ཀྲུང་གོ་བོད་ཀྱི་དྲ་བ།

ཀྱེ་ཕུར་མཆོག་གསུམ་གྱི་གསར་བྲིས་བཅད་རྩོམ་ལྔ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཙག་སླེབས་བྱུང་།

ཀྱེ་ཕུར་མཆོག་གསུམ།


ཙག་གི་དཔའ་བོ་ལྕགས་ཀྱི་མདུང་མོ་ཅན།།

ད་ནངས་ཞོགས་པར་ག་ཤེད་ཅིག་ནས་སླེབས།།

སེམས་ཀྱི་དཀྱིལ་གྱི་དྲོད་ཀྱི་ནང་བཅུད་དུ།།

བག་ལ་ཉལ་བ་དག་གིས་གཟབ་པར་འཚལ།།

 

ཁྱོད་ཀྱི་ལུས་ཀྱི་པད་མའི་འདབ་ལོ་ལ།།

རླུང་གིས་དལ་བུར་སྒུལ་ན་སེམས་ངལ་ལྕི།།

མིང་གི་ཡིག་ཆུང་དྲིལ་བུའི་ལྕེ་རྩེ་དེར།།

ཙག་གིས་བྱབ་བྱབ་མི་གཏོང་རེ་བ་ལྕི།།

 

ནུབ་ཀྱི་གཡུལ་འཁྲུག་ཁྲག་གི་འཁོར་ལོ་ཅན།།

ཙག་གི་མངལ་དུ་སྦྲུམ་ནས་སླེབས་པའམ།།

ཕྱོགས་ཀྱི་མྱི་ཁ་དུག་གི་ཚེར་མ་ཅན།།

ཙག་གིས་བདས་ནས་ཐོན་པ་ཡིན་ནམ་སྙམ།།

 

ཙག་གི་མདུང་མོ་སྲ་མཁྲེགས་རྣོ་དབལ་ཅན།།

ཕྱི་ནས་ནང་དུ་བརྟོལ་ཏེ་རྨ་ཁ་བཏབ།།

རྨ་ཁའི་གྲོག་རོང་ཟབ་མོའི་གས་སྲུབས་སུ།།

མྱི་ཁའི་ཐལ་རྡུལ་འཚང་སྟེ་ན་ཟུག་འབྱུང་།།

 

ལུས་པོ་མེ་ལ་ལྡེ་སྟེ་དྲོད་ཁོལ་གསོས།།

ནང་ཁྲོལ་ཚིག་ལ་སྡེབ་སྟེ་འདུ་བ་སྙོམས།།

མ་འགལ་སོ་ལ་བརྡབ་པའི་གྲང་འདར་འདི།།

ཙག་གི་ཆུ་སྣས་དྲངས་ཏེ་འབྱུང་བཞིར་འཐིམ།།

 

ལྭ་བའི་བརྩེགས་རིམ་རྩིས་ནས་ངལ་བར་བྱས།།

སྐ་རགས་དམ་དུ་བསྡམས་པས་སྐེད་པ་གཟེར།།

ཕྱི་ནང་གསང་གསུམ་གཅུད་ཀྱང་མི་དྲོས་པ།།

ཙག་གི་འཇབ་རྒོལ་ཐེབས་པ་ཡིན་ནམ་ཅི།།

 

ཐོ་རེངས་སྐར་མས་དངངས་འདར་ལན་དགུ་བྱས།།

ཉི་གཞོན་རྗེན་པ་གྲང་ནས་སྤྲིན་ནག་བཀླུབས།།

སྐྱེ་དངོས་ཤུ་སྒྲ་སྟོང་བའི་དབྱིངས་སུ་འཐེན།།

ཙག་གི་ར་མདས་ཀུན་ཀྱང་ཕྱོགས་སུ་བདས།།

 

སྟོན་མཇུག་སྡོང་ལོ་འཕུར་བའི་རླུང་རྟ་ལ།།

ཡིད་སེམས་འཁྲེང་ནས་འདས་སོང་ཡིད་དུ་དྲན།།

མིག་ཆུའི་ཕྲེང་ཐག་ཆད་པ་གདོང་ལ་ལྷུང་།།

ཙག་གི་ལག་པ་འཁྱགས་པའི་གོང་བུར་ཆགས།།

 

