ཀྲུང་གོ་བོད་ཀྱི་དྲ་བ།

ཞོགས་པ་བདེ་ལེགས།(ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒུ་རུ་བ་རྡོ།


སྒེའུ་ཁུང་ཕྱི་རོལ་གྱི་བྱིའུ་ཆུང་མཁལ་དཀར་མ

ཉི་འོད་ཀྱིས་འཚེམ་པའི་གསུང་སྐད་གཉོམ་པོས

ངའི་གདོང་ལ་བྱབས་བྱབས་གནངས་སོང

མཁུར་མགོའི་སྨུག་ཤར་འཐིམ་པའི་ཁ་སང་གི་ཞོགས་པ

ཟ་འགྲམ་གྱི་བ་མོས་གཏག་དགོས་པའི་སང་ཉིན་གྱི་ཞོགས་པ

ཞོགས་པ་རེ་རེ

མི་ཚེའི་ཟོམ་ལ་སྤུར

 

བར་ཐག་ནི་སྒེའུ་ཡོལ་ཞིག་གི་ཕྱི་ནང་རེད

མག་མོག་གི་ཡོལ་བ་དག་ཕར་དེད་ན

ཞོགས་པའི་རི་ཚོགས་མཐོང་ཐུབ

རི་སྐེད་ལ་དམ་དུ་འཁྱིད་པའི་སྨུག་པ་མཐོང་ཐུབ

སྡོང་མགོ་རུ་གསུང་སྙན་འབྱིན་པའི་བྱིའུ་ཆུང་མཁལ་དཀར་མ་མཐོང་ཐུབ

མཁལ་མའི་དཀར་ཐིག་ལ་འདྲེས་པའི་སྤུ་རིས་མཐོང་ཐུབ

བལྟ་ཤེས་ན་རང་གི་མིང་ཡིག་ཀྱང་མག་མོག་གིས་མཐོང་ཐུབ

 

ཞོགས་པ་ཞིག་ལ

ཞོགས་པ་བདེ་ལེགས་ཞེས་པའི་སྙན་ངག་འདི་འབྲི་དུས

ཏན་ཏན་ཕོ་ལོ་སུམ་ཅུའི་དབྱར་གཞུང་གི་ཞོགས་པ་ཞིག་ཡིན

 

2016/9/15/ཉིན་རྨ་འགྲམ་ཁྲི་ཀ་ནས།


འུ་གཉིས་ཀྱི་ལག་རྡང་ལ་ལྷོད་རྒྱུ་ཞིག་ཡོད་སྲིད་དམ།

 རྒུ་རུ་བ་རྡོ།

 

འུ་གཉིས་མི་ཡུལ་དུ་འཛོམས་པ་རེད

མི་ཡུལ་ནི་སངས་རྒྱས་སྟོང་རྩ་བྱོན་སའི་ཞིང་ཁམས་རེད

ལྷ་ཆེན་གང་གིས་ཟར་མ་སྤར་མོ་གང་གྱང་ངོར་གཏོར་བས

རྡོག་རིལ་ལིར་གྱང་ངོར་འབྱར་འདུག་པ་དེ་འུ་གཉིས་རེད

མཐའ་མེད་པའི་རྒྱ་མཚོའི་དཀྱིལ་ནས

མིག་ལོང་པའི་རུས་སྦལ་ཞིག་གི་མགོ་བོ་སྣ་དཀྱུ་རུ་ཚུད་པ་དེ་འུ་གཉིས་རེད

ཁུ་ཁྲག་གི་སྦྱོར་བ་གང་གིས་ས་ཆེན་དགད་དུས

མིག་རིག་རིག་གིས་འདུར་བའི་རྣམ་ཤེས་ལྡོམ་པོ་དེ་འུ་གཉིས་རེད

སྐྱེ་བ་ག་ཚོད་ཅིག་ལ་ཚོགས་ཅི་ཙམ་བསགས་པ་སུས་ཤེས

འུ་གཉིས་ཀས་སྟག་དང་སྟག་མོའི་སྐྱེ་བ་བླངས་ཡོད་ཀྱང་སྲིད

ཤིག་དང་ལྗི་བས་སྐྱེ་བ་བླངས་ཡོད་ཀྱང་སྲིད

སྙིང་ཉེ  འུ་གཉིས་ཀྱི་ལག་རྡང་ལ་ལྷོད་རྒྱུ་ཞིག་ཡོད་སྲིད་དམ

 

