ཀྲུང་གོ་བོད་ཀྱི་དྲ་བ།

མཛངས་མ་ཆོས་དབྱིངས་སྐྱིད་ལ་ཕུལ་བའི་སྙན་ངག་ཆེད་སྒྲིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8eecd2e72a1dab4ec8ffb54fca3382d4.jpg

བོད་མོ་ཆོས་དབྱིངས་སྐྱིད་ལ་བྲིས་པ།

མདོ་སྨད་ཧེ་རུ་ཀ


 དོ་ནུབ་བརྙན་འཕྲིན་ལས་ཁྱོད་ལ་བསྒུག་ཡོད།
 གླིང་ཕྲན་དང་རྒྱ་མཚོ་ག་ཚོད་ཀྱིས་བར་ཐག་ཆོད་ཡོད་པ།
 ང་ཡིས་བགྲང་གིས་མི་ལང་རུང་།
 བརྩེ་གདུང་གི་ནམ་མཁའི་ངོས་སུ།
 སྤྲིན་དཀར་གྱི་རི་མོ་གཏོར་སྟེ།
 སྐར་ཕྲན་གྱི་ཁྱུ་ཚོགས་མེ་ཏོག་གི་ཚོམ་བུར་བསླེ་ནས།
 རྒྱལ་ཕམ་ཁོ་ན་མ་ཡིན་པའི་བརྒྱུད་རིམ་དང་།
 དཀའ་ཚེགས་ཀྱི་ལོག་ཕེབས་ལ་འབུལ་འདོད།
 
 གངས་འདབས་ཀྱི་ནམ་ཟླ་ཇི་འདྲའི་བསིལ་རུང་།
 ངའི་ནང་སེམས་ཀྱི་མེ་ལྕེ་རབ་ཏུ་འབར་ནས།
 ཁྱོད་ཀྱི་དཀའ་སྡུག་གི་རྔུལ་ཆུ་བསལ་བར་བྱ།
 
 ཁྱོད་ཀྱི་བདེ་སྐྱིད་ཀྱི་འཛུམ་མདངས་ནང་ལ།
 སང་གི་ཉི་གཞོན་གསར་བ་འཕྲོས་པར་ཤོག
 ང་ཡིས་དྲོད་སྐྱིད་ཀྱི་རྨི་ལམ་སིལ་བུར་གཏོར་ནས།
 ཁྱོད་ཀྱི་མཛེས་སྡུག་གི་གོམ་སྒྲ་ལ་ཉན་ཡོད།
 
 འདི་དག་ཡོད་ཚད་ཀྱང་།
 ང་རང་ཁོམ་དྲགས་པས་མ་ཡིན་ཏེ།
 ང་ཚོར་ཉུང་དྲགས་པའི་ལས་འཕྲོ་མཐུད་པ་ཙམ།
 
 སྟོན་འགོའི་མཚན་ལྗོངས་འདིར།
 གླིང་ཕྲན་དང་རྒྱ་མཚོ་ག་ཚོད་ཀྱི་ཕ་རོལ་ནས།
 ཁྱོད་རང་བླ་རྟ་དཀར་བོ་ཞོན་པའི་བོད་མོ་དེ་ཡིན་པར་སྨོན།

༢༠༡༦/༨/༡༩མཚན་མོར།

Img465198630.jpg

ལྷམ་ཆུང་འཐབ་པའི་རེ་འབྲས།

 སྟག་རིག་འབྲུག་ཐར།

 

བར་ཐག་རི་ཆུས་བཅད་ཀྱང་།

སེམས་པ་སྤྲིན་དཀར་ལ་བརྒྱུས་པའི་བརྩེ་བ་དག

འཛམ་གླིང་གི་མཐོངས་དབྱིངས་སུ་བཞད་པའི།

ཁྱེད་ཀྱི་ལྷད་མེད་པའི་འཛུམ་མདངས་ལ་བསྒྲེས་ཡོད།

 