ཁྲི་གདུགས་ཉི་མའི་བཞིན་ཡང་དམར་པོར་གྱུར།།

དབྱིག་འཛིན་སྒེག་མོའི་གདོང་བ་ཐུར་དུ་སྨད།།

ཙག་རླུང་རལ་གྲིའི་སོ་ཁ་གྱེན་དུ་གཟེངས།།

ངའང་དེ་ཡི་འཇིགས་པས་སྙིང་རྩར་འདར།།

 

ཐམས་ཅད་ནང་དུ་འཛུལ་ནས་མེ་ལ་ལྡེ།།

དགུན་ལྭ་མཐུག་པོ་ཉོ་བར་ཀུན་ནས་རྔམ།།

རང་རང་གཅེས་སེམས་དམར་པོས་རུམ་ལ་ཉར།།

ང་ཚོ་གང་དུ་ཡིབ་ནས་ཅི་ཡིས་བསྲོ།།

 

ལག་ལ་སྨྱུ་གུ་ཐོགས་པའི་སྐལ་ལྡན་ཚོའི།།

ལྕུག་འདར་ལྗོན་པའི་ཡལ་ཀ་ལྷབ་ལྷུབ་ཏུ།།

དབྱངས་གསལ་ངག་ལ་དྲངས་པའི་གླུ་དབྱངས་ལ།།

སྟོབས་ཀྱི་བླ་དང་སྲོག་གིས་བཏང་ནས་འདུག།

 

མཚན་མོའི་སོ་སྲུང་སྒོ་ཁྱིའི་འབྱུང་བཞི་ལ།།

ལྷགས་རླུང་མདའ་ཡིས་བསྣུན་ནམ་ཅི་ཞིག་གིས།།

ཞོགས་པའི་ཐོ་རེངས་སྐར་མའི་མིག་ཆུ་ཡང་།།

ས་ཆེན་ཨ་མའི་གདོང་ལ་ལྷབ་ལྷུབ་བབས།།

 

གང་གི་གནས་ཀྱི་ཡིད་མཐུན་སེམས་ཀྱི་ཕྱེད།།

སེམས་ལ་ཙག་གི་རྒྱུ་བ་མི་འབྱུང་ཞིང་།།

ལུས་ལ་ཙག་གི་མདའ་མོས་མི་ཐེབས་པ།།

ཁོ་བོའི་སྨོན་པའི་ཡུལ་གྱི་དྭངས་མར་བརྩི།།

 

ཟླུམ་གཟུགས་གོ་ལའི་ཉིན་དང་སྲིབ་ཀྱི་ཆར།།

འཚོ་ཚིས་སེམས་ཀྱིས་གཉེར་བ་དེ་དག་ཀྱང་།།

འཁྱགས་ཧྲེང་གདོན་གྱི་ཕུར་ཁ་མི་ཐེབས་པར།།

ལས་ཀྱི་གཙང་བོ་ཤག་སྒྲས་རྒྱུ་བར་ཤོག།

 

ཙག་གི་མདའ་མོ་ཁ་བའི་དར་གྱིས་དཀྲིས།།

ཡུལ་གྱི་དྲོད་ཁོལ་འཇོམས་པའི་གཤེད་དུ་བབས།།

འཇིག་རྟེན་གཡུལ་འཐབ་ལས་ཀྱི་མཆེ་བར་ནས།།

ཁྱོད་རང་ཕྱེ་མའི་རྡུལ་དུ་བརླགས་པར་ཤོག།

 

2016.10.28ཉིན།


འབྲོག་མོ་གཤིས་དྲང་ཞིག་ལ་ཁ་བརྡ་གློད་པ།

ཀྱེ་ཕུར་མཆོག་གསུམ།


ངག་ན་འཇམ་སྙན་དྲིལ་བུ་ཁྲོ་ལོ་ལོ།།

གསུང་ལ་དྭངས་གཙང་ཆུ་རྒྱུན་ཤག་ཤག་ཤག།

སྨྲ་བ་འཇམ་པའི་ཁྱོད་ཀྱི་ངག་ཚིག་གིས།།

མི་ཕོ་དུ་ཡི་རྣམ་ཤེས་བཀུག་སམ་ཀྱེ།།

 