འུ་གཉིས་ཉི་མ་ལྷ་ས་ནས་འཛོམས་པ་རེད

ཉི་མ་ལྷ་ས་ན་ནི་མིག་ཆ་ག་ཅན་གྱིས་བལྟ་ས་རེད

ཉི་མ་ལྷ་ས་ནི་རྣ་བུ་ག་ཅན་གྱིས་མཉན་ས་རེད

ཡུལ་སྐོར་པ་མང་པོའི་ཁྲོད་ན་པར་ཆས་ཁུར་མེད་པ་དེ་འུ་གཉིས་རེད

མཇལ་པ་མང་པོའི་ཁྲོད་ནས་ཕྱག་མི་འཚལ་བ་དེ་འུ་གཉིས་རེད

ཇོ་ཤཱཀྱ་རྣམ་གཉིས་ཀྱིས་སྤྱན་གྱིས་ཧུར་རེར་གཟིགས་འདུག་པ་དེ་འུ་གཉིས་རེད

སྨོན་ལམ་རུམ་གང་འདེབ་མཁན་དེ་འུ་གཉིས་རེད

དགའ་ལྡན་ནས་ལ་གཞས་བླངས་ཤིང་ལག་འཇུ་བྱས་ཏེ་འགྲོ་བ་དེ་འུ་གཉིས་རེད

དཀར་ཅུང་རྡོ་རིང་ལ་ཅེར་ཏེ་མཆི་མ་ཧྲིག་ཧྲིག་གཏོང་མཁན་དེ་ཡང་འུ་གཉིས་རེད

ལྷ་ཇོ་བོ་མཇལ་བའི་མཇལ་གྲོགས

གཡག་ནག་རིལ་གསོད་པའི་སྡུག་གྲོགས

ཚེ་ཕྱི་མ་ནས་ཀྱང་འཛོམས་དགོས་པས

སྙིང་ཉེ་ལགས   འུ་གཉིས་ཀྱི་ལག་རྡང་ལ་ལྷོད་རྒྱུ་ཞིག་ཡོད་སྲིད་དམ

 

ཞོགས་པ་རེ་རེ་ནས་ས་སྲོད་རེ་རེར

འཆི་བདག་གིས་ག་ལེར་འབོད་པ་གཏོང་གིན་ཡོད་ན་ཡང

འཁོར་བ་འདི་བཙོན་ར་ཞིག་ཏུ་གཏན་ནས་ལྟ་མ་མྱོང

ལུས་རྟེན་འདི་ལན་ཆགས་ཤིག་ཏུ་ཡང་ཁྱོན་ནས་བསམ་མ་མྱོང

ད་དུང་མུ་ནས་ཚོགས་བསགས་ཏེ

ད་དུང་ཟར་མ་ཆུང་ཆུང་གཉིས་པོ་དེ་བྱེད་དགོས

རུས་སྦལ་ཞ་ར་དེ་བྱེད་དགོས

དེ་དུས

འུ་གཉིས་ཀ་ངང་པ་ཕོ་མོ་ཟུང་དུ་སྐྱེས་ཀྱང་ཆོག

འུ་གཉིས་ནགས་བྱིའུ་མཐེ་བོང་གཉིས་སུ་སྐྱེས་ཀྱང་ཆོག

འདམ་དང་འབའ་འབུ་ཅི་ཡང་ཟོས་ཆོག

 