ལེ་དབར་སྟོང་གིས་བསྐལ་ཡང་།

སྐྱབས་དང་སྨོན་ལམ་གྱི་བཀྲ་ཤིས་རེ་ཁཱ།

འཇམ་མཉེན་བསིལ་རླུང་གིས་དཀྲོལ་ནས།

ཁྱེད་ཀྱི་ལྷམ་ཆུང་འཐབ་པའི་རོགས་དན་མཛད་ཡོད།

 

མངོན་སུམ་ལྟ་སྐལ་མེད་ཀྱང་།

གོམ་སྒྲས་རི་ལུང་སྒུལ་བ་ཐོས་བྱུང་།

བརྩོན་ཤུགས་བྲག་ལ་བརྡར་བ་མཐོང་བྱུང་།

 

རེ་ལྟོས་སྙིང་ལ་སྒོམ་པའི།

གངས་འདབས་ཀྱི་སྤུན་ཟླའི་སྲོག་གི་ཀ་བ།

རྨི་ལམ་དྲོད་ཀྱིས་གཉོར་བའི།

དུངས་ཞེན་གྱི་བོད་པའི་ལ་རྒྱའི་མེ་དཔུང་།

 

དུས་ཚོད་ཀྱི་ཐག་སྒྲ་ལ་འཁྱུད་པའི་ངར་ཤུགས་དེ།

རྔུལ་ནག་གི་ཆུ་ཐིགས་ལ་གཞིབ་པའི་བརྟུན་པ་དེ།

ཅང་ཤེས་ལྷ་རྟ་ལས་ལྷག

བྱ་རྒྱལ་རྒོད་པོ་ལས་ལྷག

 

རྒྱལ་ཕམ་གྱི་མཇུག་འབྲས་བཤམས་རུང་།

ང་ཚོར། ཁྱོད་ཀྱི་གཟི་བརྗིད་ལས་སྒུལ་ཤུགས་འཁྲུངས་པས་ཆོག

ང་ཚོར། ཁྱོད་ཀྱི་གདོང་མཆོངས་ལས་བཤུལ་ལམ་བསྐྲུན་པས་ཆོག

འདུར་ཆོག་ཆོག་གི་སྟོབས་རྩལ་ང་ཚོར་མེད་པ་མིན།

རྒྱུག་ཆོག་ཆོག་གི་ཧམ་སེམས་ང་ཚོར་མེད་པ་མིན།

གང་ལྟར། ཁྱེད་དང་ང་ཚོའི་སང་ཉིན།

མཛེས་སྡུག་གི་རྨི་ལམ་ལྗང་ཁུ་ཞིག་ཡིན།

རབ་དཀར་གྱི་ཁ་བཏགས་དཀར་པོ་ཞིག་ཡིན།

 

16300001066597134484497589507.jpg

སྐར་མ་འོད་ཆེན།

འགར་སྐལ་བཟང་།


1

ཕ་བཟང་གི་རེ་བའི་མིག་འབྲས་སུ་འོད་དུ་འཚེར་བའི་སྐར་མ་འོད་ཆེན།

མ་བཟང་གི་དྲན་པའི་གཏིང་རིམ་ན་བྲག་ཅར་འཁོར་བའི་གཞས་གདངས་སྙན་མོ།

སྟག་ཤར་ཚོའི་གསང་བའི་མིག་ཀོང་ན་ཀེམ་ཀེམ་གཡོ་བའི་ཟུར་མིག་འཁྱོག་པོ།

ཁྱེད་ཀྱི་འཛུམ་མདངས་ལས།

སྙིང་རྗེའི་འོད་དཀར་སྟོང་གསུམ་གྱི་ཁམས་ལ་སྤྲོས་པའི་སྐྱེས་ཆེན་ཞིག་གི་ཞབས་རྗེས་མངོན་ཞིང་།