སྨྲ་བོ་མང་པོ་མེད་ཀྱང་ཉུང་ངུ་དེས།།

སེམས་ཀྱི་ག་ཤེད་ཅིག་ལ་ཚོར་ཤེས་ཀྱི།།

དབྱངས་ཀྱི་ང་རོ་འཁྱིལ་ཏེ་བླ་ཡང་འགུག།

ང་ལ་བསམ་གཞིག་སྟོང་གི་སྒོ་མོ་ཕྱེས།།

 

གཤིས་ཀྱི་དུང་དཀར་གཡས་སུ་འཁྱིལ་བའམ།།

ཁྲེལ་གྱི་གཙང་བོ་ཤག་སྒྲས་རྒྱུ་བ་སྟེ།།

བབ་ཆགས་བརྟན་བརླིང་ཚིག་གི་ཁོང་གསེང་ན།།

དྲི་བསུང་འཐུལ་བའི་མེ་ཏོག་ཅི་ཙམ་བཞད།།

 

འོ་མའི་མངར་ཁ་སྣ་ལ་འཐུལ་བའི་དྲིས།།

སྣོམ་བྱེད་དབང་བོ་ཅིག་ཅར་འཕྲོག་པའམ།།

གསུང་དབྱངས་ཡན་ལག་དྲུག་ཅུའི་རླུང་བུ་ཡིས།།

ང་ཡི་རྣ་བའི་དབང་བོ་གཡོས་ནས་སོང་།།

 

སྤྲིན་པའི་གཤིས་སུ་བརྩེ་བའི་སྦྲང་ཆར་སིམ།།

སྦྲང་ཆར་ཤག་སྒྲས་རྣ་བའི་དཔྱིད་དུ་འཇོ།།

རྣ་བའི་དཔྱིད་དུ་སྨིན་པའི་སྦྲང་རྩིའི་བཅུད།།

ཡིད་ཀྱིས་ཡང་ཡང་བཏུང་ཡང་ག་ལ་ཚར།།

 

དྲིལ་བུའི་དབྱངས་ཀྱིས་འཁྲོལ་བ་ངག་གི་དཔལ།།

འོ་མའི་མདངས་ཀྱིས་འཕྱུར་བ་ཚིག་གི་གཤིས།།

དེ་ཡི་བར་ན་བརྡོལ་བ་འདང་གི་བཅུད།།

སྦྲང་དཀར་རྩམ་པའི་བྲོ་བ་ཤུགས་སུ་འཇགས།།

 

ཨ་ཅེ་འབྲོག་མོ་གཤིས་ཡག་མེ་ཏོག་མ།།

སྤང་དཀར་ཀླད་ཀྱི་མཛེས་རྒྱན་ཉག་གཅིག་སྟེ།།

སྟག་ཤར་གཡུ་སྦྲང་སྟོང་གི་སེམས་ཀྱི་དཔྱིད།།

ཁྱེད་ཀྱི་ཚལ་ན་ནམ་ཡང་ལྡིང་ཞིང་རྩེན།།

 

གནག་སྣུམ་སྐྲ་ལོ་ལྡེམ་པའི་ཁྱད་གཤིས་ལ།།

མར་དྲི་སྣུམ་པོ་ཞིག་ཀྱང་འཐུལ་བར་ངེས།།

འཛུམ་ཆུང་ཉི་ཟེར་བརྡོལ་བའི་ཁིས་ཁ་ན།།

ཉམས་ཀྱི་རྦབ་ཆུ་ཞིག་ཀྱང་དབབ་པར་ངེས།།

 

རྫ་ཆུ་རི་ནས་བབས་པའི་དྭངས་གཙང་བཅུད།།

ཡིད་ཀྱི་སྣོད་དུ་སྐད་ཅིག་ལྟེམས་པ་ཡིས།།

འབྱུང་བཞིའི་རི་བོ་སྒུལ་བ་རྫུན་ཚིག་མིན།།

དྲན་པའི་ལྡེབས་སུ་ཤ་འགུལ་ལན་དགུར་རྒྱུག།

 

ལག་ཟུང་ལྗོན་པའི་ཡལ་ཀ་རེག་པ་མེད།།

མཆི་སྒྲོས་པད་མའི་འདབ་མར་ཕྲད་པ་མེད།།

ཚིག་གི་བརྡ་རྟགས་སྦྲེལ་བའི་ཚོར་བའི་རླབས།།

སྐད་ཅིག་འཕྱུར་བ་དེས་ཀྱང་ཐམས་ཅད་སྦྲིད།།

 


