི་ཁྱེད་ཀྱི་མིག་འོད་མཐོང་བས་ལགས།

                                2015.11.4ཉིན།


གཤོག་པ།

                                 

སྡུག་གི་གཤོག་པ

སྐྱིད་ཀྱི་གཤོག་པ

གཤོག་པའི་སྟེང་གི་ལམ་རིས་གང་དུ་ཡོད

ཁེར་རྐྱང་ཡིན་པའི་ཟི་ལིང་གི་མཚན་མོ་འདིར

སེམས་ཀྱི་གཤོག་པ་བརྐྱངས་ནས་གང་འཕུར་ཨང

དོ་ནུབ   རླུང་བུ་འུར་འུར་མཆེད་པའི་དོ་ནུབ

འཁྱག་ལ་འབྱར་བའི་རྡོ་བ་ཞིག

གྲོག་མ་དང་འབུ་སྲིན་ལྟ་བུའི

རྡོ་བའི་ནགས་ཚལ་འདིར

སྐར་ཚོགས་སུ་འཁྲུལ་བའི་གློག་འོད་ཆེམ་ཆེམ་ལ་ཇི་འདྲའི་ཞེན

དེ་ནི་མེ་དང་ཕྱེ་མ་ལེབ་ཡིན་མི་སྲིད

དེ་ནི་མཚན་མོ་དང་སྐར་ཚོགས་དེ་བས་ཀྱང་ག་ལ་སྲིད

དེ་ནི་བར་སྣང་དུ་བརྐྱངས་པའི་གཤོག་པ་ཞིག

དེ་ནི་གཤོག་པའི་སྟེང་གི་ཆུ་ཟིལ་ཉིད

མུན་པའི་གཤོག་པ

འོད་ཀྱི་གཤོག་པ

གཤོག་པའི་སྟེང་གི་རྨི་ལམ་གང་དུ་ཡོད།

                          2016.1.3མཚན་ཟི་ལིང་དུ།


མུན་རུབ་རྗེས།

                                    

མུན་རུབ་རྗེས

མལ་ཁྲིའི་སྒང་ནས་མེ་ལོང་དུ་བལྟས་པས

རང་ཉིད་གཅེར་བུ་ཡིན་པ་མཐོང་ཞིང

གྲང་ཚོར་རྒྱས་པའི་གློག་སྒྲོན་ང་ལ་ཅེར་ནས

ཁྲེལ་འཛུམ་ལངས་པ་དང་མཚུངས

མུན་རུབ་རྗེས

ཁང་བ་འཁྱག་པ་འདིའི་སྒེའུ་ཡོལ་བརྒྱབ་མེད་པས་ན

གྱང་ངོས་སུ་ལྡེབས་རིས་སྣ་ཚོགས་མངོན་ཞིང

ལྡེབས་རིས་སྣ་ཚོགས་ཁྲོད

ང་རང་གཅེར་གཟུགས་ཡིན་པ་གཏན་ནས་མ་འཆར

ཡིན་ནའང   ཡང་བསྐྱར་མེ་ལོང་དུ་ལྟ་དུས

སྔར་བཞིན་གཅེར་བུ་ཡིན་འདུག

མུན་རུབ་རྗེས

རྨི་ལམ་དུ

ངས་ཉི་འོད་གྱོན་འདོད་ཀྱིས་ཇི་ལྟར་རྒྱུག་ནའང

མུན་པའི་གཙང་བོ་ལས་བརྒལ་ཐབས་བྲལ

མ་གཞི་ཚེ་སྲོག་གིས་ང་ལ་རྩེད་མཚར་གནང་གིན་འདུག

འཇིག་རྟེན་མི་ཡུལ་དུ་ཡོང་དུས་གཅེར་བུ་ཡིན་ལ

འཇིག་རྟེན་མི་ཡུལ་དང་འབྲལ་དུས་ཀྱང

གཅེར་བུར་འགྲོ་དགོས་པའི་ལུང་བསྟན་གནང

མུན་རུབ་རྗེས……

                                 2016.1.5ཟི་ལིང་དུ།

       

                  དུས་ཚོད་ཀྱི་ཕྱི་ནང་།

                                   

དུས་ཚོད་ཀྱི་ཕྱི་ནང    སྐད་ཅིག་ཙམ

དུས་ཚོད་ཀྱི་ཕྱི་ནང    ཇི་སྲིད་བར

ཚེ་སྲོག་ནི་དུས་ཚོད་ཀྱི་བྲན་གཡོག་ཉིད

ཁྱེད་ཀྱི་སྐྱེ་འཆི

ཁྱེད་ཀྱི་གདགས་གཞི

ཁྱེད་ཀྱི་དུས་ཚོད

ཆུ་ཡི་གྲིབ་གཟུགས་དང་རླུང་གི་འུར་སྒྲར་འདྲེས

དུས་ཚོད་ཀྱི་ཕྱི་ནང

མུན་པ་དང་འོད་སྣང་གིས་གཅུམ་པས

ཡོད་ཚད་རྨི་ལམ་དུ་འཁོར་ཞིང་རྒྱུ

དུས་ཚོད་སྔོན་པོ   

ནམ་མཁའ་སྔོན་པོ

སེམས་པ་སྔོན་པོ

སྔོན་པོ་མིན་པ་གང་ཞིག་གིས

ཁྱེད་ཀྱི་ཚེ་སྲོག་གི་སྒེའུ་ཁུང་སྒྲིབ་ཅིང་འོང

ཁྱེད་རང་ནམ་མཁའི་སྤྲིན་པ་མིན

ཁྱེད་རང་ས་གཞིའི་རྩྭ་ལྗང་མིན

ཁྱེད་ལ་དུས་ཚིགས་ཁོ་ནས་བརྩེ་བ་སྦྱིན་དགོས་མི་འདུག

ཁྱེད་ཀྱིས་སྤྲིན་ལ་བལྟས་ནས་གནམ་གཤིས་བརྟག་མི་ཤེས

ཁྱེད་ཀྱིས་ཞོགས་པ་དང་ས་སྲོས་རེ་རེར

དུས་ཚོད་ཁོ་ནར་སྒུག་པས་ཆོག

དུས་ཚོད་ཀྱི་ཁྱེད་ལ་ཚེ་སྲོག་བསྐྲུན་ཞིང

དུས་ཚོད་ཀྱིས་ཁྱེད་ལ་འཆི་བའང་གནང་ངེས

དུས་ཚོད་ནི་ལོ་ཟླའི་སྙིང་ཁ་གཤགས་པའི་རལ་གྲི་དང

དུས་ཚོད་ནི་སྐྱེ་འཆིའི་ལམ་སྣེ་འདྲེན་པའི་འཆིང་ཐག་གོ།

                                 2016.1.5ཟི་ལིང་དུ།

གདན་ཞུའི་རྩོམ་སྒྲིག་པ་སྟག་རིག་འབྲུག་ཐར་གྱིས་འོས་སྦྱོར་བྱས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།