ཁྱེད་ཀྱི་གོམ་འགྲོས་ལས།

ས་གསུམ་གྱི་ཕྱེད་ཀ་རྒོད་པོའི་སྨིག་འོག་ཏུ་བཅུག་པའི་མི་ཆེན་ཞིག་གི་རྒྱབ་གཟུགས་མཐོང་ཐུབ།

ཨ་ཨ། ངས་ཁྱེད་ཀྱི་འཛུམ་མདངས་ལས་རིགས་རྒྱུད་ཅིག་གི་མདུན་ལྗོངས་མཐོང་བྱུང་བ་འདྲ།

2

ཨོ་རྩལ་འགྲན་ཚོགས་སུ་ཡང་བའི་གོམ་ཁ་རླུང་ལ་སྤུར་པའི་འདུར་རྒྱུག་དེ་ནི།

བར་ཐག་དང་མཆོག་དམན་གྱི་སུམ་སྒྲོག་ཐག་གེར་གཏོར་བའི་ཅང་ཤེས་དེ་ལགས་སམ།

འཛུམ་དཀར་དང་དུངས་ཞེན་གྱིས་དྲག་ཏུ་དཀྲུགས་པའི་རྒྱལ་ཁའི་གཟེངས་རྟགས་དེ་ནི།

ས་མཚམས་དང་ཆུ་མཚམས་ཀྱི་རབ་ཁ་ཧྲག་གེར་གཏོར་བའི་དྲང་བདེན་གྱི་དཔང་བོ་དེ་ལགས་སམ།

ཨ་ཨ། ངས་ཁྱེད་ཀྱི་འདུར་རྒྱུག་ལས་དུས་ཚོད་དང་མྱུར་ཚད་གཞན་ཞིག་རྟོགས་བྱུང་བ་འདྲ།

3

བརྐྱངས་ཕྱག་འཚལ་བཞིན་ལྷ་སར་འགྲོ་བའི་དབུལ་ཕོངས་ཀྱི་མཇལ་པ་དེ་དག་ནི།

ཨ་མདོ་དང་ལྷ་སའི་བར་ནས་བྱུང་བའི་རྨོངས་དད་ཀྱི་གཏམ་རྒྱུད་ཅིག་ག་ལ་ཡིན།

དེ་ནི་སྙིང་སྟོབས་དང་དད་མོས་ཀྱིས་སྦར་བའི་ཚ་ལམ་ལམ་གྱི་དོན་དངོས་ཤིག་སྟེ།

ཁྱེད་ཀྱི་ཕ་མེས་ཡང་མེས་ཀྱིས་བོད་དུ་བཞེངས་པའི་ཨོ་རྩལ་སྙིང་སྟོབས་ལགས།

ཨ་ཨ། ངས་ཁྱེད་ཀྱི་བཞིན་རས་ལས་རིགས་རྒྱུད་ཅིག་གི་རྒྱབ་ལྗོངས་མཐོང་བྱུང་བ་འདྲ།

4

ག་ལེར་ཉོན་དང་། གསེར་དངུལ་རྩྭ་ཐང་ལས་མཆེད་པའི་འབྲི་མོའི་བཞོ་དབྱངས་དེ་ནི།

རྒྱང་རིང་ནས་རྒྱང་རིང་དུ་ལྷོད་ཀྱིས་འཐེན་པའི་རྒྱལ་ཁའི་གཞས་གདངས་དེ་མ་ཡིན་ནམ།

ཨ་ཨ། ངས་བརྙན་ཡོལ་ལས་ཤུགས་ཀྱིས་བགྲོད་པའི་འདུར་རྒྱུག་དེའི་བདེ་རྩལ་བསམ་བཞིན།

ཁྱེད་ཀྱི་བར་ཐག་ལས་བར་ཐག་གཞན་ཞིག་མཐོང་བྱུང་བ་འདྲ།

5

གངས་དཀར་པོའི་ལ་ཐོད་དུ་བསྡུས་པའི་ལོ་ངོ་ཁྲི་ཕྲག་གི་རྒྱལ་ཕམ་དང་རེ་སྙེག་སྒོམ་བཞིན།