དྲན་པའི་ལྡེབས་སུ་བབས་པའི་ཚིག

ཀྱེ་ཕུར་མཆོག་གསུམ།


ལས་རླུང་འཇམ་པོ་གང་ནས་གང་ལ་གཡུག།

བསྐལ་བའི་ཆུ་མོ་གང་ནས་གང་ལ་བཞུར།།

སེམས་འདུན་ཚིག་གི་ཆུ་འགོ་གང་ནས་བརྡོལ།།

ཡིད་ཀྱི་གཏམ་རྒྱུད་ག་ཚོད་ཅིག་ལ་འཁྲུངས།།

 

སྨྲ་བ་འཇམ་པོའི་གཤིས་ལ་འཛུམ་ཆུང་ལུད།།

ངང་རྒྱུད་དྭངས་མོའི་སྲོག་ལ་གསེར་ཉ་འཁྱུག།

ཡིད་ཀྱི་ཡུལ་ལ་འཐད་པའི་རི་མོའི་གཟུགས།།

ག་ལེར་བདག་གི་དྲན་པའི་ལྡེབས་སུ་བབས།།

 

དུངས་སྣང་ཆུ་མོ་ཤག་སྒྲས་བཞུར་བ་གང་།།

ཡིད་ཀྱི་སྣོད་ལ་ལྟེམས་ཀྱིས་འཁྱིལ་བ་དེས།།

ལུས་ཀྱི་འཁྲི་ཤིང་ལྡེམ་པའི་གར་སྟབས་ལ།།

མིག་གི་དབང་བོ་བསམ་གཞིག་ཐག་པས་གཏད།།

 

ལོ་ཟླའི་གཉེར་རིས་བརྩེགས་པའི་ན་ཚོད་དེས།།

འབྱུང་བཞི་སྒྲོག་ལ་བཅུག་གམ་བཀའ་ཡིས་མནན།

རང་དབང་ལུས་ཀྱི་འཆིང་རྒྱ་མི་ཞིག་པས།།

ཀུན་རྟོག་འཇའ་རུ་ཤར་བ་འཁྲུལ་དུ་སེམས།།

 

ཡིད་ཀྱི་ཡོལ་གོར་ལྟེམས་པའི་དྲོད་ཁོལ་དེས།།

ང་ཡི་འབྱུང་བཞི་རྟག་ཏུ་དྲོས་ནས་ཡོད།།

ཚིག་གི་གསེང་ལ་འཐིམས་པའི་བརྩེ་བའི་ཆུས།།

འདས་དོན་དར་གྱི་ཁུག་པ་བཀྲུས་ནས་ཡོད།།

 

བསམ་གཞིག་རི་རྩེར་འཐིབས་པའི་སྨུག་སྤྲིན་ཁྱུ།།

ང་ཡི་དྲན་པའི་གཞི་ལ་ཡང་ཡང་འཁོར།།

སེམས་འགྱུ་ལྕག་གིས་གཞུས་སམ་རྡུང་ངམ་ཅི།།

སྡོད་བཟོད་མེད་པའི་འདུར་རྒྱུག་ལུས་ལ་ལྕི།།

 

དམར་པོ་ཤ་ཡི་གསེང་གི་བུ་ག་ནས།།

རྟག་པར་བརྡོལ་བའི་འདང་གི་ཟུངས་ཁྲག་གིས།།

བདག་སེམས་བརླན་པའི་མྱ་ངན་ཁུར་པོ་དེ།།

ཅིས་ཀྱང་འཁུར་དགོས་ལས་འབྲས་ཁོ་ནར་གསལ།།

 

དགུན་ཟླ་བཅུ་བའི་མཆེ་བའི་ཉིན་སྲིབ་ལ།།

ཁ་བའི་འཚུབ་མ་འཁོར་བའི་ཞོགས་པ་དེར།།

ཚིག་གི་མགོ་རྐང་བསྒྲིག་པའི་ཆུ་མིག་དེ།།

ད་དུང་བདག་གི་སེམས་སུ་འཛུམ་ནས་འདུག།

 

