ཀྲུང་གོ་བོད་ཀྱི་དྲ་བ།

སེམས་གཏམ།

ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།   རྩོམ་པ་པོ། : ཐོ་ཡོར།   སྤེལ་དུས། : 2016-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོ་ཡོར།

སྲིད་པའི་སྐྱོ་གར་ཧ་ཅང་དགོད་རེ་བྲོ།།

ལས་ལ་བསྐོས་པའི་མི་དག་རྒྱང་དུ་འགྲོ།

ལན་རེར་ཆ་རྒྱུས་མེད་པའི་མི་ཡི་སར།།

དགའ་སྡུག་སྣང་བ་ཆུ་བཞིན་ལྷུང་ལྷུང་འབབ།།

ལན་བུའི་མདངས་ལ་སྲོད་ཁའི་མཚམས་སྤྲིན་ངུ།།

སྨུག་པ་ཡང་ནི་སྨྲེང་བའི་ལམ་ནས་རྒས།།

ཁྱོད་ཀྱིས་ཕལ་བའི་གོས་ཀྱིས་མེ་ཏོག་གཙགས།།

ངོས་ཀྱིས་ཕལ་བའི་མིག་གིས་ཁྱེད་རང་མཐོང་།།

 

རྐང་སྣམ་སྔོན་པོ་འདབས་ཁ་ཅུང་ཙམ་རྫེ།།

དཀར་འཇམ་ཉྭ་ལ་བསིལ་རླུང་རན་ཙམ་ལྡང་།།

སྟོད་ལྭ་ནག་པོ་དེ་ཡང་ཡི་གར་འོང་།།

གདུང་བའི་ཉིན་སྲིབ་གཉིས་ཀྱི་མུན་པ་སེལ།།

ཚི་ལེན་སྐྱ་བོར་དྲན་པའི་ན་བུན་འཁྲི།།

ངོས་ནི་ཁྱེད་ཀྱི་ཟུར་ན་སྙིང་ཆུང་ལྡིང་།།

ངག་འཇམ་བསིལ་བའི་སྒྲ་ལ་སེམས་ཀྱིས་ཉན།།

མིག་གིས་ཕུར་ཚུགས་ཞལ་ལ་ལྟ་མི་ཕོད།།

ཡིད་འོང་གཞིས་འདི་ལོགས་སུ་བསྐྱུར་མི་ཕོད།།

གཞིས་འདིས་ཁྱོད་དང་འཕྲད་པའི་དུས་ཚོད་རུམ།།

ཉི་མ་ལ་མོ་བརྒལ་ཡང་སྣང་བ་དྲོ།།

 

ལྗོན་པའི་གྲིབ་འོག་འདི་ནས་མྱང་འདས་ཐོབ།།

ཁྱེད་རང་ལྗོན་པའི་ཡལ་གར་ཁེན་སྣང་ཤར།།

འཁོར་བའི་དཔྱིད་ཀ་འདི་ཀ་ཙམ་ཡིན་ཏེ།།

རླུང་བུའི་མཛེས་སྡུག་ཁྱེད་ཀྱི་སེམས་ནས་འཕྲོས།།

གཙང་བོའི་འཁྱག་རོམས་ཁྱེད་ཀྱི་གདོང་ནས་ཞི།།

སྲང་ལམ་འདི་ན་མེ་ཏོག་ཅི་ཙམ་བཞད།།

སྲང་ལམ་འདི་ན་སྲོག་ལྡན་ཅི་ཙམ་འཚོ།།

ཁྱེད་རང་མིག་ནང་བབས་པའི་བར་སྐབས་འདིར།།

ངོས་ཀྱིས་དེ་ལ་སེམས་ཁྲལ་བྱེད་མི་སྲིད།།

 

ཀྱེ་མ་ད་ཆ་ངོས་ཀྱི་མིག་མདུན་ནས།།

ཁྱེད་རང་ཕྱིན་པ་རྨི་ལམ་ཡིན་ནམ་སྙམ།།

མཛའ་བོའི་ལག་པར་འཁྱུད་ནས་རིང་སར་ཕྱིན།།

ཞབས་ཕྱགས་གཉིས་ཀྱི་ཐྲིག་སྒྲ་གྲག་པ་ནི།།

གཅོང་རོང་ཉམས་ངའི་ནང་གི་ཕྱིར་མིག་འདྲ།།

ཞེ་ཡི་གསང་བ་བྲུག་ན་ཅི་ལྟར་བྱ།།

རྣམ་ཤེས་ཕྱི་ནང་ཀུན་ཏུ་དགུན་ཁ་ཚེས།།

ཁྱེད་ཀྱི་རྒྱབས་གཟུགས་སྟེང་དུ་ཉི་ནུབ་འཆར།།

ངོས་ཀྱི་རྒྱང་མིག་ནང་དུ་མུན་ནག་འཕྱུར།།

ཚེ་འདིའི་མེ་ལོང་ནང་དུ་ཅི་ཞིག་བདོག།།

སྨྲེང་བའི་མཚོ་ནང་གླིང་བུ་འབུད་པ་འམ།།

གྲུ་ཤན་རྨས་མ་སེམས་ནས་གཏོང་བ་འམ།།

འཁྲེངས་བའི་རས་འདི་ཆུ་ལ་སྣུབ་པ་འམ།།

སྐྱོ་བའི་ཐབ་ཀ་བཙུགས་ཀྱང་སུ་ཞིག་བསུ།།

         2016.3.28ཉིན་གསེར་ཐང་ནས་བྲིས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།