རྫ་ཁོག་ནས་ཁད་ཀྱིས་རྒས་པའི་འབྲོང་རྒོད་ཅིག་གི་གཏམ་རྒྱུད་དང་ན་ཟུག་བསམ་བཞིན།

ལ་ལས་ཆང་ཕོར་བཏེགས་ནས་ཁྱེད་ཀྱི་རྒྱལ་ཁ་གྲོང་ཁྱེར་འདིའི་མཁའ་རུ་བསྒྲེངས་ཡོད་ལ།

ལ་ལས་མར་མེ་སྒྲོན་བཞིན་ཁྱེད་ཀྱི་རྒྱལ་ཁ་སྟོན་མཚན་འདིའི་དབྱིངས་སུ་མཆོད་ཡོད།

ཨ་ཨ། ངས་སྙིང་རུས་དང་སྤོབས་པ་ལས་འཕྱུར་བའི་སྔར་མེད་གྱི་རླབས་སྒྲར་ཉན་བཞིན།

ཁྱེད་ཀྱི་རྒྱལ་ཁ་ལས་རྒྱལ་ཁ་གཞན་ཞིག་མཐོང་བྱུང་བ་འདྲ།

Img339578067.jpg

ཆོས་དབྱིངས་སྐྱིད། 

གསེར་ཐང་རྙེད།


 མཆི་མ་ཉིལ་བའི་སེམས་ཚོར་གྱི་སྙིང་བོ།
 གསེར་དངུལ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་མོ་ཕལ་བ།
 རིགས་ཞེན་པ་ཁྲི་སྟོང་གི་མིག་ཀོང་ན་འོད་ཀྲིག་ཀྲིག་ཏུ་འཚེར་བའི་མུ་ཏིག་གི་ཕྲེང་བ། 
 ཚེ་སྲོག་གི་བག་འཁུམས་ལ་བསྩལ་བའི་གསེར་མདོག་གི་སྤོབས་པ།

    གངས་ཅན་པ་ཁྲི་སྟོང་གི་སེམས་སྙིང་གཅིག་ཏུ་བསྡུ་ཕོད་པའི་ངེས་དོན་གྱི་མཛེས་མ། 

 འཛུམ་མདངས་ཁོ་ནས་འཛམ་གླིང་ལ་སེམས་འགུལ་ཐེབས་སུ་བཅུག་པའི་མི་ནུབ་པའི་དར་ཆ། 
 དཀའ་ཁག་གྲངས་མེད་ལ་ཚེ་སྲོག་གིས་ཡ་ལན་སྤྲད་པའི་མི་གཟུགས་ཀྱི་རྡོ་རྗེ་ཕ་ལམ། 
 ཆུ་ཚོད་གཅིག་དང་སྐར་མ་ཉེར་བརྒྱད་ལ་མ་གྲོས་གཅིག་མཐུན་གྱིས་ལག་རྡང་སྦྲེལ་དུ་བཅུག་པའི་གཅིག་སྒྲིལ་གྱི་ཁ་ལོ་པ། 
 རྒྱལ་ན་དགའ་ཞིང་ཕམ་ནའང་དུངས་པའི་སྐྱེ་འགྲོ་ཁྲི་སྟོང་གི་རྣམ་ཤེས་འཁོར་ས།
 ཁྱེད་ཀྱི་ལུས་ཕུང་བདེ་ཞིང་། 
 འཛུམ་མདངས་ཀྱི་ཉི་འོད་རྟག་ཏུ་གསལ་ཞིང་འཚེར་ན། 
 དེ་ཡིས་འཐུས།

༢༠༡༦.༨.༢༡ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།