སློག་པ་མཐའ་ཤན་ཅན་གྱི་གོང་ཁ་ནས།།

བབ་ཆགས་ཚིག་གི་སྒྲོག་གུ་གྲོལ་བ་དེ།།

གསང་གཏམ་ཚིག་ཏུ་མི་འགྱོ་བདེན་པ་རུ།།

ང་ཡི་ལུས་ངག་ཡིད་གསུམ་སྦངས་ནས་འདུག།

 

ཐོག་མའི་ཞབས་རྗེས་ཁ་བའི་འདབ་མ་རུ།།

ག་ལེར་བཀོད་པའི་ཟིན་ཐོ་དངོས་མ་ཞིག།

བདག་སེམས་ཤོག་དཀར་ངོས་སུ་ཤིན་ཏུ་གསལ།།

རྣ་བའི་དཔྱིད་དུ་དྲིལ་བུའི་སྒྲ་བཞིན་འཇེབས།།

 

སྣང་བའི་ལག་པ་གཉིས་ཀྱི་ཡལ་ག་རུ།།

གཟུངས་འཛིན་ཚིག་གི་དྲིལ་བུ་དཔྱངས་པ་དེས།།

དབེན་པར་བཀབ་པའི་འདུ་ཤེས་རླུང་བུའི་སྒྲ།།

ག་ལེར་ལྡང་བས་སྙིང་ཁམས་སོ་སོར་འཁྱུད།།

 

ཉི་མ་སྤྲིན་པའི་གྲིབ་མས་བསྒྲིབས་ན་ཡང་།།

སྐད་ཅིག་རླུང་གིས་བདས་པའི་མཐའ་རུ་ཟད།།

བདག་གི་འདུ་ཤེས་བཙོན་དུ་བཅུག་ན་ཡང་།།

བག་ཆགས་རླབས་ཀྱིས་དེད་ན་གཡོ་སྐྱོམ་དྲག།

 

ཚོད་འཛིན་རྟ་ཕོའི་བང་ཁ་མ་ཐུབ་པས།།

འདོད་པའི་སྤང་ལ་རྨིག་བཞིས་འཁོར་ལོ་བསྐོར།།

ཡིད་འགྱུར་གོམ་པས་འཐག་པའི་དྲན་པའི་མཁའ།།

དྲ་བ་དྲ་ཕྱེད་རྣང་མས་བཀང་ཞིང་ལྟེམས།།

 

གཅེས་སེམས་ཉི་མའི་འོད་ཀྱིས་ལེགས་བཀྲུས་པའི།།

དམར་པོ་སྙིང་གི་ཤ་མོ་ཟུང་དུ་བཞད།།

སེར་ཤའི་མདངས་ཀྱི་བརྒྱན་པའི་ཡིད་ཁམས་ལ།།

ནག་ནོག་དྲི་མ་འགོས་ཐབས་ག་ལ་ཡོད།།

 

དུས་དང་ལས་དང་འཚོ་བའི་གནས་ལུགས་ཀྱིས།།

ངག་གི་བདེན་པ་མཐར་ཐུག་མ་འཁྱོལ་ཡང་།།

ཡིད་ཀྱི་ཁམས་སུ་བཏབ་པའི་ཟིན་བྲིས་དེར།།

རིན་དོད་བསྐལ་བའི་མཐའ་ལ་ཉར་དགོས་ཡོད།།


 སྤྲིན་པ་དང་འདྲ་བའི་སྐད་ཆ་དག

ཀྱེ་ཕུར་མཆོག་གསུམ།


ཞོགས་པའི་དྭངས་གཙང་རྙི་ལས་ཤོར་བ་དང་།།

ཁམས་ཀྱི་སྤྲིན་པ་དག་ཀྱང་རང་སར་ཞོགས།།

རྟེན་འབྲེལ་ཚིག་གི་འདབ་ལོ་སྙིང་ལ་འབུས།།

སྤྲིན་པ་ལྟ་བུའི་སྐད་ཆ་ཡིད་ལ་འཚང་།།

 

སེམས་ཀྱི་རླུང་བུ་ལྡང་ནས་གང་ལ་ཐལ།།

ཡིད་ཀྱི་འདམ་རྫབ་བཀྲུས་ནས་གང་དུ་དག།

ངག་གི་སྒྲིབ་པ་ཞི་བའི་དབྱིངས་སུ་ཤོར།།

སྤྲིན་པ་འདྲ་བའི་སྐད་ཆ་བདག་ལ་འཁྱུད།།

 