སྙིང་ཉེ་ལགས

གསུངས་རོགས  འུ་གཉིས་ཀྱི་ལག་རྡང་ལྷོད་དགོས་པའི་རྒྱུ་རྐྱེན་ཞིག་རྙེད་བྱུང་ངམ

2016.9.11ཉིན།


སྐྱོ་བ།

རྒུ་རུ་བ་རྡོ།


གནའ་མི་འགས་བོའུ་ར་ས་ལ་བཙུགས་ནས་སྐྱོ་བ་བྲག་ལ་བརྡབས་མྱོང་ཟེར

གནའ་མི་འགས་བཞོ་ཟེའུ་མཆན་ལ་བཙུར་ནས་སྐྱོ་བ་ནགས་ལ་བསྐུར་མྱོང་ཟེར

བྲག་གིས་མིག་ཆུ་འཐོར་མྱོང་ཟེར

ནགས་ཀྱིས་ཤུགས་རིང་འཐེན་མྱོང་ཟེར

 

ཁྲེལ་གཞུང་གི་མགོ་བོ་རྡོ་རུ་གྱུར་ནས

རྡོ་གསེབ་ནས་ལོ་མ་ལྗང་གུ་འཁྲུངས་པའི་གནའ་མི་ཚོ

དོ་ནུབ་གང་ན་ཡོད

ངའི་གློ་མཆིན་བར་གྱི་སྨུག་པ་དེ་ཡིན་ནམ

ངའི་མཁུར་མགོར་འདྲིལ་བའི་མཆི་མ་འཁྱག་པ་དེ་ཡིན

 

ཚོད་ཚོད་ལ་སྐྱོ་བ་ནག་པོ་ཞིག་ཕོ་རོག་བཞིན་ངའི་ཆོན་མགོར་བབས་ན

ཚོད་ཚོད་ལ་སྐྱོ་བ་ཁྲ་ཁྲ་ཞིག་སྐྱ་ཀ་བཞིན་ངའི་ལྗོན་རྩེ་ནས་གྲགས་ན

ཚོད་ཚོད་ལ་སྐྱོ་བ་སྐྱ་བོ་ཞིག་སྤྱང་ཀི་བཞིན་ངའི་མཚན་ལྗོངས་ནས་ངུས་ན

ཁྱོད་ཟེར་བ་ཞིག་གི་སྐྲ་ལོ་དྲན་འོང

ཁྱོད་ཟེར་བ་ཞིག་གི་མིག་ཟུང་དྲན་འོང

ཁྱོད་ཟེར་བ་ཞིག་ངའི་མངའ་ཐང་ནས་གཉིད་མྱོང་བ་དྲན་འོང

ངས་གཏན་ནས་དཀྲོག་མ་ཕོད་པའང་དྲན་འོང

 

སྟོན་ལྗོངས་འདིར་སུ་ལ་ཡང་ལོ་ལེགས་བཏུ་རྒྱུ་ཡོད་པས

འབྲུ་རིགས་དང་མར་ཆུར་མིན་པའི

ལོ་ལེགས་གཞན་ཞིག་རྙེད་པ་ནི་སྐྱོ་བ་ཞེས་པའི་ཐ་སྙད་འདིའོ

2016/10/9/མཚན་མོར།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

620415511646756665.jpg

    རྒུ་རུ་བ་རྡོ།  ལོ་རབས་བརྒྱད་ཅུའི་སྟོད་ཙམ་ལ་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་འབྲོག་སྡེ་ཞིག་ཏུ་སྐྱེས། ཆུང་དུས་ནས་གླིང་སྒྲུང་དང་གླུ་ལ་གཞས། གནའ་གཏམ་སོགས་ལ་བག་ཆགས་བཞག སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམ་ནས་ཉིས་སྟོང་བཅུ་གསུམ་ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཤེས་རམ་ཞིབ་འཇུག་སློབ་མའི་མིང་རྟགས་བླངས། 《བོད་ལྗོངས་ཞིབ་འཇུག》དང《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《རྩེར་སྙེག》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》《ཟླ་ཟེར》གཙོའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ། སྙན་ངག་སོགས་དུ་མ་བཀོད་མྱོང་། 

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།