ཚིག་སྣེར་འོད་ཀྱི་དྲ་བ་སྟོང་དུ་འཁྱུད།།

ཚིག་སྐེད་དར་གྱི་མདུད་པ་སྟོང་གིས་ཐེབས།།

ཚིག་རྔ་གཡང་གི་རུ་མ་ཞོ་རུ་ཆགས།།

ཚིག་གི་བཅུད་འདི་ཡིད་ཀྱི་ཁྱེད་ལ་འབུལ།།

 

ནམ་མཁའི་སྤྲིན་པ་དཀར་པོའི་དྲ་རས་ཤིག།

གཙང་བོ་ཤག་སྒྲས་རྒྱུ་བའི་དྭངས་གཙང་གཅིག།

སྤང་ལྗོངས་སྔོན་མོའི་མེ་ཏོག་སྒྲོལ་མ་གཅིག།

ཡིད་ལ་བསྡུ་གསོག་བརྒྱབ་པའི་ནོར་གྱི་གཏེར།།

 

ཡིག་དྲུག་ངག་ལ་དྲངས་པའི་དྲིལ་བུའི་སྒྲ།།

བསྟན་བཅོས་བློ་ལ་ཉར་བའི་ཡིད་ཀྱི་གསོས།།

རླུང་བུའི་གཞས་ལ་གསན་པའི་ཚོར་བའི་རླབས།།

དྲོད་ལ་འཁྱིལ་བའི་དབྱངས་ཀྱི་ང་རོའོ།།

 

རྒོད་པོའི་གཤོག་སྣེར་བཏགས་པའི་དྲིལ་བུ་དེ།།

དབྱིངས་སུ་དཀྲོལ་བས་སྤྲིན་པ་ལྷས་སུ་འཁོར།།

སྤྲིན་གྱི་རུམ་ལ་ཉར་བའི་བསིལ་བའི་ཆུ།།

ཡིད་ལ་སིམ་པས་ངག་གི་ལོ་འདབ་རྒྱས།།

 

ཉི་མས་བཞུས་པའི་གངས་ཀྱི་རྔུལ་ཆུ་དེ།།

ཡིད་ཀྱི་སྣོད་ལ་ལྟེམས་པའི་རུ་མར་ཆགས།།

ལུས་ཀྱི་ལྷུ་རྐང་འཕྲོད་པའི་ཚིག་གི་འགྲོས།།

མཁའ་ཡི་སྤྲིན་པ་དཀར་པོའི་མདངས་ཀྱིས་ཕྱུག།

 

སྔོ་བསངས་ལམ་གྱི་མར་གྱི་ཁུག་པ་ན།།

སྐར་མའི་ཕྲེང་ཐག་ཆད་པའི་གཏམ་རྒྱུད་མོད།།

དེ་ལ་འཇུས་པའི་དོན་གྱི་དབྱངས་འགྲོས་ཤིག།

ཤ་དང་རུས་པའི་མཚམས་སུ་འཛུམ་གྱིས་ལུད།།

 

མཚན་མོའི་གསང་བ་རྒུམ་པའི་འུག་པ་ཚོ།།

འོད་ཀྱི་ཟེར་མས་བསྐྲད་དེ་དུར་དུ་སྦས།།

མཁའ་ལ་ཡན་པའི་སྤྲིན་པའི་ལུག་ཁྱུ་དེ།།

དྲན་པའི་སྤང་ལ་མུ་ཏིག་དོག་པར་ཆགས།།

 

སྤྲིན་པ་འདྲ་བའི་སྐད་ཆ་དེ་དག་གིས།།

ཡིད་ཀྱི་དབང་བོ་དར་གྱི་ཟོལ་དུ་གཡོས།།

འབྱུང་བཞིའི་ཆུ་མོ་སྐྱོམ་པའི་རྦ་རླབས་ལ།།

ང་རང་བསྐྱོན་ནས་ཕུགས་ཀྱི་ཡང་རྩེར་བསྙེག།


ཁྲེལ་རློམ་པ་ཅན་གྱི་འདང་ཆེན་རོགས།

ཀྱེ་ཕུར་མཆོག་གསུམ།


ཚིག་གི་རྐང་ལ་བསྙབ་ནས་ལོ་མང་འདས།།

དོན་གྱི་རིལ་བུ་བཙལ་ནས་ལོ་མང་འདས།།

འདང་གི་མངར་ཁ་གཞིབ་ནས་ལོ་ནང་འདས།།

ད་ནི་ཁྱོད་ལ་སེམས་ཤིག་སྟོན་རན་འདུག།

 

ཡ་ཆུང་གངས་སུ་སྨིན་པའི་ཚིག་གི་ཏོག།

དྲན་པའི་གཏིང་ལ་ཉར་བ་རྫུན་ཚིག་མིན།།

དམར་པོ་སྙིང་གི་གས་ཁར་བཏབ་པ་ཡི།།

བརྩེ་བའི་ས་བོན་སྨིན་པ་ཡག་རེར་ལྟོས།།

 

ཉི་མའི་མིག་ལས་འཐོར་བའི་འོད་ཀྱི་ཆུ།།

གདོང་གི་སྤང་ལ་སིམ་པའི་ཡོན་ཆབ་སྟེ།།

བ་སྤུའི་བུ་གར་འཚང་ནས་བསམ་གཞིག་གི།

འདབ་ལོ་སྙིང་ལ་འབུས་པ་ལེགས་རེར་ལྟོས།།

 

སྐར་མའི་འཛུམ་གྱིས་གཏོར་བའི་ས་བོན་དེ།།

དྲན་པའི་ལྡེབས་སུ་ལྷུང་བའི་སྒྲ་ཡང་འཇེབས།།

རྣ་བའི་དཔྱིད་དུ་གྲགས་པའི་ཐག་སྒྲ་དེས།།

སེམས་ཀྱི་བདེ་བ་དྲོན་མོ་ཇ་རུ་སྐོལ།།

 

ཞེ་འདང་འོ་ཇའི་མངར་ཁའི་མེ་དྲོད་ལ།།

འུ་གཉིས་མཉམ་དུ་བསྲེས་པའི་གླུ་སྒྲ་འཇེབས།།

འབྱུང་བཞིའི་རྩ་ལམ་ཚོར་བས་དེད་ཤུལ་དུ།།

དགོད་སྒྲའི་རྟ་ཕོ་བང་གིས་རྒྱུགས་ནས་སོང་།།

 

མཚན་མོ་ཟླ་བ་བགད་པའི་ཤག་སྒྲ་དེར།།

རྣ་བའི་གཏད་སོ་ནོར་བ་ག་ལ་ཡིན།།

སྐར་མའི་གདང་ཐག་ཆད་པའི་མིག་ཆུ་ཡིས།།

ང་ལ་བསམ་གཞིག་ལྗང་མྱུག་འགའ་ཤས་སྐྱེས།།

 

འདང་ལ་རྩི་སྒོ་མེད་པ་མ་ཡིན་དེ།།

ལས་གྱི་ཁ་དོག་ནོག་པའི་ཆོས་ཉིད་ཀྱིས།།

ཕུགས་བསམ་ཉི་ཟླའི་རྒྱུ་ལམ་མི་གཅིག་པ།།

སུས་ཀྱང་དྲན་པའི་མཁའ་ན་གསལ་གསལ་ཡིན།།

 

འཆར་ནུབ་རྒྱུ་བ་སྙོམས་ཐབས་མི་འདུག་པ།།

སེམས་ཀྱི་གསང་བའི་ཆ་ཞིག་ག་ལ་ཡིན།།

ཡིད་ཀྱི་ཁ་དོག་གཞན་གྱིས་མི་རིག་པ།།

འཚོ་བའི་ཤོག་དཀར་ནོག་པའི་སྔོན་འགྲོར་ངེས།།

 

དྲན་པའི་ལ་གཞས་ཚིག་གི་མདངས་ལ་ཆགས།།

ཚིག་གི་གོ་བ་དྲན་པའི་མཁའ་ལ་འཕགས།།

འདི་བཟུང་དེ་ཤོར་ཚིག་གི་ཉིང་བཅུད་ནས།།

ད་ནི་ཅི་ཞིག་བཟུང་ནས་གང་ཞིག་གཏོང་།།

 

ལས་ཀྱིས་བསྐོས་པའི་རི་མོ་ནོག་པ་མིན།།

ཆོས་ཉིད་བདེན་པའི་ཁ་དོག་སེམས་སུ་གསལ།།

དམར་ཆུང་སྙིང་གི་འཕར་ལྡང་འཇགས་པ་མིན།།

ལོ་ཟླས་བཞག་པའི་བར་ཐག་སྙིང་ལ་ལྷུང་།།

 

མཛུབ་མོའི་རྩེ་རུ་བགྲང་བའི་དྲན་གདུང་དེས།།

ཡིད་ཀྱི་ཟླ་བའི་མདོག་ཀྱང་མོག་པོར་བསྒྱུར།།

བསམ་གཞིག་སྐར་མའི་ལྷེམ་པའི་མིག་ཟུང་དུ།།

ཁྲེལ་གཞུང་ལག་ཟུང་བརྐྱངས་པ་ཁོ་བོས་མཐོང་།།

 

ལས་རླུང་ཤིག་ཤིག་ལྡང་བའི་ལྗོན་གསེབ་ཏུ།།

མྱི་ཁའི་ཁྲ་ཡིས་བདས་པའི་བྱེའུ་ཆུང་ཞིག།

ཕྱི་མིག་འཇོལ་མོར་ཆགས་པའི་འཁྲེང་སེམས་ཀྱིས།

རང་སེམས་ཚེར་མར་བསྐྱོན་པ་རྫུན་གཏམ་མིན།།

 

རེས་སུ་འཁོར་བའི་དུས་ཀྱི་གས་ཁ་ནས།།

འདྲེན་བྱེད་ནམ་མཁའི་ཁྱོན་ལ་སྨུག་སྤྲིན་འཐིབས།།

དྲན་པའི་ཡུ་མོ་རྔོན་པའི་མདའ་ཡིས་རྨས།།

འཚོ་ལམ་གཙང་ཆུའི་རྒྱུ་བ་འདམ་གྱིས་སྦགས།།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

6846465456.jpg   

     ཀྱེ་ཕུར་མཆོག་གསུམདུ་འབོད་པའི་ཁོ་ནི་ལོ་རབས་བརྒྱད་ཅུའི་སྟོད་ལ་མདོ་སྨད་མང་ར་རྫོང་གི་ཐར་ཤུལ་ཡུལ་ཚོར་འབོད་པའི་འབྲོག་སྡེ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་མཆེད་དེ་མི་ཡུལ་གྱི་མགྲོན་པོར་གྱུར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་བརྒྱུད་དེ་ད་ལྟ་མདོ་ལྷོའི་འབྲོག་སྡེ་ཆེན་མོ་རྨ་ཆུ་རུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་ཀྱིན་ཡོད།ལས་ཞོར་དུ་རང་གི་དགའ་མོས་ཀྱི་ལྟག་ཆུ་ཆད་དུ་མ་བཅུག་པར་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་ལུག་ཁྱུ་འཚོ་མཁན་གྱི་རྫི་བོ་དཀྱུས་མ་ཞིག་ཏུ་གྱུར་ཏེ་ད་ལྟའི་བར་དུ༼སྦྲང་ཆར༽༼གངས་རྒྱན་མེ་ཏོག༽༼མཚོ་སྔོན་མང་ཚོགས་སྒྱུ་རྩལ༽༼གངས་ལྗོངས་རིག་གནས༽༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽༼བོད་ལྗོངས་སློབ་གསོ༽༼གངས་རྒྱན་ན་ཆུང་ཚགས་པར༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽༼ཟླ་ཟེར༽སོགས་སུ་ལྷུག་རྩོམ་དང་བཅད་རྩོམ་གཙོས་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བཀོད་མྱོང་། ཉིས་སྟོང་གསུམ་ལོར་གངས་རྒྱན་ན་ཆུང་ཚགས་པར་གྱིས་སྤེལ་བའི་བོད་ཁམས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་གསུམ་པ་ཐོབ། ཉིས་སྟོང་བཅུ་ལོར་ཟི་ཁྲོན་ཞིང་ཆེན་གྱི་མཐུ་སྟོབས་རྡོ་རྗེ་རྟགས་མའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།